སྟག་རི་དགོན་ཐིས་པ་བཀྲ་ཤིས་ཆོས་རྫོང་།
༄༅། །སྟག་རི་དགོན་ནི་ཁྲི་ཀའི་ཡུལ་གྱི་རྒྱ་བོད་ཧོར་གསུམ་གྱི་དུད་ཁྱིམ་ཆིག་ཁྲི་བདུན་སྟོང་ལྷག་ཙམ་གནས་པའི་རྒྱ་མཁར་རྙིང་བའི་ལྷོ་ཕྱོགས་སུ་ལྷུན་ཆགས་པར་གནས་ཤིང་། དགོན་པའི་འདབས་ཞོལ་དུ་འཕྲང་དམར་དང་རྒྱལ་རོལ་གྱི་ཆུ་བོ་གཉིས་འབབ་ཀྱིན་ཡོད། དེ་ཡང་རབ་སོར་ཤིང་ཡོས་ལོའི་སྔོན་ཙམ་ལ་སྤང་རྟོགས་ཡོན་ཏན་གྱི་མཛོད་ལ་མངའ་བརྙེས་པ། ཞྭ་སེར་ཅོད་པན་འཆང་བ་དགེ་ལྡན་བསྟན་པའི་དཔུང་གཉེན་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སྐུ་གོང་མ་འཁྲུངས་གཞིས་འགག་ཟའི་ཨར་རྐོང་ཕྱོགས་སུ་ཆིབས་བསྒྱུར་གནང་སྟེ་སྟག་རི་གྲོང་དུ་བཞུགས། རྒྱབ་རི་གླང་ཆེན་འགྱིང་འདྲའི་འདབས་ཞོལ་མཐར་མགོའི་གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་ཀླུ་ཐུལ་སྐེ་རུ་གྲགས་པའི་ས་དེར་བཀྲ་ཤིས་པའི་རྟགས་མཚན་དུ་མས་བརྒྱན་པ་གཟིགས་ཏེ་ཞབས་ཀྱིས་བཅགས་ཤིང་། དགེ་འདུན་གྱི་སྡེ་ཞིག་གསར་དུ་འདེབས་པར་དགོངས་པ་ན། སྟག་རི་བླ་མས་ནུབ་ཅིག་རྡོ་ནང་དུ་གྲགས་པའི་ལུང་སིལ་ནས་ཕ་བོང་ཆེན་པོ་ཞིག་ཕར་ལྕག་གིས་དྲིལ་ཏེ་མདུན་གྱི་རི་ངོས་སུ་བསྐྱལ་བ་ད་ལྟའང་ཡོད་པར་བརྟེན། ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་ཐུགས་དགོངས་ལ་ད་རྟེན་འབྲེལ་ཅུང་ལོག་ཀྱང་གང་ལྟར་དགོན་པ་རྒྱག་དགོས་དགོངས་ནས་བཞུགས་པའི་མཚན་གཅིག་ལ། སྟག་རི་བླ་མས་གྲོང་ཤོག་ཁ་གསུམ་གྱི་རྒན་གཞོན་ཕོ་མོ་ཐམས་ཅད་ལས་ལ་བསྐུལ་ཏེ་མཚན་ཐོག་ཏུ་དགོན་གནས་དེའི་ཤར་གྱི་ཕྱོགས་སུ་མཆོད་རྟེན་ཆེན་པོ་སའི་ཕུང་བོར་སྤུངས་པ་ཞིག་བརྩིགས་པར་གྲགས་པ་དང་། ལ་ལས་སྟག་རི་བླ་མས་རྫུ་འཕྲུལ་གྱིས་མཆོད་རྟེན་ཞིག་ཤར་ཕྱོགས་སུ་བྱུང་བས་སྐབས་དེར་དགོན་པ་འདེབས་མ་ཐུབ་པར་གྲགས་ལ། ད་ལྟ་གནས་དེར་བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེའི་ལུང་བསྟན་ལྟར་འབུམ་ཁང་ཆེན་པོ་ཞིག་བརྒྱབ་ཡོད། རབ་སོར་མེ་འབྲུག་ཕྱི་ལོ་༡༦༡༦ལོའི་ཡས་མས་ཙམ་ལ་སྟག་རི་བླ་མས་ད་ལྟའི་དགོན་པའི་གཡོན་མདུན་རྐ་མགོ་ནང་དུ་ཐོགས་པའི་གནས་སུ་འདུ་ཁང་ཆུང་བ་ཞིག་གསར་བཞེངས་མཛད་དེ་སྟག་རི་གྲྭ་ཚང་བཏབ། སྟག་རི་བླ་མ་སྐབས་དེར་ས་དེ་གའི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་པས་དུས་ཡུན་ཤིན་ཏུ་ཐུང་བའི་ནང་དུ་དགེ་འདུན་གྱི་ཞལ་གྲངས་བཅུ་ཕྲག་གསུམ་སླེབས་ཤིང་། ལོ་ལྟར་ཆོས་ཐོག་ཆེན་པོའི་སྐབས་སུ་སྟག་རི་ཚོ་བ་དྲུག སྒྱོམ་དམེ་ཀྱ་བཅས་ཁྲེ་རྩེ་སྣ་ཁ་ཡན་ཆད་ཀྱི་རབ་བྱུང་གི་སྡེ་ཡོད་དོ་ཅོག་གྲྭ་ཚང་འདིར་ཕེབས་དགོས་ཤིང་། གྲོང་ཤོག་ཁ་གསུམ་གྱི་གྲྭ་མང་ལ་མང་འགྱེད་གཏོང་དགོས་པར་གྲགས་སོ། །
དེ་ཡང་སྟག་རི་བླ་མ་ནི་རྟེན་དགེ་བསྙེན། མངོན་ཤེས་དང་རྫུ་འཕྲུལ་ལྡན་པ། གྲུབ་པ་བརྙེས་པ། འཇིག་རྟེན་ཟང་ཟིང་གི་ཡོ་ལང་ཆར་ལྟར་བསྙིལ་ཀྱང་འཕྲལ་དུ་གཞན་ལ་གཏོང་བ། སྐུ་ཚེ་གང་བོར་རྣམ་དཀར་དགེ་བའི་ལས་ཁོ་ནར་ཐུགས་གཞོལ་བ་ཞིག་ལགས་པས་གང་ཟག་རང་ག་བ་ཞིག་མིན། ཀོའུ་བ་ཆོས་ཀྱི་རྒྱ་མཚོར་བཀྲ་མི་ལེགས་པའི་རྩིང་སྤྱོད་མང་དུ་བསྟན་ཏེ་གནས་དེར་དགོན་པ་འདེབས་པའི་བར་ཆད་བཟོས་པ་ཡང་དུས་ཕྱིས་དགོན་སྡེ་གྲོང་གི་དཀྱིལ་དུ་ཐིམས་པའི་མ་འོངས་གསལ་རྗེན་དུ་གཟིགས་པའི་རྟགས་མཚན་དུ་འགའ་ཞིག་གླེང་བ་ཡང་དོན་ལ་བདེན་པར་སེམས། གཞན་ཡང་འཇིག་རྟེན་དབང་ཕྱུག་ཕྱག་ན་རྡོ་རྗེ་དེ་མཐུ་སྟོབས་བདག་པོའི་གསང་བ་གསུམ་གྱི་ཡེ་ཤེས་ཀྱི་ཟློས་གར་ཟམ་མི་ཆད་པར་སྐྱེས་རབས་དུ་མར་མངོན་པར་གོམས་པའི་ཆོས་ཀྱི་བག་ཆགས་རབ་ཏུ་སད་བྱུང་། ཐུགས་བརྩོན་དང་མཁྱེན་རབ་ཤིན་ཏུ་གསལ་བས་ཡི་གེ་འབྲི་ཀློག་དང་། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་གསུང་རབ་དེའི་དགོངས་འབྲེལ་གྱི་བསྟན་བཅོས་ཆེན་པོའི་གཞུང་བཀའ་པོད་ལྔའི་དགོངས་དོན་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཚེགས་མེད་དུ་མཁྱེན་པ་དང་། ལྷག་པའི་ལྷ་མཆོག་ཡི་དམ་གསང་བདག་ཕྱག་ན་རྡོ་རྗེས་འབྲལ་མེད་རྗེས་སུ་བཟུང་ཞིང་། གངས་ཅན་འགྲོ་བའི་མགོན་པོ་ཕྱག་ན་པདྨོ་བཤེས་གཉེན་གར་གྱི་རྣམ་པར་རོལ་བ་༧ཀུན་གཟིགས་རྒྱལ་བོའི་དབང་བོ་གསུམ་པ་ཆེན་པོ་བསོད་རྣམས་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་གཙུག་མཛེས་པའི་རྒྱན་ཟབ་མོས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད། ལུང་རིགས་བརྒྱའི་ཕྲེང་བ་མངོན་པར་གཡོ་བའི་ལུང་རྟོགས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་དཔལ་སེ་ར་ཐེག་མཆོག་གླིང་དང་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་འགྲིམས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ཞིབ་ཏུ་གསན་གཉེར་མཛད་ཅིང་རྒྱུད་གྲྭར་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་ཐོས་བསམ་ཚུལ་བཞིན་གནང་ཞིང་། རིག་པའི་སྟོབས་བསྐྱེད། ཤེས་རབ་ཀྱི་སྒྲོན་མེ་བཏེགས། བརྩོན་པའི་གྲུ་གཟིངས་བསྟེན་ནས་མཁས་བཙུན་བཟང་གྲུབ་དང་འཆད་རྩོད་རྩོམ་གསུམ་ཕ་རོལ་ཏུ་ཕྱིན། ཡི་དམ་གྱི་ལྷ་དུ་མའི་ཞལ་མངོན་སུམ་དུ་མཇལ་ཞིང་ཆོས་སྐྱོང་རྣམས་བྲན་དུ་བཀོལ། ཡུལ་དབུས་ཀྱི་གྲུབ་གནས་དུ་མར་གདུལ་བྱའི་ཁམས་དང་མོས་པ་ཇི་བཞིན་གང་ལ་གང་འཚམ་གྱིས་བསྟན་འགྲོའི་དོན་འབའ་ཞིག་ལ་ཉིན་མཚན་ཁོར་ཡུག་ཏུ་གཞོལ་བའི་མུར། བླ་མ་དང་ཡི་དམ་གྱི་ལུང་བསྟན་ལས་བུ་ཁྱོད་ཀྱི་གདུལ་བྱ་མདོ་ཁམས་སྨད་དུ་ཡོད་ལ། དེར་སོང་ནས་མི་དང་མི་མིན་གདུག་ཅན་རྣམས་ཀྱང་ཆོས་ལ་འཁོད། དབེན་གནས་སོ་སོར་སྒྲུབ་པ་གཙོ་བོར་གྱིས་ཞེས་བཀའི་མེ་ཏོག་གི་ཕྲེང་བ་དྲི་མ་མེད་པ་ཉིད་ཀྱི་སྤྱི་བོར་གཏོར་བས་ལུང་བསྟན་ལྟར་མདོ་སྨད་དུ་བྱོན། ཐོག་མར་སློབ་དཔོན་པདྨ་སམྦྷ་ཝས་བོད་ཡུལ་གྱི་མཚོ་ཆེན་བཞིར་ཕྱག་རྗེས་བཞི་བཞག་པར་གྲགས་པའི་ནང་ཚན། བཀའ་གདམས་གླེགས་བམ་ལས། མཚོ་སྙིང་མ་ཧཱ་དེ་ཝའི་གནས་ཡིག་ཏུ། ། གང་གི་མཚོ་ཆེན་ཁྲི་ཤོག་རྒྱལ་མོ་ལ། ། ཕྱི་ནང་གསང་བའི་ཞིང་ཁམས་བསམ་མི་ཁྱབ། ། ཅེས་སོགས་ལུང་གིས་ཀླུ་བློན་བྱང་ཆུབ་སེམས་དཔའི་ཕོ་བྲང་མཚོ་ཁྲི་ཤོག་རྒྱལ་མོའི་སྙིང་རི་མ་ཧཱ་དེ་ཝའི་རི་ལ་སྒོམ་སྒྲུབ་མཛད། དུས་དེར་ཁོང་ལ་ན་བཟའ་དང་གསོལ་ཆས་ཤིན་ཏུ་བཀྲེན་ནའང་དཀའ་སྤྱད་ཀྱིས་ཉིན་རེར་རྩམ་པ་ཐུན་གསུམ་རེ་གསོལ་ཞིང་སྐུ་སྲོག་འཚོ་ཙམ་མཛད་དེ་བཀའ་གདམས་དམ་པ་གོང་མའི་རྣམ་ཐར་གཙང་མ་ལྷུར་བཞེས་སོ། །
དེ་ནས་རིམ་གྱིས་བོད་ཀྱི་མཁས་པ་མི་གསུམ་གྱི་བཞུགས་གནས་ཨ་ཆུང་གནམ་རྫོང་དང་། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་གནས་ལོ་རྡོ་རྗེ་བྲག་སོགས་སུ་ཕེབས་ནས་ཡུན་རིང་དབེན་པར་བསྟེན། སྔར་གྱི་ལུང་བསྟན་རྣམས་དུས་ལ་བབས་པར་དགོངས་ནས་ཁྲི་ཀའི་གསེར་ལྡན་འཛིན་མའི་ཁྱོན་ལ་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁ་རྣམ་པར་བཀོད་དེ་སྟག་རི་གྲྭ་ཚང་དུ་བཞུགས། ཁོང་ཉིད་སྐུ་ན་ཆུང་དུས་ནས་རྒྱུན་ཏུ་ཉམས་སྣང་དང་རྨི་ལམ་ཅི་རིགས་སུ་རི་གླང་ཆེན་འདྲ་བ་ཞིག་གི་མདུན་དུ་དགོན་ཆུང་ཞིག་འདུག་པ་ཡང་ཡང་ཤར། སྡེ་འདི་ཐོག་མར་གཟིགས་སྐབས་སྔར་ཉམས་སྣང་དུ་བྱུང་བའི་དགོན་པ་དེ་འདི་རང་རེད་སྙམ་པ་འཁྲུངས། གཞིས་བྱེས་ཀྱི་བླ་གྲྭ་སེར་སྐྱ་ཡོངས་ཀྱིས་སྤྱི་གཙུག་མཛེས་པའི་རྒྱན་དུ་བསྟེན་ཅིང་བཀའ་ཆོས་མང་དུ་ཞུས། ཞབས་ཏོག་ཐུགས་དགྱེས་པ་འབའ་ཞིག་ཞུས་པས་ཤིན་ཏུ་མཉེས་པར་མཛད། ཀླུ་གདུག་ཅན་མང་པོ་དམ་ལ་བཏགས་ཤིང་གྲྭ་ཚང་གི་འདུལ་ཁྲིམས་དག་ཐེར་གནང་བས། སྟག་རི་བླ་མས་ཁོང་བླ་མ་གཞན་དང་མི་འདྲ་བར་མཐོང་སྟེ་གྲྭ་ཚང་དང་བཅས་པ་ཁོང་ལ་ཕུལ་བར་བརྟེན། ཁོང་གྲྭ་ཚང་འདི་ཕྱོགས་སུ་བགྲང་བྱ་བཅུ་ཕྲག་གི་རིང་ལ་གཏན་བཞུགས་གནང་ཞིང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཐའ་ཁྱབ་ཏུ་སྤེལ་བ་ལ་ཐུགས་གཅིག་ཏུ་གཞོལ། ཕྱིས་ད་ལྟའི་དགོན་པའི་རྒྱབ་རི་ངོས་སུ་རང་བྱུང་ཕུག་པ་ཞིག་ཡོད་པ་དེར་བཅད་རྒྱ་དམ་པོ་མཛད་ནས་ཉིན་མཚན་དུས་དྲུག་ཏུ་སྒྲུབ་པ་སྙིང་བོར་མཛད། མཐར་གནས་དེར་རབ་དྲག་མེ་གླང་ཕྱི་ལོ་༡༦༣༧ལོའི་ཡས་མས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་རེ་ཞིག་བཅོམ་ལྡན་གསང་འཛིན་རྡོ་རྗེ་ཕོ་བྲང་དུ་གཤེགས་ཤིང་། ཞལ་ཆེམས་ལྟར་ཀླུ་གདུག་ཅན་རྣམས་ཀྱི་ཁ་གནོན་དུ་སྐུ་དམར་གདུང་རིལ་བོ་སའི་འབྱུང་གཞིར་བསྔོས། སྐུ་ཕྲེང་གཉིས་པ་བློ་བཟང་ཉི་མ་ཡང་སྒྲུབ་གནས་འདིར་ཡུན་རིང་བཞུགས། ཕྱིས་གྲུབ་པའི་དབང་ཕྱུག་ཆེན་པོ་ནག་པོ་སྤྱོད་པའི་རྣམ་འཕྲུལ་བེ་རིའི་གྲུབ་ཆེན་བློ་བཟང་སྙན་གྲགས་ཀྱིས་ཕུག་པ་རྒྱ་བསྐྱེད་དེ་ཡུན་རིང་བཞུགས་ཤིང་གྲུབ་པའི་རྟགས་མཚན་མང་དུ་བསྟན་པའི་རྣམ་ཐར་འོག་ཏུ་འཆད་འགྱུར་ལྟར་ཡིན་པས། ས་དེ་གའི་མིས་བ་རིའི་སྐུ་གདུང་ཡང་དེར་བཞུགས་པར་བཞེད་པ་ཡོད་ཀྱང་། ཁུངས་དང་ལྡན་པ་ནི་སྔ་མ་ལྟར་ཡིན་ཞེས་བླ་མའི་གསུང་སྒྲོས་ལས་ཐོས་སོ། །
ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཞེས་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་རྣམ་སྤྲུལ་མདོ་རྒྱུད་བསྟན་པའི་དབང་ཕྱུག་ལྷོ་བྲག་གྲུབ་ཆེན་སེང་གེ་རྒྱལ་མཚན་ཞེས་པ་སྟག་རི་གྲྭ་ཚང་དུ་བཞུགས་པས་ཐིས་པ་སྐུ་ཕྲེང་དང་པོར་བགྲངས། རྣམ་ཐར་རགས་ཙམ་གོང་དུ་བརྗོད་ཟིན་པ་ལྟར་ཡིན་ལ། སྐུ་ཕྲེང་གཉིས་པ། མདོ་རྒྱུད་བསྟན་པའི་དགོངས་དོན་ངེས་སྟོབས་རིགས་པས་འབྱེད་ལ་གཞན་དྲིང་མི་འཇོག་པའི་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ལྕང་སྐྱ་ཧུ་ཐོག་ཐུའི་བཀའི་དྲུང་ཡིག་ཆེན་མོ་རྗེ་བཙུན་དམ་པ་བློ་བཟང་ཉི་མ་ནི། ཁྲི་ཀའི་མི་ཉག་མཆོད་རྟེན་དཀར་པོའི་ལྷོ་ཕྱོགས་སྟག་རི་སྡེ་བར། དགུ་རོང་མཐིལ་ལས་ས་སྐྱ་འཁོན་གྱི་གདུང་རྒྱུད་ལས་མཆེད་པའི་དུད་ཁྱིམ་གཅིག་རྐྱེན་དབང་གིས་ཡུལ་བཤོལ་ཏེ། སྡེ་འདིར་གནས་སྤོས་པའི་རིགས་ལས་བྱུང་བའི་ཁྱིམ་གཞི་མཐིལ་བའམ་ཐིས་པ་ཚང་ཟེར་བ་ཞིག་ཏུ། རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཡུམ་གཉིས་རང་བཞིན་གྱིས་དགེ་ལ་གཞོལ་བ། ཡིད་དྲང་ཞིང་བསྟན་ལ་གུས་པ་ཞིག་གི་སྲས་སུ་རབ་དྲག་ས་སྟག་ཕྱི་ལོ་༡༦༣༨ལོའི་ཟླ་ཚེས་དགེ་བར་ངོ་མཚར་བའི་ལྟས་བཟང་དུ་མ་དང་ཆབས་ཅིག་སྐུ་བལྟམས། འཁྲུངས་མ་ཐག་ནས་སྐུ་ཤ་དྭངས་ཤིང་བག་ཕེབས་པ། མི་སུས་མཐོང་ཡང་མ་དགའ་བ་མེད་པ་ཞིག་དང་། སྐུ་གཞོན་ནུའི་དུས་ནས་དགེ་བའི་ལས་ལ་གཞོལ་བ་ཞིག་ཡིན་པས། བླ་མ་དུ་མའི་ལུང་བསྟན་ལྟར་ལྷོ་བྲག་གྲུབ་ཆེན་སེང་གེ་རྒྱལ་མཚན་གྱི་སྐུའི་ཡང་སྲིད་དུ་ངོས་འཛིན་གནང་། མཁན་སློབ་གྲངས་ཚང་བའི་མདུན་རབ་ཏུ་བྱུང་སྟེ། མཆོག་གསུམ་ལ་དད་པ་དང་། ཆེས་གསལ་ཟབ་ཀྱི་ཤེས་རབ་རྣམ་བཞི་མེ་ལྟར་འབར་བས་ཡི་གེ་འཕྲལ་སྦྱོར་ཀློག་དང་ཐ་སྙད་རིག་པའི་གནས་རྣམས་བརྩོན་པའི་མཐུ་མ་བསྟེན་པར་ཚེགས་མེད་དུ་མཁྱེན། དེ་ནས་རིང་བོ་མ་ལོན་པར་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཆུ་བཟང་དགོན་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་དུ་ཕེབས་བཞུགས་གནང་སྟེ་ཐུགས་ཀྱི་བུམ་བཟང་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཡོངས་སུ་གཏམས་པར་མཛད་པ་དེའི་ཚེ་བདག་ཉིད་ཆེན་པོ་དེས་འདི་སྙམ་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དེའི་ལས་སུ་བྱ་བ་ནི་གཉིས་ལས་མ་འདས་ལ། དེ་ལས་ཀྱང་ཐོག་མར་གང་ལས་སུ་བྱ་བ་ནི་བཤེས་གཉེན་མཁས་པའི་དེད་དཔོན་ལ་བརྟེན་ནས་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་དེ་ཉམས་སུ་ལེན་བྱའི་འཇུག་ལྡོག་སྤང་བླང་གི་གནས་མཐའ་དག་ཚུལ་བཞིན་ཁོང་དུ་ཆུད་པ་ལ་འབད་དགོས་པར་དགོངས་ཤིང་། བླ་མས་བཀས་ཀྱང་བསྐུལ་བར་བརྟེན། རྐྱེན་གང་གིས་ཀྱང་བཟློག་མ་ནུས་པར་དབུས་གཙང་དུ་བསྐྱོད་དེ་འབྲས་སྤུངས་ཆོས་སྡེ་ཆེན་པོའི་གྲྭར་ཞུགས། མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཤིང་། ཁྱད་པར་དུ་༧ཀུན་གཟིགས་ལྔ་པ་ཆེན་མོ་དང་། བཀའ་ཆེན་སྨོན་ལམ་དཔལ་འབྱོར་སོགས་བླ་མར་བསྟེན་ཚུལ་ཐུའུ་བཀྭན་གསུང་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་གདམས་པའི་བླ་རྒྱུད་དུ་གསལ། ཤེས་རབ་ཀྱི་གོ་ཆ་བཙན་པོ་གྱོན་ནས་རྣོ་ངར་མི་ཟད་པའི་ཤེས་རབ་ཀྱི་མཚོན་ཆ་ཡུན་རིང་བསྟེན་པས། རྒྱན་དྲུག་མཆོག་གཉིས་དང་། འཇམ་མགོན་བླ་མ་ཡབ་སྲས་སོགས་ཕགས་བོད་མཁས་གྲུབ་དུ་མའི་གསུང་གི་ནོར་བུའི་དཀོར་མཛོད་འཆད་རྩོད་རྩོམ་གསུམ་གྱིས་འགྲོ་བ་དང་བསྟན་པའི་དོན་ལ་མངའ་མཛད་ཅིང་བཀའ་བཅུ་པའི་མཚན་རྟགས་བླངས། མཁས་པའི་བྱ་བ་གསུམ་གྱིས་འགྲོ་བ་དང་བསྟན་པའི་དོན་ལ་ཐུགས་གཅིག་ཏུ་གཞོལ་བའི་སྐབས་ཤིག་ལ། བླ་མའི་ལུང་བསྟན་ལྟར་ཕྱིར་མདོ་སྨད་རང་དགོན་སྟག་རི་གྲྭ་ཚང་དུ་ཆིབས་ཞལ་བསྒྱུར། ཁོང་ཉིད་ཡོན་ཏན་རིན་པོ་ཆེའི་མཛོད་ལ་མངའ་བརྙེས་ཀྱང་རྒྱགས་པ་དང་ཁེངས་པ་ཅུང་ཙམ་ཡང་མེད་པར་ཟབ་མོར་རྟེན་འབྱུང་གི་དོན་ལ་ཡང་ཡང་དཔྱད་འཇོག་གིས་ཐུགས་འདྲེས་པར་མཛད་ཅིང་། ཐོས་པས་སྒྲོ་འདོགས་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བླངས་ནས་མདོ་དབུས་ཀྱི་དགེ་བའི་བཤེས་གཉེན་མང་པོ་དང་། སྒོས་སུ་ལ་མོ་གྲགས་པ་རྒྱ་མཚོ། ཞྭ་དམར་ངག་དབང་འཕྲིན་ལས། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སོགས་མཚན་ལྡན་གྱི་བཤེས་གཉེན་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ་དབང་ལུང་རྗེས་གསུམ་དང་ཆོས་བཀའ་མང་དུ་ཞུས། འཆད་པས་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད། རྩོད་པས་ཕས་རྒོལ་གྱི་སྨྲ་བ་ངན་པ་ཕྱེ་མར་བཏགས། རྩོམ་པས་མཁས་རྒུའི་རེ་བ་ཡོངས་སུ་བསྐངས་ཏེ་གསུང་རྩོམ་པོད་གསུམ་བཞུགས་པར་གྲགས་ཤིང་། བླ་མའི་ལུང་བསྟན་ལྟར་སྟག་རི་གྲྭ་ཚང་ད་ལྟའི་དགོན་གནས་འདིར་གནས་སྤོས་ཏེ་ཐིས་པ་བཀྲ་ཤིས་ཆོས་རྫོང་ཕྱག་འདེབས་མཛད། དེ་ནས་དགོན་ལུང་བྱམས་པ་གླིང་དུ་ཕེབས་ནས་ཐུབ་བསྟན་ཡོངས་ཀྱི་དབང་ཕྱུག་ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་ཞབས་ལ་གཏུགས་ཤིང་བཀའི་དྲུང་ཡིག་མཛད། ལྕང་སྐྱ་ཧུ་ཐོག་ཐུ་རྒྱ་ནག་ཏུ་བསྐྱོད་དེ་མཉྫིའི་གོང་མ་ཆེན་པོས་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་མཛད་ཅིང་ཏཱ་ཀོོ་ཤྲིའི་ལུང་ལས་ཆབ་སྲིད་ཆེན་པོའི་བླ་མར་བཀུར་བའི་སྐབས་སུ། བདག་ཉིད་ཆེན་པོ་འདི་བ་ལྕང་སྐྱ་རིན་པོ་ཆེའི་སྐུ་དྲུང་བཅར་བཞུགས་གནང་ཞིང་། ཁོང་གི་མཁས་བཙུན་བཟང་གྲུབ་དང་འཆད་རྩོད་རྩོམ་པའི་ཡོན་ཏན་གྱིས་གོང་མའི་ཐུགས་རྒྱུད་དྲངས་པས། གོང་མས་ཀྱང་ཨེར་ཏི་ནི་བློ་བཟང་ཉི་མ་ཞེས་མཚན་གྱིས་གཟེངས་སུ་བསྟོད་ཅིང་། གསེར་གྱི་བཀའ་ཤོག་དང་། ཐམ་ག གསེར་གྱི་འབྲུག་རིས་དགུས་བསྐོར་བའི་ཡིག་བྱང་ཆེ་བ་གཅིག
བཻཌཱུརྱའི་གསོལ་ཕོར་བྱུ་རུའི་སྡོང་བོ། གཡང་ཊིའི་གསོལ་སྡེར། གསེར་ཟངས་ཀྱི་སྤོས་ཕོར་ཁྲུ་གང་ཙམ་ཡོད་པ་ཞབས་མཐིལ་དུ་གསེར་འབྲུག་ཁ་སྤྲོད་ཀྱི་ནང་གོང་མའི་མཚན་ཡིག་ཡོད་པ་ཅན། འབྲུག་རིས་ལྔས་བསྐོར་བའི་ཡིག་བྱང་ཆུང་བ་གཉིས་གཙོས་པའི་དངོས་ཟོང་གྱ་ནོམ་པའི་བདག་རྐྱེན་བླ་ན་མེད་པ་བསྩལ་ཅིང་། སོག་ཡུལ་དང་ཁུ་རིའི་ཕྱོགས་སུ་བཀས་མངགས་གཏོང་མཛད་དེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་གྲགས་སོ། །
དེ་ནས་རི་བོ་རྩེ་ལྔར་གནས་མཇལ་གནང་སྐབས་འཇམ་པའི་དབྱངས་ཀྱི་ཞལ་དངོས་སུ་གཟིགས་ཏེ་རྗེ་བཙུན་བསྟན་པའི་འཁོར་ལོའི་བསྟོད་པ་ཞིག་ཀྱང་ལྗགས་རྩོམ་མཛད། མཆོག་གསུམ་གྱི་རྟེན་ལ་མཆོད་འབུལ་དང་། དགེ་འདུན་ལ་བསྙེན་བཀུར་བླ་ན་མཐོ་བ་བཏེགས། རྒྱ་ནག་ནས་ཕྱིར་ཕེབས་སྐབས་ལྕང་སྐྱ་རིན་པོ་ཆེས་ཁོང་ལ་གསེར་གྱི་ཆོས་འཁོར་ཁྲུ་གང་བ་མུ་ཏིག་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་དང་། སྐུ་རྟེན་དུ་ལྕང་སྐྱ་རིན་པོ་ཆེའི་གསུང་འབུམ། ཐུགས་རྟེན་དུ་ལྕང་སྐྱ་རིན་པོ་ཆེའི་ཕྱག་དྲིལ། གསེར་ཟངས་ཀྱི་བཀའ་གདམས་མཆོད་རྟེན། ཙན་དན་དམར་པོའི་བདེ་གཤེགས་མཆོད་རྟེན་བརྒྱད། གཞན་ཡང་རྟེན་སྐལ་མང་པོ་དང་ན་བཟའ། བཀའ་ཤོག་གཉིས་བཅས་དང་། ཐོས་བསམ་སྒོམ་པའི་བློ་གྲོས་ཡོངས་སུ་གསལ། ། མཁས་བཙུན་བཟང་བོའི་འཕྲིན་ལས་ཕྱོགས་བཅུར་རྒྱས། ། འཆད་རྩོད་རྩོམ་ལ་སྨྲ་བའི་ཉི་མ་མཆོག ། བློ་བཟང་ཉི་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་སོགས་དྲང་སྲོང་བདེན་ཚིག་གྲུབ་པའི་བཀྲ་ཤིས་དབྱངས་ཀྱི་དབྱར་སྐྱེས་རྔ་གསང་གིས་རབ་ཏུ་བསྟོད་ཅིང་། དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་ཞེས་གསོལ་ཞིང་མཚན་བྱང་ཆེན་པོ་ཞིག་ཀྱང་གནང་སྟེ་གཟིགས་པ་རྒྱ་ཆེར་མཛད། དགོན་ལུང་དགོན་པའི་འདུ་ཁང་རབ་གསལ་དུ་བློ་བཟང་ཉི་མའི་བཞུགས་ཁྲི་ཞིག་ཀྱང་ཡོད་པར་གྲགས། སྐབས་དེར་རྒྱ་ནག་ནས་གདན་དྲངས་པའི་ལྷ་རྟེན་གང་བཞུགས་བརྗོད་འགྱུར་ལྟར་དང་། རང་དགོན་བཀྲ་ཤིས་ཆོས་རྫོང་ལ་གཟིགས་སྐྱོང་ལེགས་པར་མཛད། གཞན་ཡང་སྐུ་འབུམ་དང་བྱ་ཁྱུང་། ཆུ་བཟང་དང་རོང་བོ་དགོན་ཆེན་སོགས་སུ་ཕེབས་ཏེ་དགོན་སྡེ་མང་པོར་བསྙེན་བཀུར་དང་། བསྒྲུབ་བྱ་མང་པོར་སོ་ཐར་གྱི་སྡོམ་པ་ལེགས་པར་བསྩལ་ཏེ་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལ་བཀོད། སྐལ་ལྡན་གྱི་གདུལ་བྱ་མང་པོར་དབང་ལུང་རྗེས་གསུམ་གྱི་ཆོས་རྒྱུན་དཀོན་པོ་མང་དུ་བསྩལ། རོང་འབྲོག་བར་གསུམ་གྱི་ཡུལ་གྲུ་སོ་སོར་མ་ཎི་དང་སྨྱུང་གནས་ཀྱི་རྒྱུན་བཙུགས་ཏེ་བསྟན་འགྲོའི་དོན་རླབས་ཆེན་སྤེལ་བའི་མུར། རབ་ཉི་ལྕགས་སྦྲུལ་ཕྱི་ལོ་༡༧༠༡ལོའི་ཡས་མས་སུ་སྐུ་ཉིད་ཀྱི་མཛད་པ་རྫོགས་ཏེ་གཟིགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །
སྐུ་ཕྲེང་གསུམ་པ། བློ་བཟང་ཐུབ་བསྟན་གསལ་བྱེད་ཆོས་ཀྱི་ཉི་མ་ནི། ཆོས་ཀུན་སྒྱུ་མའི་རྣམ་རོལ་དུ་གཟིགས་ནས་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་ལ་རོལ་བ་ཞིག་སྟེ། འདི་བ་སྐུ་ན་ཚོད་ཡོངས་སུ་མ་སྨིན་པའི་སྐབས་ཉིད་ནས་ཚེ་རབས་དུ་མར་གོམས་པའི་ཆོས་ཀྱི་བག་ཆགས་ཟབ་མོའི་མཐུ་མངོན་པར་བརྟས་ཏེ། མཆོག་གསུམ་གྱི་རྟེན་མཐོང་བའི་ཚེ་ཕྱག་ཐལ་མོ་སྦྱར་བ་དང་མ་ཎི་འདོན་པ་སོགས་བྱིས་པ་ཕལ་བའི་སྤྱོད་པ་ལས་རིང་དུ་འདས་ཤིང་། ཆོས་བ རྒྱད་ཀུན་རྟོག་གི་སྤྲོས་པ་མཐའ་དག་རིང་ནས་དོར་བ་ཞིག་ཡིན་ཕྱིར། ལྷ་དང་བླ་མའི་དགོངས་མཐུན་ལྟར་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་ཞིང་སྐུ་ཚེ་སྔ་མ་དག་ཏུ་ལན་གཅིག་མ་ཡིན་པར་ཐེག་པ་ཆེན་པོའི་དམ་ཚིག་དག་པས་དཔོན་སློབ་ཕན་ཚུན་ལུ་གུ་རྒྱུད་དུ་འབྲེལ་བའི་རྟེན་ཅིང་འབྲེལ་འབྱུང་གི་མཐུ་ལས་མ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ། མདོ་སྔགས་རིག་གནས་ཀུན་ལ་གསན་སྦྱོང་དང་དབང་ལུང་མང་དུ་མནོས། ཇི་སྐད་དུ། བསླབ་པ་བསྲུང་བར་ཡོངས་མི་ནུས། ། ཞེས་པའི་དོན་ཐུགས་ཉམས་སུ་བསྟར་ཏེ་དགེ་སློང་གི་སྡོམ་པ་མིག་འབྲས་ལྟར་བསྲུངས། སེམས་ཞི་དུལ་བག་ཡོད་ཀྱིས་སྲིད་པའི་ཕུན་ཚོགས་མཐའ་དག་བདུད་ཀྱི་ཡོ་ལང་དུ་གཟིགས་ཏེ་དབེན་གནས་དུ་མར་ཞི་ལྷག་ཟུང་འབྲེལ་གྱི་དོན་ཉམས་སུ་བཞེས་པའི་ནང་གི་ཡང་དག་འཇོག་ལ་ཚིག་དྲིལ་མཛད་ཅིང་། ཡི་དམ་གྱི་བསྙེན་ཆེན་དུ་མ་ཕུད། ཁྱད་པར་ཟབ་དོན་སྙན་བརྒྱུད་ཀྱང་མཁའ་འགྲོའི་ཕྱི་མཚམས་ཆེན་མོ་ཆུ་མིག་བརྒྱ་རྩ་སོགས་ཉམས་གྱི་མཐིལ་ཏུ་མཛད། རྒྱུན་དུ་སྤྱན་རས་གཟིགས་ཀྱི་གནང་བའི་འཕགས་པའི་ཞལ་གྱི་དཀྱིལ་འཁོར་དངོས་སུ་མཇལ་ཞིང་ཕྱག་འཁོར་ལས་སྐབས་རེར་འོད་དཀར་པོ་ལྷམ་མེར་འཕྲོ་བ་སོགས་གྲུབ་པའི་གོ་འཕང་མཐོན་པོ་མངོན་ཏུ་བྱས་པའི་རྟགས་མཚན་མང་དུ་བརྙེས་ཏེ། རྗེ་བཙུན་མི་ལའི་རྣམ་ཐར་ལ་ཅོ་འདྲི་བའི་རྣལ་འབྱོར་བའི་དབང་ཕྱུག་དམ་པར་གྱུར།
དེ་ཡང་རབ་ཉི་མེ་སྤྲེལ་ཕྱི་ལོ་༡༧༡༦ལོའི་ཡས་མས་ནས། རྒྱལ་ཀུན་ཡེ་ཤེས་ཀྱི་ཉི་མས་རྒྱལ་མཆོག་བདུན་པ་ཆེན་མོ་སྐུ་ན་ཕྲ་དུས་སྐུ་འབུམ་དུ་བཞུགས་པའི་རིང་བྱམས་བརྩེས་ཡུན་རིང་དུ་ལེགས་པར་བསྐྱངས་ཤིང་། གཞུང་ཆེན་དུ་མའི་བཤད་ལུང་ཕུལ། ཕྱིས་རྒྱལ་བའི་དབང་བོ་མཆོག་དང་མཉམ་དུ་དབུས་གཙང་ཆོས་ཀྱི་ལྗོངས་སུ་ཞབས་པད་བསྐྱོད་དེ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། གཙང་བཀྲ་ཤིས་ལྷུན་པོ། ཞ་ལུ། སྣར་ཐང་། ས་སྐྱ། རྒྱལ་རྩེ་སོགས་ཆོས་སྡེ་མང་པོར་མཇལ་སྐོར་དང་། དབུལ་ཕོངས་ལ་སྦྱིན་གཏོང་། མཆོག་གསུམ་གྱི་རྟེན་ལ་བསྙེན་བཀུར་བླ་མེད་ཞུས། དེ་ནས་མི་རིང་བར་ཕྱིར་མདོ་སྨད་དུ་སྐྱོད་སྐབས། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་ཁོང་ལ་གཏང་རག་ཏུ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཇོ་བོ་གསུང་འབྱོན་མར་གྲགས་པ་བྱིན་ཅན་གྱི་གཙོས། མདོ་སྡེ་བསྐལ་བཟང་གསེར་བྲིས་མ། ཡུམ་པོད་བཅུ་གཉིས། ཤེལ་དཀར་གྱི་བྱང་ཆུབ་མཆོད་རྟེན། གསེར་ཟངས་ཀྱི་མཎྜལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་རི་གླིང་སོགས་ཆ་ཚང་བ་ཙན་དན་དམར་པོའི་སྟེགས་ཁྲི་དང་བཅས་པ། རྒྱལ་དབང་མཆོག་གི་ན་བཟའ་ཆ་ཚང་དང་ཆིབས་སྒ། བཀའ་ཤོག་བཅས་གནང་སྟེ་རྫོང་བ་སྤམ་མཐོ་བཏེགས་པ་ནི་འཕགས་མཆོག་ཕྱག་ན་པད་མོས་འབྲལ་མེད་རྗེས་སུ་བཟུང་བའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་གོ སྐུ་ཚེའི་སྨད་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱི་ཟས་བཅུད་ཁོ་ནར་བསྟེན་ཅིང་། སྦས་པའི་བརྟུལ་ཞུགས་ཀྱི་སྒོ་ནས་རིམ་གཉིས་རྣམ་འབྱོར་གྱི་རྟོགས་པ་མཐོན་པོ་གྲུབ་ཆེན་ཏེ་ལོ་བ་དང་མི་ཊི་བའི་རྣམ་ཐར་ལ་སྤྱོད་པའི་སྐབས་ཉིད་ན། འཕྲལ་རྐྱེན་ཟང་ཟིང་གི་དྲེགས་པར་རློམས་པ་བླ་གྲྭ་འཕྱོར་ཆས་ཅན་རྣམས་ཀྱིས་འཕྱ་སྨོད་བྱས་ཏེ། དེ་ཡང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། ལོག་འཚོའི་ཟས་ནོར་རྙེད་པ་འགས། མཁས་པ་དབུལ་བོ་ཁྱད་དུ་གསོད། ། སྤྲེལ་རྒན་རྣམས་གྱིས་མི་བཟུང་ནས། ། མཇུག་མ་མེད་ཅེས་བཞད་གད་བྱེད། ། ཅེས་དང་། རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་། ལུང་རྟོགས་ཡོན་ཏན་རེག་བྱ་མ་མཆིས་ཀྱང་། ། ཟང་ཟིང་འབྱོར་བའི་སྤྲིན་གྱི་འདུ་འགོད་ཅན། ། དགུང་སྔོན་མཐོན་པོར་གྲགས་པའི་སྟོང་བ་ལ། ། འཕྱ་བ་གསལ་བྱེད་ཀུན་ད་རབ་རྒོད་ཅིང་། །ཞེས་གསུངས་པ་དང་ཀུན་ནས་མཚུངས་སོ། ། དེའི་ཚེ་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་བ་ཁྱབ་བདག་ཡོངས་ཀྱི་བཤེས་གཉེན་ཆེན་པོ་ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་དམ་པ་འདིའི་སྙན་པ་གསན་ཏེ། ཀུན་སྤངས་དཀྱུས་མས་དམ་པ་འདིར་མཇལ་དུ་ཕེབས་སྐབས། རྗེ་འདི་ཉིད་གཟིམ་མལ་དུ་མཉམ་བཞག་ལ་བཞུགས་པ་དང་འཁེལ་བས་ཞབས་ཀྱི་པདྨོར་དབུ་རེག་སྟེ་རྙེ་ལྷུན་གྲུབ་ཆོས་རྫོང་དུ་གཤེགས་རྗེས། རྗེ་འདི་བ་མཉམ་བཞག་ལས་བཞེངས་ཏེ་འཁོར་གཡོག་པ་ལ། དེ་རིང་ངའི་རྐང་བར་དབུ་རྩ་ཆེན་ཞིག་གཏུགས་སོང་བས། འདིར་མི་སུ་ཡོང་། ད་ལྟ་གང་དུ་ཕེབས་གསུངས་པ་ལ། ཞམ་རིང་བས་མགོ་རྩ་ཆེན་ཞིག་ཡིན་པ་མ་ཤེས་ཀྱང་ཨ་སྐྱ་བ་ཞིག་ཡོང་ཡང་ད་ལྟ་རྙེ་དགོན་པར་ཕེབས་ལམ་གླིང་ག་ཉག་ག་ན་འགྲོ་བཞིན་འདུག་ཞུས་པས། དེ་ནས་ཕྱིར་སྤྱན་དྲངས་ཏེ་མཇལ་འཛོམ་ཞུས། ཆོས་ཀྱི་བགྲོ་གླེང་མང་དུ་ཕེབས། རྗེ་གསེར་ཁང་བས་གསེར་ཟངས་ཀྱི་མཆོད་རྐོང་ཆེན་པོ་ཞུན་མར་གྱིས་བཀང་བ་ཞིག་ཕུལ་ཏེ་ཁྲི་ཆེན་བསོད་ནམས་གྲགས་པས་བརྒྱུད་པའི་གཅོད་དབང་ཞུས་པ་ལ་ཐུགས་དགྱེས་པས་ཞལ་བཞེས་མཛད། དགོན་འདི་གའི་བླ་གྲྭ་འགས་སྔོན་ཆད་དམ་པ་འདི་ལ་གུས་ཚུལ་ཅུང་ཟད་དམན་པའི་དབང་གིས། རྟེན་འབྲེལ་ལ་གནོད་དོགས་ནས་རྙེ་མཆོག་སྤྲུལ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་གྱིས་དཔོན་སློབ་ཟུང་དགོན་གནས་ལྷུན་གྲུབ་ཆོས་རྫོང་དུ་གདན་དྲངས་ཏེ་གཟིམ་ཁང་དཀར་དྲིས་ཞེས་གྲགས་པ་དེར། རྗེ་གསེར་ཁང་བ་གཙོས་དགོན་གོང་འོག་གཉིས་ཀའི་གྲྭ་བྱེས་ཡོངས་ལ་སྟ་གོན་སྔོན་དུ་སོང་བའི་མ་ཅིག་ལབ་ཀྱི་སྒྲོན་མའི་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གནང་སྐབས། རྗེ་འདི་བའི་སྐུ་སྔར་མཐོང་མ་མྱོང་བའི་ཁྱད་ཆོས་མང་དུ་བསྟན་པས། མ་དད་ལོག་ལྟ་ཐེ་ཚོམ་གྱི་སྣང་བ་དབང་མེད་དུ་བསྒྱུར་ཏེ་དད་པ་བརྟན་པའི་དཔལ་ལ་བཀོད། སྤྱིར་རྗེ་བླ་མའི་རིང་ལུགས་ལ་གྲུབ་རྟགས་ཚད་མར་མི་འཛིན་ཅིང་། དུས་ལ་བབས་ན་འདི་ལྟ་བུའི་མཛད་པས་ཀྱང་སེམས་ཅན་དུ་མའི་དོན་བྱེད་ཅིང་གདུལ་བྱ་མང་པོ་སྨིན་གྲོལ་ལ་འགོད་པར་འགྱུར་རོ། ། དེ་ལ་གཅོད་ཀྱི་བླ་བརྒྱུད་གསོལ་འདེབས་སུ། ། དབེན་གནས་ལྷུན་གྲུབ་ཆོས་རྫོང་དུ། ། བློ་བཟང་ཉི་མ་བྱིན་རླབས་ཅན། ། ཞེས་གསུངས་སོ། ། དེ་ནས་དཔོན་སློབ་གཉིས་བཀྲ་ཤིས་ཆོས་རྫོང་དུ་ཕེབས་ནས་རྟེན་དང་བརྟེན་པ་རྣམས་ལ་བཀྲ་ཤིས་ཀྱི་མེ་ཏོག་གཏོར་ཏེ་ཡེ་ཤེས་པ་དངོས་སུ་ཕབ་པ་སོགས་བྱིན་གྱིས་བརླབས། གཞན་ཡང་རྟེན་འབྲེལ་ལ་དགོངས་ནས་སྐེ་བའི་དགའ་ལྡན་དགོན་པར་བྱམས་པའི་སྐུ་བརྙན་ཞིག་ཀྱང་བཞེངས་པར་གྲགས་པ་བཅས་འགྲོ་དོན་དཔག་མེད་མཛད། མཐར་ཆོས་ཀྱི་བདག་པོ་འཕྲོད་ཤུལ་དུ་རབ་འདོད་ས་ལུག་ཕྱི་ལོ་༡༦༩༩ཡས་མས་ཙམ་ལ་དགུང་གྲངས་ཧ་ཅང་མཐོན་པོར་གཤེགས། །
སྐུ་ཕྲེང་བཞི་པ་ནི། གཅན་ཚ་ཐང་དཔོན་རྒྱུད་དུ་སྐུ་བལྟམས། ལུང་རྟོགས་བསྟན་པའི་དབང་ཕྱུག་དེ་ཉིད་ཀྱི་འཛུམ་ཞལ་ཐོག་མར་སྤྲོ་བའི་ཚེ། བར་སྣང་ཆོས་ཀྱི་དབྱིངས་ལས་དཔྱིད་ཀྱི་འབྲུག་སྒྲ་ཐོག་མར་ལྡིར་ཞིང་སྦྲང་ཆར་བསིལ་མ་ཟིམ་ཟིམ་འཇོ་བ། སྦྲ་སྟེང་དུ་དབང་གཞུའི་གུར་ཁང་རྣམ་པར་བཀྲ་བ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་མང་དུ་བྱུང་། བསྟན་པའི་ཉིན་བྱེད་རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐུབ་བསྟན་གསལ་བྱེད་ཀྱི་སྐུའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། སྡེ་སྣོད་འཛིན་པའི་དཔོན་སློབ་གྲངས་ཚང་བའི་སྤྱན་སྔར་རབ་ཏུ་བྱུང་སྟེ། མདོ་སྔགས་རིག་གནས་དང་འདོན་ཆོག་ཆོས་སྤྱོད་ཀྱི་སྐོར་སྦྱངས་པ་ནན་ཏན་མཛད། དགུང་ལོ་བདུན་པར་རྣམ་གྲོལ་ནོར་བུའི་གླིང་མཆོག་ཐིས་པ་བཀྲ་ཤིས་རྫོང་དུ་སྐུ་གོང་མའི་མི་འཇིགས་གདོང་ལྔས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་ཞབས་ཟུང་གི་པདྨོ་མངོན་པར་བཀོད་ཏེ་དགའ་སྟོན་རྒྱ་ཆེར་མཛད། ཕྱིས་དཔལ་བདེ་ཆེན་ཆོས་གླིང་དུ་ཆོས་གྲྭར་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐུགས་གཉེར་དཔྱིས་ཕྱིན་གནང་ཞིང་། དེ་གའི་དཔོན་སློབ་ཀྱི་ཁྲི་བསྐྱངས། ཆོས་འཆད་ཉན་ལ་རྟིང་སྐུལ་དང་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་མཛད། རྗེ་འདི་བ་ཚེ་སྔོན་མར་རྒྱལ་བའི་བསྟན་པའི་སྙིང་བོ་ཆོས་འདུལ་བ་ལ་རབ་ཏུ་འདྲིས་ཤིང་། ཤེས་རབ་དང་བརྩོན་འགྲུས། མི་བརྗེད་པའི་གཟུངས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་དབང་གིས། སྐུ་ཚེ་འདིར་སྔོན་གནས་རྗེས་དྲན་གྱི་ཚུལ་གྱིས་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཀྱི་རིམ་པ་རྣམས་ཡང་དག་པར་རྫོགས་པར་ཐུགས་སུ་ཆུད། མཁས་པ་རྣམས་ལ་དྲི་བརྩད་དང་བརྒལ་བརྟག་གིས་གཏན་ལ་འབེབས་པའི་ཐོས་བྱུང་གི་ཡོན་ཏན་དེ་གཙོ་བོ་ཉམས་ལེན་ལ་སྦྱར་ཏེ་ཐོས་བསམ་སྒོམ་གསུམ་པའི་ཕ་མཐར་སོན་ཀྱང་། རྒྱ་མཚོ་ཆུ་ཡིས་མི་ངོམས་པ་ཇི་བཞིན་ཐོས་པས་ནམ་ཡང་ངོམས་པ་མེད་པར། སྔ་ཕྱིར་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། གུང་ཐང་བསྟན་པའི་སྒྲོན་མེ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། ལ་མོ་ཕན་བདེ་དབང་ཕྱུག་མཁས་བཙུན་རྒྱ་མཚོ་སོགས་ལས་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་མཐའ་ཡས་པ་གསན་བཞེས་མཛད། དེས་ཀྱང་ཚིམ་པ་མེད་པར་ད་དུང་དཔྱོད་ལྡན་རྣམས་ཀྱི་ངག་ལས་སྔོན་མེད་པའི་ལེགས་བཤད་ཀྱི་སྐྱེས་མནོ་ཆེད། བླ་མས་བཀས་བསྐུལ་ཏེ་དབུས་གཙང་ཆོས་ཀྱི་ཞིང་དུ་ཆིབས་ཞལ་བསྒྱུར། འཇིག་རྟེན་ན་འགྲན་པའི་ཟླ་དང་བྲལ་བའི་རྒྱལ་བ་ཤཱཀྱ་རྣམ་གཉིས་ལ་གསེར་ཆབ་ཕུལ། གདན་ས་གསུམ་དང་མཆོག་གསུམ་གྱི་རྟེན་ལ་མཆོད་འབུལ་རྒྱ་ཆེར་གནང་ཞིང་འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཐུགས་སྨོན་ཤུགས་དྲག་གནང་། ༧རྒྱལ་དབང་བཅུ་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོར་ནང་མཇལ་ཞུས། སྐུ་སྐྱེ་གོང་མ་ཐུབ་བསྟན་གསལ་བྱེད་ཚང་ལ་༧རྒྱལ་མཆོག་བདུན་པས་གནང་བའི་བཀའ་ཐམ་སོགས་གཟིགས་འབུལ་དང་། རྒྱུ་མཚན་རྣམས་ཞུ་འབུལ་བྱས་ཚེ་༧གོང་ས་རྒྱལ་བའི་དབང་བོས་ཐུགས་དགྱེས་པའི་བྱམས་བརྩེའི་བསིལ་ཟེར་རིང་དུ་སྤྲོ་ཞིང་ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ། ཇོ་བོའི་ལི་སྐུ་བྱིན་ཅན་དང་། རྗེ་མཆོད་འཛིན་མ། ༧གོང་ས་མཆོག་གི་དབུ་ཞྭ་སྣེ་རིང་། མང་གོས་སེར་པོའི་མཁན་ཆས་ཆ་ཚང་། བཀའ་ཤོག་སོགས་ཀྱི་གནང་སྐྱེས་དང་གསུང་གི་སྒོ་མོ་ཡངས་པོར་ཕྱེས་ཏེ་བཀའ་དྲིན་ཚད་མེད་བསྐྱངས། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་བློ་བཟང་བསྟན་པའི་ཉི་མའི་ཞབས་ལ་དབུའི་ཅོད་པན་གྱིས་རེག་ཅིང་ཟབ་ཆོས་དུ་མའི་ལུང་དང་ཡང་བསྐྱར་ཐུགས་རྫོགས་བསྒྲུབས། པཎ་ཆེན་རིན་པོ་ཆེ་མཆོག་ནས་ཐུབ་པའི་གསེར་སྐུ་བྱིན་ཅན་ཞིག་རྟེན་སྐལ་དུ་བསྩལ་ཏེ་ཐུགས་བརྩེ་བས་རྗེས་སུ་བཟུང་། དབུས་གཙང་གི་དགོན་སྡེ་ཕལ་ཆེར་ཞབས་ཐང་གིས་བསྐྱོད་དེ་གནས་མཇལ་ཞུས། དེ་ནས་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་ཕོ་བྲང་ཙ་རིའི་གནས་སྐོར་ལ་ཕེབས་ལམ། དེར་སེ་བོན་ཞེས་པའི་བོན་གྱི་གཞི་བདག་ཅིག་གར་ཕེབས་ཕྱི་བཞིན་འབྲངས་ཏེ་ཆོ་འཕྲུལ་དུ་མ་བསྟན་པའི་ཚེ། དམ་པ་འདི་ཉིད་ཀྱིས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་གོ་ཆ་བཙན་པོ་ལུས་ལ་བསྒོས་ཤིང་བཀའ་བརྗིད་བཙན་པོའི་ཉག་ཕྲན་གཡོ་བ་མེད་པར་ཝ་སྐྱེས་དེའི་སྙིང་ལ་རབ་ཏུ་བསྣུན་པས། ཡིད་དམད། བྱིན་པ་འདར་འདར་གྱིས་ས་ལ་བྲང་གིས་ལན་གསུམ་བརྡུངས་ཏེ་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུའི་གཡར་དམ་ཕུལ། ཕྱིས་སྐུ་རྗེས་སུ་ཁྲིད་དེ་གཅན་ཚ་ཐང་སྨད་ཞོལ་གྱི་ད་ལྟ་སེ་བོན་སྒང་དུ་གྲགས་པ་དེར་དཔའ་མཁར་དང་ལབ་ཙེ་བརྩིགས་ཤིང་གནས་དེར་བསྟིམས། ལོ་ལྟར་ཆུ་སྟོད་ཟླ་བའི་ཉིན་ལ་རོང་འབྲོག་བར་གསུམ་ན་སྡོད་པའི་ཐིས་པ་ཚོ་བས་ལབ་ཙེ་བསྟོད་པའི་སྲོལ་བཙུགས་པས་རི་བོའི་མིང་ལ་སེ་བོན་དུ་ཐོགས་པ། ད་ལྟ་ཟུར་ཆགས་ནས་ཨ་མྱེ་སེ་བོར་འབོད་པ་དེའི་དབུས་ནས་ལྷ་རྟེན་མང་པོ་ཞུས། ཁྲི་ཀའི་རྟེན་བྱིན་ཅན་བཞི་གཙོས་པའི་རྙེ་ལྷུན་གྲུབ་ཆོས་རྫོང་། དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་། ལ་མོ་བདེ་ཆེན། མགུར་དགོན་རྣམ་རྒྱལ་གླིང་། སྐུ་འབུམ་བྱམས་པ་གླིང་། རྨ་ཆུའི་བྱང་རྒྱུད་ཀྱི་དགོན་ཆེན་བཞི་བཅས་ཕྱོགས་ཀྱི་དགོན་སྡེ་བགྲང་ལས་འདས་པ་ལ་གནས་མཇལ་དང་མང་འགྱེད་མཛད། སྐུ་ཚེ་སྨད་ལ་སྔོན་གྱི་འདུ་ཁང་དེ་རྙིང་སྐྱོན་ཆེ་བ་དང་ཁྱོན་ཆུང་བར་གཟིགས་ནས་ཕྱག་རྒྱུ་ཅི་ཡོད་བསགས་ཏེ་ཉིས་ཐོག་ཀ་རིང་བཞིས་བཏེགས་པའི་གྱན་དྲུག་ཅུ་རེ་ཅན་གྱི་འདུ་ཁང་ཆེ་བ་ཞིག་གསར་བཞེངས་མཛད། གྲྭ་སློབ་ནགས་ཚང་བརྩོན་འགྲུས་ཀྱིས་འདུ་ཁང་གསར་བཞེངས་ཀྱི་འགན་བཞེས་ཏེ། ཆེད་མངགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་ནས་གསེར་བསྒྲུབས་ཏེ་འདུ་ཁང་སྟེང་འོག་བར་གསུམ་གྱི་ཚོན་རིས་དང་གྱན་ཐང་ཐམས་ཅད་གསེར་རྐྱང་འབའ་ཞིག་གིས་བཞེངས་སྐབས། གྲྭ་སློབ་དག་གིས་ལྷ་བཟོ་བས་གསེར་ཚོད་མེད་ལྐོག་ཉར་བྱེད་པའི་གནས་ཚུལ་ཞུས་ཚེ། ཁོང་གིས་ལྷ་བཟོས་གསེར་ཐབ་ཀའི་སྟེང་དུ་མི་བྱུག་མོད། གང་ལྟར་རྒྱལ་བའི་སྐུ་ཞིག་གི་སྟེང་ལ་འགྲོ་ངེས་པས་སེར་སྣ་མ་བྱེད། གང་དུ་སོང་ཡང་འུ་ཅག་གི་ཚོགས་བསགས་ཡིན་གསུངས་པ་ནི་སྐྱེས་མཆོག་དམ་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་དུ་འཁུམས་སོ། །
རྗེ་འདི་བས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞིས་ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཟླ་བ་གཞོན་ནུའི་དཔལ་ལྟར་ཡར་ལྡན་དུ་འཕེལ་བར་བྱས་པས། འཇིག་རྟེན་ཆེ་དགུ་དྲེགས་ལྡན་ཀུན་གྱིས་གཙུག་གི་ཏོག་ཏུ་བསྟེན། རྗེ་འདི་བ་སྐུ་ཕྲེང་སྔ་ཕྱི་ཀུན་ལས་སྙན་གྲགས་ཆེ་ཤོས་དང་ཐུགས་ཚ་བའི་དབང་གིས་ཐིས་པ་བཙན་པོ་མར་གྲགས་ལ། སྐབས་དེའི་ཟི་ལིང་ཨམ་བན་གྱིས་གདན་ཞུས་ལྟར་ཟི་ལིང་ཡ་མིན་དུ་བསྐྱོད་དེ་ཐབས་མཁས་ཀྱིས་ལུས་ཅན་སྤྱི་དང་བྱེ་བྲག་ཙོང་ཁ་བདེ་ཁམས་ཀྱི་བསྟན་འགྲོའི་དོན་ལ་ཕན་པའི་བྱ་བཞག་མང་པོ་མཛད། ཨམ་བན་གྱིས་རྒྱ་བོད་ཀྱི་གོ་གནས་དང་། བཀའ་ཤོག ཡིག་བྱང་། བ་སོའི་ཐམ་ག་སྟག་འཛིན་ཅན། དངོས་རྫས་གཏོས་ཆེ་བ་དང་བཅས་ཏེ་འཕྲང་དམར་ཚོ་བཅུ་གཉིས་ཀྱི་མཆོད་བཞེས་དང་། ས་ཆུ་ནགས་གསུམ་དབང་བའི་ཆོ་ལོ་ཕུལ། དུས་དེ་ནས་བླ་དཔོན་སྤྲགས་མའི་ཁུར་བཞེས་ཏེ་ཁྲི་ཀའི་ས་སྒོ་གསར་ཏུ་བརྗེ་སྐབས་ཁོང་གི་མདུན་སར་འཚམས་ཞུར་ཡོང་དགོས་པའི་སྲོལ་བྱུང་། སྐབས་དེ་ཙམ་ཨ་ཚོགས་ལྷ་སྡེའི་ཇག་རྐུན་རྒོད་ཅིང་། ཉེ་འཁོར་གྱི་ལུས་ཅན་སྤྱི་ལ་སྲོག་ཉེན་འཇིགས་སྐུལ་ཆེ་བར་བརྟེན། རབ་ཚེས་ས་སྟག་ཕྱི་ལོ་༡༨༧༨ལོར་གོང་མའི་དམག་དཔུང་སྟོབས་ཆེན་པོས་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་གཏོར་ཉེན་སྐབས་སུ། དམ་པ་འདིས་འབྲུག་རིས་ལྔས་བསྐོར་བའི་གོང་མའི་ཡིག་བྱང་ཆུང་བ་གཅིག་གཡོར་གནང་མཛད་དེ་དམག་འཇིགས་བཟློག དགོན་རོང་དགོན་འཇིགས་ཉེན་ལས་བསྐྱབས་པས། དུས་དེ་ནས་ལོ་ལྟར་དབྱར་དགུན་ཐེངས་གཉིས་ལ་དགོན་རོང་སྡེ་འདིར་འཚམས་ཞུར་ཕེབས་ཤིང་འབྲེལ་བ་ཟབ་མོ་ཆགས། རྗེ་ཞྭ་དམར་པཎྜི་ཏ་མཆོག་གིས་དགུང་ལོ་བཅུ་བཞིའི་སྟེང་ལ་མོ་བདེ་ཆེན་དུ་བླ་མ་འདི་བ་སྤྱི་གཙུག་ནོར་བུའི་རྒྱན་དུ་བསྟེན་ཏེ་བསྡུས་ཚད་བློ་རྟགས་སོགས་ལ་ཐུགས་གཉེར་མཐིལ་ཕྱིན་མཛད། ཞྭ་དམར་རྣམ་ཐར་རང་དུ་སྟག་རི་རབ་འབྱམས་པ་བློ་བཟང་ཉི་མ་ཞེས་པ་དང་རྗེ་འདི་བ་དོན་གཅིག་གམ་སྙམ་སྟེ། ཐིས་པ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་སྐུ་གོང་མའི་མཚན་སོར་བཞག་གིས་དེ་ལྟར་གསོལ་བའི་ཕྱིར་རོ་སྙམ་སྟེ། སྐུ་ཚེ་སྨད་ལ་གཅན་ཚའི་ཐང་འཁྲུངས་གཞིས་ཕྱོགས་སུ་སྒར་ཁ་ཞིག་བཏབ་ཏེ་དབྱར་ཐོག་ཕལ་ཆེར་དེར་བཞུགས་པ་རྗེ་ཐར་ཤུལ་རིན་པོ་ཆེ་དང་། ཞྭ་དམར་རིན་པོ་ཆེའི་རྣམ་ཐར་དུ་གསལ། ཕྱིས་ཁོང་སྐུ་ཞི་བར་གཤེགས་རྗེས་སྒར་གཞིས་དེ་རིམ་གྱིས་འཇིག་སྟེ་གྱང་རལ་ཧྲུལ་བོ་ད་ལྟའང་གསལ་བོར་མངོན་འདུག་པ་དེ་ཡིན། ཡུལ་གྲུ་སོ་སོར་རྐུན་ཇག་དང་སྲོག་གཅོད་ཀྱི་རྒྱུན་གཅོད་དུ་བཅུག་པ་དང་། སྐྱབས་འགྲོ། མ་ཎི། སྨྱུང་གནས་ཀྱི་དགེ་སྐུལ་རྒྱ་ཆེར་མཛད་ཅིང་། དགོན་པའི་བཅོས་ཁྲིམས་དག་ཐེར་དང་ལེགས་སྐྱོང་གནང་བས་དུས་དེར་དགེ་འདུན་པའི་ཞལ་གྲངས་ཆིག་བརྒྱ་ལྷག་ལ་སླེབས་སྐད། མཐར་རབ་ཚེས་ལྕགས་སྤྲུལ་ལ་དགུང་གྲངས་གྱ་གཉིས་སྟེང་ཞི་བར་གཤེགས་སོ། །
སྐུ་ཕྲེང་ལྔ་བ། དགེ་འདུན་བཤད་བསྒྲུབ་བསྟན་པའི་རྒྱལ་མཚན་ནི། ཚད་མའི་སྐྱེས་བུ་མང་པོས་ཡང་ཡང་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་ཀྱི་མེ་ཏོག་དཀར་པོ་ཆར་དུ་བསྙིལ་བའི་བཀྲ་ཤིས་པའི་དགེ་མཚན་མངོན་པར་རྫོགས་པའི་སྣང་ར་སྒར་དུ་རབ་ཚེས་ཆུ་རྟ་ཕྱི་ལོ་༡༨༨༢ལོར་སྐུའི་ཉིན་བྱེད་གཞོན་ནུའི་འཛུམ་ཟེར་ཐུབ་བསྟན་པད་ཚལ་རྒྱས་པའི་དཔལ་དུ་ཤར། སྐུ་བལྟམས་པའི་དུས་ཉ་རྒྱས་ཟླ་བའི་དཔལ་ལ་འགྲན་པའི་འོད་དཀར་པོ་རབ་ཏུ་གསལ་བ་ཞིག་གིས་འཁྲུངས་གཞིས་ཡོངས་སུ་ཁྱབ་པའི་ལྟས་ཁྱད་པར་ཅན་བྱུང་། དགུང་ལོ་གསུམ་པར་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། སྟག་རི་དགོན་གྲོང་གི་རྒན་པ་རྣམས་ཀྱིས་དཔའ་དར་ཕུལ་ཏེ་སྤྲུལ་སྐུ་གསར་བཞད་ཀྱི་དགའ་སྟོན་རྒྱས་པར་སྤྲོས། རྗེ་འདི་བའི་སྐུའི་ཀུན་དའི་འདབ་སྟོང་རྣམ་པར་གྲོལ་བའི་དུས་ཉིད་ནས་བྱིས་པ་ཕལ་བ་ལྟར་ཟས་གཉིད་རྩེད་འཇོ་ཁོ་ནར་རོལ་བ་ཙམ་མ་ཡིན་པར་ཚེ་རབས་དུ་མར་འབད་པས་ཐོབ་པའི་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་མཛོད་དེ་ཉི་ཟེར་ལ་ན་བཟའ་བཀལ་བ་དང་། དཀར་ཡོལ་གྱིས་རྡོ་ལ་བསྣུན་ཏེ་མཐིལ་རྗེས་བཏོད་པ་སོགས་གྲུབ་རྟགས་ངོ་མཚར་བ་མང་པོ་བསྙད་རྒྱུ་ཡོད་ལ། ཁྱད་པར་དུ་སྐུ་སྨད་ལ་སྟག་ཤམ་གྱི་རི་མོ་གསལ་བར་བཀྲ་བས་གང་ཟག་སུས་མཐོང་ཡང་དད་པའི་སྤུ་ལོང་དབང་མེད་དུ་འཕྱོ་ཞིང་། གཏན་བདེའི་དཔལ་ལ་འགོད་པར་བྱེད་པའི་ཡོན་ཏན་དུ་མས་བརྒྱན། དགུང་ལོ་བདུན་པར་གདན་ས་བཀྲ་ཤིས་ཆོས་རྫོང་དུ་སྐུ་གོང་མའི་ཁྲི་ལ་མངའ་གསོལ་ཏེ། གདན་ས་རང་དུ་ཡི་གེ་འཕྲལ་སྦྱོར་དང་འདོན་ཀློག་གི་སྐོར་རྣམས་ཞིབ་ཏུ་སྦྱངས། རྗེ་འདི་ཉིད་བཟོ་རིག་བྲིས་འབུར་དང་། ལཉྫ་ཝརྟུ། དབུ་ཅན་དབུ་མེད་ཀྱི་བྲིས་སོགས་ལ་བྱང་ཆུབ་པས། ཁོང་གི་སྐུ་དུས་སུ་བཞེངས་པའི་དགོན་པའི་ལྷ་སྐུ་རྣམས་ཀྱི་བཞེངས་བཀོད་ཁྱད་དུ་འཕགས་པར་གྲགས། དུས་དེ་མཚུངས་སུ་སྲིད་པའི་འོབས་དང་། གཡང་གཟར་གྱི་ཆུ། ནམ་མཁའི་གློག་ལྟར་མི་བརྟན་ཅིང་། ཉེས་པ་བརྒྱ་ཕྲག་བསྐྱེད་པའི་རྩ་བར་གཟིགས་ཏེ། བསྟན་པའི་སྒྲོན་མེ་རྗེ་ཞྭ་དམར་པཎྜི་ཏ། སྒོ་མངས་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས། ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུ་སོགས་མཁས་གྲུབ་མང་པོ་ལས་བསྡུས་ཚད་བློ་རྟོགས། དབུ་ཕར་འདུལ་མཛོད། ལྷག་ལྷ་མང་བའི་སྒོམ་བཟླས། ལམ་སྔགས་རྒྱུད་སྡེ་སོགས་འདོན་ཆོས་མང་པོ་ཅི་ཐུབ་ཀྱིས་མནོས་ཏེ་ཐུགས་ཀྱི་བུམ་བཟང་ཤེས་བྱའི་གཏེར་དུ་བསྒྲུབས། ལ་མོ་བདེ་ཆེན་གྱི་ཆོས་གྲྭར་འགྲིམས། དམ་པ་རྣམས་ཀྱི་དགོངས་བཞེད་ལྟར་དེ་གའི་དཔོན་སློབ་ཀྱི་ཁྲི་བསྐྱངས་ཏེ་གཏོང་སྒོ་གང་ལེགས་གནང་། ཕྱོགས་ཀྱི་ལྷ་སྡེ་རྣམས་ཀྱིས་གདན་ཞུས་ལྟར་རྐང་ཚ་དང། བོང་སྟག འབའ་མདོ་སོགས་སུ་ཕེབས་ནས་ཟབ་ཆོས་དུ་མ་དང་། སྐྱབས་འགྲོ མདོ་གདུགས་སྒྲོལ་གསུམ། ཡོན་ཏན་གཞིར་གྱུར་མ། དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལུང་དང་། མ་ཎི་སྨྱུང་གནས་སོགས་ཀྱི་དགེ་སྐུལ་རྒྱ་ཆེར་གནང་སྟེ་སྲོག་གཅོད་ཀྱི་རྒྱུད་བཀག གདུལ་བྱ་དག་གི་མོས་པ་བཞིན་སྲུང་བཟློག་སྦྱིན་བསྲེག སྲི་མནན། གཤེད་འདུལ་སོགས་ཀྱང་བསྩལ། ཁོང་མངོན་ཤེས་གསལ་ཞིང་གྲུབ་མཐའ་གཙང་བ། ལུང་བསྟན་གཙུག་ཏུ་བཀུར་བ། ཡི་དམ་གྱི་ལྷ་དུ་མས་ཞལ་གཟིགས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཞིག་ལགས་པས། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཤིག་ལ་དམེ་ཀྱའི་རྒྱག་གར་པད་མ་དབང་རྒྱལ་དང་སྟག་རིའི་མི་ཞིག་འཛིང་རེས་བྱས་པའི་རྐྱེན་གྱིས། སྡེ་གྲོང་གཉིས་ཡིད་སྲུབས་དབང་བོས་རྒྱུད་བསྐུལ་ཏེ་ནག་རྒྱའི་སྣ་ཁར་ཕན་ཚུན་ལ་མེ་མདའ་འཕེན་གྲབས་བྱེད་སྐབས། བླ་མ་འདི་བ་སྐྱིལ་ཀྲུང་དུ་མཉམ་བཞག་ལ་བཞུགས་ཏེ་ཐུགས་ཅུང་ཟད་གཏད་པས་མེ་མདའ་ཁ་མ་གྲགས་པར་དོན་དག་རང་ཞིར་སོང་། མི་དེ་གཉིས་ཀྱིས་འགྱོད་བཤགས་ཞུས་ཏེ་ཞབས་པད་སྤྱི་བོར་བླངས་པར་གྲགས་པ་དེ་ནི་དམ་པ་འདིའི་རྣམ་ཐར་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ། སྐལ་ལྡན་གྱི་སློབ་མ་མང་པོ་བསྐྱངས། བར་སྐབས་ཤིག་ལ་ལུས་མེད་དབང་བོའི་མེ་ཏོག་མདའ་སྙིང་ལ་ཞུགས་པ་ཞིག་གིས་རྙེ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་བོའི་རིན་པོ་ཆེའི་འཕྲ་རྒྱན་བརྐུས་པའི་རྐྱེན་གྱིས། དགོན་གོང་འོག་གཉིས་བར་མི་འོས་བའི་སེལ་ཞུགས་ཏེ་ཕན་ཚུན་མ་མཐུན་པའི་སྐབས་དེར་ལ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུའི་སྐུ་ཚབ་ཨ་ལགས་ཆེད་མངགས་གྱིས་འགྲིག་འདུམ་མཛད་ཀྱང་འབྲས་བུ་དོན་ལྡན་དུ་མ་གྱུར། ཕྱིས་ཆོས་སྲིད་གཉིས་ལ་གཟིགས་པ་ཡངས་པའི་རྙེ་དཔོན་པོ་ལྷུན་གྲུབ་ཀྱིས་མཐུན་རྐྱེན་བསྒྲུབས་པར་བརྟེན། སྒོ་མེ་སྒྲུང་བ་ཟེར་བས་འདུམ་སྟེ་སྔར་ལྟར་ཟླ་བའི་མདངས་ལ་འོ་མ་བྱུགས་པ་ལྟ་བུར་གྱུར། སྐབས་འདིར་ཁྱབ་བདག་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་རྗེ་འདིའི་སྐུ་རིང་ལ་ཐིས་པ་བཀྲ་ཤིས་ཆོས་རྫོང་དུ་ཕྱག་ཕེབས་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་ཚུལ་ཕྱོགས་གཅིག་ཏུ་བཀོད་ན། རབ་ཚེས་མེ་ཕག་ཕྱི་ལོ་༡༨༨༧ལོའི་གསུམ་པའི་ཚེས་གཅིག་ལ་དགོན་འདིར་སྟག་རི་དགོན་གོང་འོག ར་ཟ། རོང་ཞིས། སྒྱོམ་སོགས་ཀྱི་བླ་གྲྭ་དམངས་ལ་འདོད་ཆོས་དུ་མའི་ལུང་བསྩལ། ལྕགས་སྟག་ཕྱི་ལོ་༡༨༩༠ལོའི་གསུམ་པའི་ཚེས་ལ་སྟག་རི་དགོན་དང་གྲོང་རྙེ་དགོན་སོགས་ཀྱིས་རྟ་ཐབ་ཀྱི་བསུ་བ། དགོན་པའི་གཤམ་དུ་ཀུན་སྤངས་རི་ཁྲོད་འཛིན་པ་རྣམས་དང་དགོན་པའི་བླ་གྲྭ་ཡིད་དུ་འོང་བའི་མཆོད་རྫས་དང་འབུད་དཀྲོལ་གྱི་རོལ་མོའི་བྱེ་བྲག་ཐོགས་པ་བརྒྱ་ཕྲག་དུ་མ་ཚར་དུ་དངར་བ་རྣམས་ཀྱིས་འདུན་བསུས་ཏེ་ཐིས་པ་དགོན་བཀྲ་ཤིས་ཆོས་རྫོང་དུ་ཕེབས་ནས་བླ་བྲང་གཟིམ་ཆུང་དུ་བཞུགས། ཚེས་བརྒྱད་ནས་བཟུང་དེ་གའི་འདུ་ཁང་དུ་བསྟན་པའི་རྩ་ལག་སྒོ་མངས་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས། ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ། བརྒྱ་དཔོན་སྤྲུལ་སྐུ། གཡང་རོང་མཁན་སྤྲུལ། རོང་ཞིས་ཚང་། བླ་མ་འདི་བ། ཀུན་བཟང་ཚང་། དགོན་རོང་དགེ་བཤེས་སོགས་བླ་སྤྲུལ་དང་། བཀའ་རམས་རི་ཁྲོད་པ། དགོན་ཁག་སོ་སོའི་གྲྭ་པ་སོགས་གཞིས་བྱེས་ཀྱི་གནས་མཁན་ལྔ་བརྒྱ་སྐོར་ལ་འཇམ་དབྱངས་བསྟན་པའི་སྒྲོན་མེས་བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་བོའི་སྟེང་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་གོ་བདེ་བ་གནང་། ཤིང་ལུག་ཕྱི་ལོ་༡༨༩༥ལོའི་བདུན་པའི་ཚེས་མགོར་ཞྭ་དམར་ཚང་གོང་བ་དགོན་དུ་ཕེབས་པ་ལ་བླ་མ་འདི་བར་ཆེད་དུ་མཇལ་བར་ཕེབས་ཏེ་འདོད་ཆོས་དུ་མ་ཞུས། གནང་སྐྱེས་དང་དགྱེས་པའི་གསུང་མཆིད་གནང་། མེ་སྤྲེལ་ཕྱི་ལོ་༡༨༩༦ལོའི་ཟླ་དང་པོའི་ཉིན་ལ་ཁྲི་ཀའི་རི་ཁྲོད་པ་བརྒྱ་ཕྲག་ལྷག་སྒྲུབ་པའི་སྐྱེད་ཚལ་ཆེན་པོ་འདིར་ཚོགས་པ་ལ་བཞེས་ཐུག་དང་། དངུལ་སྲང་རེ། ཁ་དར་རེའི་འགྱེད་བརྒྱབ་སྟབས། འཁྲུག་རྐྱེན་གྱི་ཤོར་མ་སོགས་རྒྱ་བོད་ཀྱི་སྤྲང་བོ་བརྒྱ་ལྷག་འདུས་པ་དམངས་ལ་དོང་ཙེ་སུམ་བརྒྱ་ལྔ་བཅུ་རེ་དང་། ཉམ་ཐག་བརྒྱ་ལ་རས་ཕྱེད་རེ། ཤིན་ཏུ་ཉམ་ཐག་འགའ་ལ་དགུ་མ་རེ་གནང་ཞིང་། སྤྲང་འགྱེད་ཀྱི་སྐབས་རྗེ་འདི་ཉིད་ཁང་ཐོག་ཏུ་ཕེབས་ཏེ་བྱམས་པའི་དམ་བཅའ་བའི་གཟུངས་གསུང་བཞིན་གཟིགས་རྟོགས་གནང་། སྦྱིན་པ་གཏོང་མཁན་གྱི་བླ་མ་གན་རེད་ཅེས་སྤྲང་བོ་རྣམས་ལ་མཐོང་དུ་ཆུགས་ཅེས་གསུང་བ་ནི་རྒྱལ་བ་ཀརྨ་བ་མདོ་ཁམས་སུ་ཕེབས་དུས་མཇལ་བ་རྣམས་ལ་མཇལ་ཁ་གཏོང་བའི་ཚུལ་དང་མཚུངས་ཏེ་བྱང་སེམས་བདག་ཉིད་ཆེན་པོའི་རྣམ་པར་ཐར་བའོ། ། ནག་ཟླའི་ནང་དགོན་འདིར་མི་ཏྲའི་གདམས་པ་སྙིང་བོ་དོན་གསུམ་པའི་ཁྲིད། བླ་མཆོད། བདེ་སྨོན། སྒྲོལ་བསྟོད་སོགས་འདོན་ཆོས་དུ་མ་གནང་། ས་ཁྱི་ཕྱི་ལོ་༡༨༩༨ལོའི་བཞི་པའི་ཚེས་ལ་ཁྲི་ཀའི་རི་ཁྲོད་པ་བརྒྱ་ཕྲག་ལྷག་དགོན་འདིར་ཚོགས་པ་ལ་རྗེ་ཞྭ་དམར་བས་དངུལ་སྲང་རེའི་འགྱེད་བརྒྱབ་སྟབས། ས་བྱ་ཕྱི་ལོ་༡༩༠༩ལོར་ཡང་བསྐྱར་དགོན་འདིར་ཕེབས་ནས་བཀའ་ཆོས་མང་པོའི་གྲུ་ཆར་ཕབས་ཏེ་སྐལ་ལྡན་གྱི་གདུལ་བྱ་མང་པོ་གཏན་བདེའི་དཔལ་ལ་འགོད་པར་མཛད་དོ། །
གཞན་ཡང་རྗེ་འདིའི་སྐུ་རིང་ལ་ཁྲི་ཀའི་སྐྱབས་མགོན་ཐར་ཤུལ་རིན་པོ་ཆེ། སྒོ་མངས་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས། ཨ་རིག་ཡོན་ཤུལ་བློ་བཟང་རྒྱ་མཚོ། ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས། ལ་མོ་གསེར་ཁྲི། བླ་བྲང་ཨ་ཁུ་འཇིགས་མེད། ཨ་ལགས་ཕུན་ཚོགས་སོགས་སྐྱེས་ཆེན་དམ་པ་མང་པོས་ཡང་ཡང་ཞབས་ཀྱིས་བཅགས་ཤིང་དམ་པའི་ཆོས་ཀྱི་གྲུ་ཆར་ལན་མང་ཕབ། ཁྱད་པར་བསྟན་འགྲོར་གཅིག་ཏུ་སྨིན་པའི་ཐུགས་བསྐྱེད་ཀྱི་མཐུ་སྨིན་པ་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རབ་ཚེས་མེ་སྟག་ལོར་བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་བཀླག་ལུང་དང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་དབང་དང་རྗེས་གནང་སོགས་ཀྱི་བཀའ་དྲིན་བསྐྱངས་ཤིང་ཕྱིས་ཀྱང་ཐེངས་འགར་ཕེབས། ཁོ་ཚེ་རིན་པོ་ཆེ་མཆོག་ཐོག་མར་སྡེ་འདིར་ཕེབས་སྐབས་དགོན་པའི་འདབས་སུ་བྱོན་པ་དང་། སྐྱབས་རྗེ་སྒོ་མངས་རིན་པོ་ཆེ་མཆོག་གིས་འདུ་ཁང་ཡང་སྟེང་དུ་དགེ་འདུན་འདུ་འཁོར་ཞུས་ཏེ་ཚོགས་དུང་བཏང་བ་དང་སྟབས་ཁེལ་བ་དང་། དེ་ནས་གྲྭ་ཤག་གཅིག་ཏུ་ཕེབས་ནས་གསོལ་ཇ་ཕོར་གང་ཕྱག་ཏུ་བླངས་པ་དང་སླར་ཡང་ཚོགས་དུང་བཏང་བ་དུས་མཉམ་པས་རྟེན་འབྲེལ་ལེགས་པར་འགྲིགས་ཤིང་། སྒོ་མངས་རིན་པོ་ཆེ་ནས་སྡེ་འདིར་བཞུགས་ན་ལེགས་ལམ་འཕེལ་ཚུལ་གྱི་ལུང་བཀོད་ཕེབས་པ་ལྟར། སྐུ་ཚེ་སྨད་ལ་གདན་ས་འདི་རང་དུ་གཏན་བཞུགས་གནང་ཞིང་། ཐོག་མར་འཇིགས་བྱེད་བསྙེན་ཁྲིད་གནང་སྐབས་རླུང་འཚུབ་ཅིག་འུར་གྱིས་ལངས་ཤིང་ས་གཡོས་ཏེ་འུར་སྒྲས་གནམ་ས་འགེང་བ་ལྟ་བུའི་ངོ་མཚར་བའི་དགེ་མཚན་དུ་མ་མངོན་པར་འདུ་བྱས་པས། ཕྱིས་སྡེ་འདིར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་མང་དུ་འབྱོན་པའི་ལྟས་སུ་གསུངས། དེ་ནས་རིམ་གྱིས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བདེ་གསང་འཇིགས་གསུམ་གྱི་དབང་དང་རྗེས་གནང་། ལམ་སྔགས་སོགས་འདོད་ཆོས་མང་པོའི་ལུང་། ལྷག་ལྷ་དུ་མའི་སྒྲུབ་ཐབས། འཇམ་དཔལ་མཚན་བརྗོད། སུམ་རྟགས་དག་གསུམ། སྒྲ་སྙན་ངག མངོན་བརྗོད་སྡེབ་སྦྱོར་སོགས་མདོ་སྔགས་རིག་གནས་ཀྱི་བཀའ་དྲིན་དཔག་མེད་བསྐྱངས་པས་གཞུང་དོན་ལ་ངེས་པ་རྙེད་པའི་གྲྭ་སློབ་མང་དུ་བྱུང་ཞིང་། ཨ་ལགས་གཅན་ཚ་ཞབས་དྲུང་དགེ་འདུན་ཆོས་འབྱོར་རྒྱ་མཚོར་ཡང་རང་རེའི་བྱ་ཁྱུང་གི་བླ་མ་སྡེ་འདིར་བཞུགས་ན་ཁ་བྲོ། དགེ་བ་འཕེལ་བས་ཁྱེད་ཀྱང་འདིར་བཞུགས་ན་བཟང་ཞེས་ལུང་བསྟན་པར་མ་ཟད། མཐར་ཁོང་ཉིད་ཀྱང་གནས་འདིར་མྱ་ངན་ལས་འདས། དུས་ཕྱིས་ཨ་ལགས་གཅན་ཚ་ཚང་སྒྲུབ་སྡེ་འདིར་ཕེབས་ནས་གཏན་བཞུགས་བགྱིས་པས་དགོན་པ་འདིའི་བླ་མར་གྱུར་ཏེ་སོ་ཐར་གྱི་སྡོམ་རྒྱུན་སྤེལ་བ་དང་གསོ་རིག་གི་སྒོ་ནས་འགྲོ་ཕན་རྒྱ་ཆེར་མཛད། འདུ་ཁང་ཆེན་མོར་རྗེ་སྟོང་སྐུའི་གསེར་ཐང་དང་དཔལ་ལྡན་ལྷ་མོའི་འཆམ་གོས་བཞག་སྟེ་སྡེ་འདིར་གཟིགས་སྐྱོང་ལེགས་པར་གནང་སྟེ་རབ་རྒྱལ་ཆུ་སྦྲུལ་ལོར་སྐུ་གཤེགས། དེའི་ཡང་སྤྲུལ་རབ་རྒྱལ་ཤིང་རྟ་ཕྱི་ལོ་༡༩༥༤ལོར་རྐང་ཚ་སྐྱ་རོལ་ཚོ་བར་འཁྲུངས། རྗེ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་སྐུ་གོང་མའི་ཡང་སྲིད་ཏུ་ངོས་འཛིན་གནང་། དགུང་ལོ་གསུམ་པར་ཐིས་པ་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་གཙོས་པའི་སྟག་རི་དགོན་གྲོང་གིས་དཔའ་དར་ཕུལ་ཏེ་དགའ་སྟོན་རྒྱ་ཆེར་སྤྲོས། ཕྱིས་སྤྱི་ཚོགས་སྒྱུར་བཀོད་ཀྱི་རྐྱེན་ལས་གདན་སར་འདོན་སྐལ་མ་བྱུང་། ད་ལྟ་དགུང་གྲངས་སོ་བརྒྱད་ལ་སླེབས་འདུག་པ་སྟེ་སྐབས་དོན་གྱི་ལོ་རྒྱུས་འབྲེལ་སླད་ཞར་ལ་སྨོས་སོ། །
བདུད་སྡེ་ནག་པོའི་ཕྱོགས་ཀྱིས་རྒྱུད་རྣམ་པར་བརླམས་ཤིང་སྤང་བླང་འཇུག་ལྡོག་གི་རིམ་པ་གོ་ལྡོག་ཏུ་སྤྱོད་པ། མི་དགེ་བཅུའི་མུན་པ་སྟུག་པོ་ཧམ་གྱིས་ཟ་བའི་ཁྲི་ཀའི་དཔོན་ངན་མཱ་ཡན་ཧེ་ཞེས་པ་བསྟན་འགྲོ་ལ་གནོད་པའི་ལས་འབའ་ཞིག་ལ་སྤྱོད་པ་དེས། མི་སེར་དང་དགོན་སྡེ་རྣམས་ལ་དོན་མེད་ཀྱིས་མནར་གཅོད་དང་། ཡ་ང་བའི་ཁྲལ་དང་འུ་ལག ཉེས་མེད་ལ་ཉེས་འགེལ། སྒོས་སུ་རང་སྡེའི་སྐྱ་སེར་ཡོངས་ལ་སྡིག་ལས་ཚད་མེད་བཏང་བའི་ཚེ། དམ་པ་འདིས་སྙིང་རྗེ་ཚད་མེད་ཀྱིས་ཀུན་ནས་བསླངས་ཏེ་ཞི་བའི་ཐབས་སྣ་ཚོགས་ཀྱང་འབྲས་བུ་དོན་ལྡན་དུ་མ་སྨིན་པའི་ཁར། སྔར་ལས་ལྕི་བའི་སྡིག་ལས་སྣ་ཚོགས་བཅོལ་བར་བརྟེན། རབ་ཚེས་མེ་སྟག་ཕྱི་ལོ་༡༩༢༦ལོར་ཁོང་འཁོར་ཉུང་ཤས་དང་བཅས་ལན་ཀྲོའུ་སྤྱི་དཔོན་ལིག་ཡུས་ཧྥུན་ལ་ཞུ་གཏུག་ཏུ་ཕེབས་སྐབས། མཚོ་སྔོན་གྱི་དམག་ཤེད་ཅན་མཱ་ཆི་དང་མཱ་ལེན་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱོགས་སུ་ཡ་ང་བའི་དམར་སྦྱོར་གྱི་ལས་ཚབས་ཆེན་བགྱིས་པའི་དོན་དུ་ཨ་ལོ་བློ་བཟང་ཚེ་དབང་འཁོར་བཅས་ཞུ་གཏུག་ཏུ་སླེབས་པ་དང་སྟབས་ཁེལ་བས། བླ་བྲང་ཨ་ལོས་སྐུ་རོགས་གནང་འོག་ཁོང་གི་མཛའ་བཤེས་ཞོ་ཞ་ཧྥུ་བརྒྱུད་ནས་སྤྱི་དཔོན་དང་ཐུག་འཕྲད་གནང་། མཱ་ཡན་ཧེའི་བག་མེད་ཀྱི་ཉེས་སྤྱོད་ཐམས་ཅད་ཞུ་གཏུག་བྱས་ཚེ་བཀའ་ཡིག་སྔ་ཕྱི་ཐེངས་གཉིས་ཕབ་སྟེ་བཀའ་ལན་ཡག་པོ་ཐོན། ཕྱིས་དགོན་པའི་གྲྭ་སློབ་བློ་ལྡན་དང་མཁས་མཆོག་གཉིས་ཆེད་མངགས་ཀྱིས་ལན་ཀྲོའུ་རུ་ཕྱིན་ཏེ་མཇུག་ལེགས་པར་གྲུབ། དམ་པ་འདི་བས་ཡུན་རིང་གི་དོན་ལ་གཟིགས་ནས་རང་གཞིས་སུ་བོད་སོག་སློབ་གྲྭ་ཞིག་གསར་འཛུགས་ཀྱི་གྲབས་བྱེད་སྐབས། མེ་ཡོས་ལོ་ནས་མཚོ་སྔོན་འདི་ཞིང་ཆེན་དུ་བསྒྱུར་གྲབས་ཀྱི་ལས་རླུང་ཐན་ཁྱེར་གྱི་གཞན་དབང་གིས་མཇུག་མ་གྲུབ། རབ་རྒྱལ་ས་འབྲུག་ཕྱི་ལོ་༡༩༢༨ལོར་དགུང་གྲངས་ཞེ་བདུན་ལ་སྐུ་སྙུང་ཕྲན་བུ་བཞེས་པར་བརྟེན་རིམ་གྲོ་གང་གིས་ཀྱང་མ་ཕན་པར་གློ་བུར་དུ་ཞི་བར་གཤེགས། ལོ་དེའི་རྒྱལ་ཟླའི་ཚེས་ཉེར་བརྒྱད་ལ་མཱ་ཀྲུང་ཡོན་གྱིས་དམག་སྣེ་དྲངས་ཏེ་གཅན་ཚ་ཐང་བརྒྱུད་ཁྲི་ཀར་བསྐྱོད་ལམ། དམེ་ཀྱའི་མི་སེར་འགས་འགོག་རྒོལ་བྱས་པར་བརྟེན། ཨ་ཡག་དགོན་གསར་དང་། གཤོང་མོ་ཆེ། དམེ་ཀྱ། སྒྱོམ་སོགས་ཀྱི་སེར་སྐྱ་ཆིག་བརྒྱ་ལྷག་ཡ་ང་བའི་དམར་གསོད་དང་། དགེ་འདུན་དུ་མ་གསོན་བསྲེགས་བགྱིས་ཏེ་དམར་སྦྱོར་གྱི་སྡིག་ལས་ཚབས་ཆེན་བཟོས་ཤིང་། དུད་ཁྱིམ་ལྔ་ཕྲག་གཅིག་ཙམ་མེར་བསྲེགས། དམེ་ཀྱའི་ཉེ་འཁོར་གྱི་ཆོས་སྡེ་དུ་མའི་ལྷ་རྟེན་ཆོས་གསུམ་བཅོམ་བརླགས་ཚད་མེད་དང་། ཕྱུགས་ཟོག་བརྒྱ་ཕྲག་བཞི་ལྷག་འཕྲོག་གསོད་བྱས། མཚན་དེར་སྟག་རི་དགོན་གྲོང་དམག་གིས་མནན་ཅིང་ཆག་འཇིག་ཅུང་ཟད་ཐེབས། ཕྱི་ཉིན་ཁྲི་ཀའི་རྒྱ་མཁར་དུ་བསྐྱོད་ལམ་གསོད་འཕྲོག་གཏོར་གསུམ་གྱི་ངང་ཕྱིན་ནོ། །
སྐུ་ཕྲེང་དྲུག་པ། དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ནི། མདོ་སྨད་སྣང་ར་གྲམ་པ་ནང་ཞེས་བྱ་བ། ཆོས་རྗེ་དོན་རིན་པས་བཞེངས་པའི་སྣང་རའི་གསེར་ཁང་གི་ཉེ་འགྲམ། སྔར་སྟོང་འཁོར་མཉྫུ་ཤྲི་མཆོག་དང་། འཇམ་དབྱངས་བཞད་པའི་རྡོ་རྗེ་རྣམ་གཉིས་ཁུ་དབོན་དུ་བལྟམས་པའི་འཁྲུངས་གཞིས། བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་རིགས་ལས་མཆེད་པའི་ཡུལ་སྐྱོང་བའི་མི་དབང་ཆེན་པོ་སྣང་རའི་སྟོང་དཔོན་ལྷ་མགོན་ཞེས་བྱ་བའི་རུས་གྱུར་པ། ཡབ་འཇམ་དབྱངས་ཤེས་རབ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མཚན་ལ་ལྷ་འབུམ་རྣམ་རྒྱལ་དུ་གསོལ། སྙིགས་དུས་འགྲོ་བའི་མགོན་པོ་ཐར་ཤུལ་རིན་པོ་ཆེས་གསོལ་རས་དང་། སྲུང་མདུད། ལྷ་དར་བཅས་བསྐུར་གནང་མཛད་དེ་སྐུ་བསྐྱེད་ཀྱི་ཞལ་བཀོད་ཕེབས། དགུང་ལོ་གསུམ་པར་ལྷོ་རྒྱུད་བསྟན་པའི་སྒྲོན་མེ་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་དང་། སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་རྣམ་གཉིས་དགོངས་མཐུན་ལྟར་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། ཟླ་ཚེས་དགེ་བར་ཀུན་བཟང་མཆོག་སྤྲུལ་རིན་པོ་ཆེ་གཙོས་སྟག་རི་དགོན་གྲོང་གི་རྒན་བསམ་ཤེས་ལས་སྣེ་རྣམས་ཀྱིས་འབུལ་དངོས་གཏོས་ཆེ་བ་བཏེགས་ཏེ་ཐོག་མའི་དགའ་སྟོན་བསྒྲིགས། དགུང་ལོ་དྲུག་པར། ཐར་ཤུལ་རིན་པོ་ཆེའི་ཐུགས་བཀོད་ལྟར་རང་དགོན་གྱི་དགེ་སློང་གྲགས་པ་འོད་ཟེར་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོས་ཀྱི་སྐོར་རྣམས་ཞིབ་ཏུ་སྦྱངས། ལོ་དེར་ཨ་ལགས་བླ་ཁོ་རིན་པོ་ཆེ་འཁྲུངས་གཞིས་སུ་གདན་དྲངས་ནས་སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། ལམ་རིམ་བསྡུས་དོན་སོགས་ཀྱི་ལྗགས་ལུང་དང་། འཇམ་དཀར། འཇིགས་བྱེད་དཔའ་གཅིག ལྷ་མོ་རིག་བྱེད་མ། མགོན་པོ་བར་ཆད་ཀུན་སེལ་བཅས་ཀྱི་རྗེས་གནང་། དུས་འཁོར་བླ་མའི་རྣལ་འབྱོར་དང་། ཤམྦྷ་ལའི་སྨོན་ལམ་གྱི་ཕྱག་དཔེ་ཞིག་གནང་སྟེ་ཐུགས་དགྱེས་པས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་རྟེན་འབྲེལ་བསྒྲིགས། དགུང་ལོ་བདུན་བཞེས་ཚེ་ཁྱབ་བདག་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་ལྷ་ཁྱིམ་ཡིད་དགའ་ཆོས་འཛིན་དུ་ཞབས་པད་བསྐྱོད་དེ་ཞག་ཤས་བཞུགས་རིང་། ཚིགས་སྔ་མ་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཡང་དག་པར་བཞེས་ཤིང་། མཚན་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མར་གསོལ་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་སྒོ་འཕར་ཡངས་པོར་ཕྱེ་ནས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག་གི་སྒོར་ཞུགས། རྗེ་བླ་མ་རིན་པོ་ཆེས། དགེ་ལ་འདུན་ལྡན་མེ་ཤེལ་ཁམས་ལས་གྲུབ། ། ལུང་རྟོགས་ཡོན་ཏན་འོད་བརྒྱ་འབར་བའི་གཟིས། ། མདོ་སྔགས་བསྟན་པའི་པད་ཚལ་ཕྱོགས་ཀྱི་མཐར། ། སྤེལ་མཁས་སྨྲ་བའི་ཉི་མར་གསོལ་བ་འདེབས། ། ཞེས་སོགས་བཀྲ་ཤིས་དབྱངས་ཀྱིས་རབ་ཏུ་བསྔགས་ཤིང་། འཇམ་དབྱངས་དམར་སེར། སེང་ལྡིང་ནགས་སྒྲོལ། ཆོས་རྒྱལ་ཕྱི་ནང་གསང་གསུམ། མགོན་པོ་ཕྱག་དྲུག་པ། ཁྲོ་བོ་རྨེ་བརྩེགས་སོགས་ཀྱི་རྗེས་གནང་དང་། འཇིགས་བྱེད་དཔའ་གཅིག་གི་དབང་བཅས་ཞིབ་རྒྱས་སུ་བསྩལ། ལོ་དེའི་ཟླ་བརྒྱད་པའི་ནང་འཕྲང་དམར་ཚོ་བཅུ་གཉིས་དང་ཕྱོགས་ཀྱི་དགོན་སྡེ་དུ་མའི་སྐྱ་སེར་ཡོངས་ཀྱིས་རྟ་བསུ་དང་སེར་སྦྲེང་གི་སྤྲོས་པ་རྒྱ་ཆེན་པོས་གདན་ས་བཀྲ་ཤིས་ཆོས་རྫོང་གི་སྐུ་ཕྲེང་གོང་མ་རྣམས་ཀྱི་ཁྲི་ལ་མངའ་གསོལ། རབ་རྒྱལ་མེ་བྱ་ཕྱི་ལོ་༡༩༣༦ལོའི་སྣྲོན་ཟླར་སངས་རྒྱས་སྣང་བ་མཐའ་ཡས་དཔལ་མར་མེ་མཛད་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོ་ལུགས་གཉིས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་མ་ཧཱ་ཙི་ནའི་ཡུལ་ནས་ཕེབས་ལམ་འཁོར་ཁྲི་ཕྲག་མང་པོས་བསུས་ཏེ་གཤོང་མོ་ཆེ་བྱང་ཆུབ་བདེ་ཆེན་གླིང་དུ་ཞབས་ཟུང་འཁོར་ལོའི་རི་མོ་རྣམ་པར་བཀོད་དེ་ཞག་མལ་མཛད་སྐབས། གཞིས་བྱེས་ཀྱི་བླ་སྤྲུལ་བཤེས་གཉེན་རྣམས་དང་ལྷན་ཏུ་ཕྱག་དབང་དང་སྐྱབས་འགྲོ། དགའ་ལྷ། བསྟན་འབར་མ་སོགས་ཀྱི་ལྗགས་ལུང་ཐོབ་པའི་སྐལ་བཟང་མངོན་དུ་གྱུར། བདག་ཉིད་ཆེན་པོ་འདི་བ་གཙོས་པའི་བླ་གྲྭ་དམངས་ཀྱིས་སྐུ་གསུང་ཐུགས་རྟེན་སོགས་འབུལ་དངོས་སྤམ་མཐོ་བ་བཏེགས། མེ་གླང་ལོར་འཇམ་མགོན་བསྟན་པའི་སྣང་བྱེད་ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས་ལས་སྨོན་ལམ་རྣམ་ལྔ། སྤྱོད་འཇུག་ཆེན་མོ་སོགས་ཆོས་སྤྱོད་ཐོར་བུ་སྣ་ཚོགས་ཀྱི་ལུང་། ཚེ་ལྷ་རྣམ་གསུམ། མཁའ་སྤྱོད་མ། སྟག་ཕུའི་སྒྲོལ་མ། མགོན་ཆོས་ལྔའི་རྗེས་གནང་བཅས་གསན་བཞེས་མཛད་ཅིང་། སྒྲོལ་མའི་སྙན་པ་ཚད་ལྡན་བཏང་། ས་སྟག་ལོའི་ཧོར་ཟླ་གཉིས་པར་ཐར་ཤུལ་རིན་པོ་ཆེ་གཙོས་པའི་ཁྲི་ཀའི་རི་ཁྲོད་འཛིན་པའི་བླ་མ་བཅུ་ཕྲག་ལྷག་དང་། བྱ་བཏང་རི་ཁྲོད་པའི་དགེ་འདུན་བརྒྱ་ཕྲག་ལྷག་རང་དགོན་དུ་ཞུས་ཏེ་ཟླ་གཅིག་ལྷག་རིང་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་པའི་མཇུག་ཏུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེས་འཇམ་སྡུད་བཟང་གསུམ་དང་། རྩ་རྒྱུད་རྟོགས་བདུན་པ། གསང་འདུས་རྩ་རྒྱུད་ལེའུ་ཐོག་མཐའ་བཅས་ཀྱི་ལྗགས་ལུང་དང་། སྒྲུབ་ཐབས་བརྒྱ་རྩ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སྟེ་བརྒྱ་རྩ་གསུམ་གྱི་རྗེས་གནང་ཉིས་བརྒྱ་ང་བཞི། ལྷག་ལྷ་དེ་དག་གི་ཆོ་གའི་ལུང་བཅས་སྔ་ཕྱིར་བསྩལ་བ་གསན་བཞེས་གནང་། འདུ་ཁང་དང་མགོན་ཁང་ལྷ་ཁང་སོ་སོར་ཡང་བསྐྱར་བླ་མ་ཡབ་སྲས་ཀྱིས་བཀྲ་ཤིས་པའི་མེ་ཏོག་གཏོར་ཏེ་རྒྱལ་བའི་བསྟན་པ་གོང་ནས་གོང་དུ་འཕེལ་བའི་འཕྲིན་བཅོལ་གཏད་གཉེར་མཛད། ཐར་ཤུལ་རིན་པོ་ཆེས་རྗེ་སྐུ་ལི་མའི་ཐོག་དྲངས། གཟན་ཤམ་ཆ་ཚང་དང་། ཟླ་གམ་གྱི་རྒྱུར་ཕྲུག་གཉིས་བཅས་བསྩལ་ཏེ་ལ་མོ་བདེ་ཆེན་དུ་སློབ་གཉེར་བྱེད་རྒྱུའི་ཞལ་བཀོད་གནང་བས། ལོ་དེར་བླ་མའི་ཐུགས་བཀོད་ལྟར་ཚེ་དཔག་མེད་ཀྱི་སྟོང་ཐང་བཅུ། མགོན་ཆོས་ལྔའི་ཞལ་ཐང་བཅས་ལེགས་པར་བཞེངས་ཏེ་གཟིམ་ཆུང་མཆོད་ཁང་དུ་ཞུས། དེའི་རྗེས་ཆོས་ཀྱི་སྐྱེད་ཚལ་ཆེན་པོ་བདེ་ཆེན་ཆོས་གླིང་དུ་ཆོས་གྲྭར་ཞུགས་ཤིང་། སྙིགས་དུས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་ཐམས་ཅད་མཁྱེན་ཅིང་གཟིགས་པ་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་། གཞུང་བརྒྱ་སྨྲ་བའི་ཉི་མ་ལོ་ཁོག་དགེ་བཤེས་ཤེས་རབ་རྒྱ་མཚོ་རྣམ་གཉིས་ཀྱི་ཞབས་པད་བཀྲ་ཤིས་ཀྱི་རི་མོ་སྤྱི་གཙུག་ནོར་བུའི་རྒྱན་དུ་བསྟེན་ཏེ། ཤེས་རབ་རྣམ་བཞིའི་གྲུ་གཟིངས་གུས་རྟག་བརྩོན་པའི་རླུང་གིས་བསྐུལ་ཏེ་བསྡུས་གྲྭ་ནས་བློ་རྟགས་ཕར་ཕྱིན་བར་དུ་ཚོགས་སུ་རྩོད་གླེང་དང་འདྲི་གཏུག་དཔྱད་གསུམ་དག་པས་གཏན་ལ་ཕབ་སྟེ་གཏན་ཚིགས་ཀྱི་བརྒལ་བརྟག ཁས་ལེན་གྱི་འཛིན་མཚམས། ཕྱི་ནང་གྲུབ་མཐའ་འདྲ་མིན་གྱི་བཞེད་པ་སྤྱི་དང་། བྱེ་བྲག་གྲུབ་མཐའ་རྣམ་བཞིའི་གཞི་ལམ་འབྲས་བུའི་རྣམ་གཞག་གྲངས་ངེས་མཚན་ཉིད་སོགས་གཞུང་དོན་གྱི་དཀའ་གནས་ཕྲ་ཞིང་ཕྲ་བ་རྣམས་དངོས་སྟོབས་རིགས་པའི་ལམ་ནས་བརྡར་ཤ་བཅད་ནས་ཕར་ཕྱིན་གྱི་བར་མཐར་ཕྱིན་མཛད། ས་རྟ་ལོར་ལ་མོ་ཞབས་དྲུང་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་མཚོ་སྔོན་མདའ་བཞིའི་ཞབས་དྲུང་སྒར་ཐོག་ཏུ་དབྱར་བཞུགས་གནང་སྐབས། ཁོང་དང་ལྷན་དུ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཟླ་བཞིའི་རིང་དཔེ་ཁྲིད་རྒྱུན་འབྱམས་གནང་ཞིང་། ༧རྒྱལ་བ་དགེ་འདུན་གྲུབ་པའི་ཐུགས་དམ་གྱི་རྟེན་རྗེ་ང་འདྲ་མའི་དྲུང་ནས་ཉིན་རེར་སྐུ་ཕྱག་བརྒྱ་རེ་དང་། བླ་མ་མཆོད་པ། འཇིགས་བྱེད་དཔའ་བོ་གཅིག་པའི་དབྱུ་གུའི་གཏོར་བསྔོས་རེ་ཆག་མེད་གནང་། ལྕགས་འབྲུག་ལོའི་དབྱར་དུས་བཀའ་དྲིན་མཚུངས་མེད་དམ་པ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་བདེ་ཆེན་དུ་བཞུགས་སྐབས། གོང་ས་ཞབས་དྲུང་མཆོག་སྤྲུལ་གཙོས། གསེར་ཁྲི་ཚང་། གྲགས་རྒན་སྤྲུལ་པའི་སྐུ། རྗེ་འདི་བ་བཅས་གཞིས་བྱེས་ཀྱི་བླ་གྲྭ་བརྒྱ་ཕྲག་ལྷག་ལ་མི་ཏྲ་བརྒྱ་རྩའི་དབང་། ལམ་སྔགས་ཀྱི་ཞལ་ལུང་། གཞན་ལུང་ཕྲན་དུ་མའི་ཆོས་སྦྱིན་བླ་ན་མེད་པ་བསྩལ་ཅིང་། ཆོས་སྟོན་གྱི་སྐབས་ལ་མོའི་རྟེན་མཛད་ཆེན་མོར་ཞིབ་མཇལ་ཞུས། མཇུག་ཏུ་གོང་ས་ཞབས་དྲུང་རིན་པོ་ཆེ་དང་ཡོངས་འཛིན་རྣམ་གཉིས་དང་ལྷན་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་མཚམས་བཏང་། ལོ་དེའི་དགུན་ཐོག་ལོ་རྡོ་རྗེ་བྲག་ཏུ་ཐར་ཤུལ་རིན་པོ་ཆེའི་དྲུང་ནས་རྐ་ཕུག་མཆོག་སྤྲུལ་དང་ལྷན་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་ཉེས་ལྟུང་གི་དྲི་མས་མི་གོས་པའི་གཡར་དམ་ཕུལ། དུས་དེ་སྐབས་སུ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་གནས་མཁན་བླ་གྲྭ་བརྒྱ་ཕྲག་ཙམ་ལ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མ། སྨན་མཆོག་རྒྱས་བསྡུས། སྨོན་ལམ་རྣམ་ལྔ་སོགས་ཀྱི་ལུང་དང་། བདེ་གསང་འཇིགས་གསུམ་གྱི་དབང་སྟ་གོན་དང་བཅས་པ་ཞིབ་རྒྱས་སུ་བསྩལ་བ་འབད་པས་མནོས། དགུང་ལོ་བཅུ་གསུམ་ལ་སྐུ་ཉིད་ཀྱི་སྐྱེད་ཡུམ་འདུས་བྱས་མཐའ་ཅན་དུ་གྱུར་པས་དགོངས་རྫོགས་ཆོས་ཀྱིས་བསྐངས། ཆུ་རྟ་ལོར་རོང་ཞིས་དགོན་ཨ་དར་ཆོས་འཕེལ་གླིང་གིས་མཆོད་མེ་ཆེན་མོ་འཛིན་སྐབས་ཐར་ཤུལ་རིན་པོ་ཆེ་ལས་རྡོ་རྗེ་ཕྲེང་དབང་དང་གཞན་ཆོས་སྤྱོད་སྣ་ཚོགས་ཀྱི་ལྗགས་ལུང་གསན། ལོ་འདི་ཙམ་ནས་རྒྱུན་དུ་ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང་། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་རག་ལས། དེ་ཡང་འཛིན་སྐྱོང་སྤེལ་བའི་མཁན་པོ་ཞིག་ལ་རག་ལས་པ་ཐུགས་ལ་ཤར་མར་འཁྲུངས་ཏེ་ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཆེད་ཞུས་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་ཆེན་པོའི་ཁྲིད་ཞིབ་རྒྱས་སུ་བསྩལ་བར་བརྟེན། ལོ་དེ་རང་ནས་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་ཐོན་པ་ཉེར་གཅིག སྨྱུང་གནས་བསྙེན་ཆེན་ཕུད་པ་དགུ། ཆུ་མིག་བརྒྱ་རྩ་ཐོན་པ་བཅུ་གཅིག་ཙམ་བྱུང་ཞིང་། རྗེ་འདི་བའི་ཐུགས་རྗེའི་གྲིབ་བསིལ་སྣུམ་པའི་མཐུ་ལས་ཡི་གེ་འབྲི་སྦྱོང་དང་། འདོན་རྟ་དབྱངས་འཐེན། ཐིག་རྡུལ་ཚོན། རོལ་མོ་འབུད་རྡུང་། གར་འཆམ་གྱི་ཕྱག་ལེན་སོགས་གཅིག་གིས་གཅིག་ལ་འགྲན་པའི་ཚུལ་གྱིས་སྦྱངས་ཤིང་། ཆོས་ཐོག་གི་སྡིག་རྒྱུན་བཅད་དེ་ཚོགས་གསོག་སྒྲིབ་སྦྱོང་ལ་ཆིག་དྲིལ་མཛད་པས། སྐབས་དེའི་ཆོས་སྲོལ་འདི་འདྲ་སྔར་མ་བྱུང་ཞེས་རྒན་པ་རྣམས་ཀྱིས་གླེང་། ཆུ་ལུག་ལོར་གཞིས་བྱེས་ཀྱི་བླ་གྲྭ་བརྒྱ་ཕྲག་དང་ལྷན་དུ་གཡུ་བཟང་ཐང་དུ་པཎ་ཆེན་ཡོངས་འཛིན་རིན་པོ་ཆེ་རྗེ་འཇིགས་མེད་རྒྱ་མཚོ་མཆོག་ལས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་གསན་ཞིང་མཇུག་བྲག་དཀར་མེ་ལོང་དུ་ལེགས་པར་གྲུབ། ཤིང་སྤྲེལ་ལོར་ཧོར་ཀྱའི་གྲྭ་ཚང་བསམ་གཏན་གླིང་དུ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་ལས་དམ་ཆོས་དུ་མ་མནོས། ཤིང་བྱ་ལོར་རྙེ་བློ་བཟང་འཕྲིན་ལས་རབ་རྒྱས་དགོངས་པ་ཞིང་གཞན་དུ་གཏད་པས། རྗེ་འདི་བས་གདུང་མཆོད་དང་དགོངས་རྫོགས་ཀྱི་ཁུར་ཡོངས་རྫོགས་བཞེས། ཡང་སྤྲུལ་ཉི་མའི་གཟི་བྱིན་མྱུར་དུ་སྤྲོ་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་ཏེ་དགོན་གོང་འོག་གཉིས་ཁྱད་མེད་དུ་བསྐྱངས་པས། དགེ་འདུན་བགྲེས་གཞོན་བར་གསུམ་གངས་རིའི་མདངས་ལ་ཟླ་འོད་བྱུགས་པ་ལྟར་ཐུགས་གཅུགས་པར་གྱུར། མེ་ཁྱི་ལོར་པཎ་ཆེན་གཞུང་གིས་གདན་ཞུས་ལྟར་ཨ་ལགས་བླ་ཁོ་རིན་པོ་ཆེས་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོར་རབ་བྱུང་གི་སྡོམ་པ་དང་བཀའ་ཆོས་འབུལ་སྐབས། ཕྱོགས་འདུས་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་དང་མཉམ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གཙོས་པའི་རིན་འབྱུང་བརྒྱ་རྩ་སོགས་ཆོས་བཀའ་མཐའ་ཡས་པ་གསན་བཞེས་གནང་བ་ཡིག་ཚོགས་ལ་འཇིགས་ནས་ཞིབ་ཏུ་མ་བྲིས། །
བཀའ་ཆོས་ཀྱི་བར་གསེང་དུ་གསེར་གདུང་ཆེན་མོའི་མདུན་ཟླ་བཞི་ལྷག་རིང་བརྐྱངས་ཕྱག་བརྒྱ་རེ་ཆག་མེད། མཇུག་ཏུ་གསེར་གདུང་ཆེན་མོའི་མདུན་དུ་རྗེ་སྟོང་མཆོད་ངོས་གཙང་ཞིག་ཕུལ་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བླ་མ་རིན་པོ་ཆེས་ཐུགས་དགྱེས་པའི་ངང་ཐུབ་པའི་སྐུ་བྱིན་ཅན་ཞིག་གནང་ནས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་ཞལ་བཞེས་ཐུགས་ཚིམས་པ་ཕེབས། མེ་ཁྱི་ལོར་རྙེ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱལ་མཚན་རྐང་ཚ་ཉ་ནག་ཏུ་འཁྲུངས། ས་བྱི་ལོར་རྙེ་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་ཉིན་བྱེད་གསར་དུ་བཞད་པའི་རྟེན་འབྲེལ་ལ་མཚོ་སྔོན་ཕྱོགས་སུ་ཆིབས་བསྐྱོད་གནང་སྟེ་ས་དེ་གའི་ལུས་ཅན་ཐམས་ཅད་ཆོས་ཆར་བླ་ན་མེད་པས་ཚིམས་པར་མཛད་ཅིང་རྣམ་གྲོལ་དགེ་བའི་དཔལ་ལ་བཀོད། ས་གླང་ལོར་སྐུ་འབུམ་དུ་མི་ཉག་མཆོག་སྤྲུལ་ངག་དབང་ལེགས་བཤད་རྒྱ་མཚོའི་དྲུང་ནས་ཐུའུ་བཀྭན་གསུང་འབུམ་གྱི་ལུང་ཆ་ཚང་གནོས། ལོ་དེའི་ཟླ་གཉིས་པར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་གཙོས་ཁྲི་ཀའི་ཀུན་སྤངས་རི་ཁྲོད་འཛིན་པ་བརྒྱ་ཕྲག་ལྷག་སྣང་རའི་གསེར་ཁང་ཆེན་མོར་སྤྱན་དྲངས་ནས་སྲི་ཞུ་ཕུན་སུམ་ཚོགས་པ་ཞུས། ཟླ་གསུམ་པར་ཐར་ཤུལ་རིན་པོ་ཆེ་ལོ་རྡོ་རྗེ་བྲག་ཏུ་བཞུགས་སྐབས། ལ་མོ་ཞབས་དྲུང་དང་། གསེར་ཁྲི་ཚང་ངང་རོང་མཁན་པོ་སོགས་གཞིས་བྱེས་ཀྱི་བླ་སྤྲུལ་བརྒྱ་ཕྲག་ཙམ་དང་ལྷན་དུ་ཚོགས་པ་ཁྲིར་ཉེ་བ་ལ་ཉིན་བཞིའི་ལུགས་ཀྱི་སྟ་གོན་སྔོན་དུ་འགྲོ་བའི་བྱས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་ལེགས་པར་གསན་ཅིང་། ཟང་ཟིང་གི་དངོས་འབུལ་སྤམ་མཐོ་བཏེགས། ལོ་དེར་མཚོ་སྔོན་རྐང་ཚས་གདན་ཞུས་ལྟར་ཁྱབ་བདག་རྡོ་རྗེ་འཆང་ཆེན་རྗེ་ཐར་ཤུལ་རིན་པོ་ཆེ་ལུགས་གཉིས་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་འཁོར་བརྒྱ་ཕྲག་དུ་མས་བསྐོར་བཞིན་ཕེབས་ལམ་སྐུ་བསྙུན་ཚུལ་བསྟན་པས། རྗེ་འདི་བ་དང་། རི་ངན་མཆོག་སྤྲུལ་བློ་བཟང་བསྟན་པའི་རྒྱལ་མཚན། རོང་ཞིས་ཆོས་འཕེལ་སོགས་ཀྱིས་ཕྱག་མཛོད་ཨ་དྷ་ཚང་ལ་ནན་ཞུས་བགྱིས་ཏེ་ཕྱིར་གདན་དྲངས་ཏེ་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་དུ་བཞུགས། འཕྲལ་དུ་ཕྱོགས་སོ་སོའི་རི་ཁྲོད་པ་རྣམས་དང་། དགོན་སྡེ་སོ་སོར་ཞབས་རིམ་བསྒྲུབ་དགོས་ཀྱི་བཀའ་ཡིག་བཏང་སྟེ་བརྟན་བཞུགས་འབུལ་གྲབས་གནང་སྐབས། ཡུལ་སྤྱིའི་བསོད་ནམས་ཀྱི་མཐུ་དམན་པས་བརྟན་བཞུགས་འབུལ་ལོངས་མ་བྱུང་བར་ཟླ་ལྔ་པའི་ཚེས་ཉེར་གཉིས་ལ་གློ་བུར་དུ་གཟུགས་སྐུའི་བཀོད་པ་བསྡུས། མི་རིང་བར་སྐུ་གདུང་ཡིད་བཞིན་ནོར་བུ་རིན་པོ་ཆེ་བཞེངས་མགོ་བརྩམས་ཏེ་ཕྱག་མཛོད་ཨ་དྷ་ཚང་གིས་མཆོད་རྟེན་གྱི་སྒོ་རྒྱན་ནང་དུ་བླ་མ་རིན་པོ་ཆེའི་འདྲ་སྐུ་ཞིག་འབྲི་དགོས་པའི་གསུང་བཀོད་ལྟར། རྗེ་འདི་བས་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་ངལ་དྲག་པོས་སྤྱན་ཆབ་བསིལ་བཞིན་འདྲ་སྐུ་བྱོན་ལེགས་ཤིག་ཕྱག་བྲིས་མཛད་དེ་སྒོ་རྒྱན་དུ་བཞུགས་སུ་གསོལ། ལྕགས་ཡོས་ལོར་སྐུ་འབུམ་དུ་པཎ་ཆེན་སྣང་བ་མཐའ་ཡས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མནོས། ཆུ་སྦྲུལ་ལོར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་པོ་ལ་མོ་བདེ་ཆེན་དུ་གདན་འདྲེན་ཞུ་སྐབས། སྟག་རི་དགོན་གྲོང་གིས་ལམ་ཁའི་ཉེ་འགྲམ་ཞིང་ས་ཞིག་གི་སྟེང་ཇ་ཐབ་བརྒྱབ་ནས་གདུང་མཇལ་ཞུས། ལོ་དེར་རྙེ་མཆོག་སྤྲུལ་རིན་པོ་ཆེ་མི་བསུ་མཆོད་བསུ་རྟ་བསུ་རིམ་པ་ཚར་དུ་དངར་བས་གདན་སར་ཁྲི་འདོན་མཛད། རྗེ་འདི་བས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་མཎྜལ་བཤད་པ་ཕུལ། ཤིང་རྟ་ལོར་རྔ་སྒར་བྱང་ཆུབ་གླིང་དུ་བླ་མའི་མཆོག་སྤྲུལ་རིན་པོ་ཆེའི་གསེར་ཞལ་ཐོག་མར་མཇལ། ཤིང་ལུག་ལོར། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས་ཏེ་འདུ་ཁང་ཆེན་མོ་དང་། རྒྱུད་སྟོད་སྨད། དུས་འཁོར། ཀྱེེ་རྡོར། ལྷ་ཁང་སོ་སོའི་གདུང་རྟེན་རྣམས་ལ་ཞིབ་མཇལ་དང་མཎྜལ་ཡན་ལག་བདུན་པའི་སྒོ་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་ཐུགས་སྨོན་ཤུགས་དྲག་བཏབ། མདོ་རྒྱུད་བསྟན་པའི་ཉིན་བྱེད་ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཆོག་སྤྲུལ་དང་། གུང་ཐང་རིན་པོ་ཆེའི་མཆོག་སྤྲུལ་རྣམ་གཉིས་ལ་ནང་མཇལ་ཞུས་ཤིང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇིགས་མེད་རིན་པོ་ཆེའི་མདུན་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྨོན་ལམ་གྱི་སྟེང་ནས་བསྐྱེད་རྫོགས་ཀྱི་ཁྲིད། འཇམ་དབྱངས་དཀར་པོ། དབྱངས་ཅན་མ་དཀར་མོ། སེང་གདོང་མ་རྣམས་ཀྱི་ཆོས་སྐོར་དང་ལས་ཚོགས་ཀྱི་ལུང་བཅས་ཐུགས་བཞེས་གནང་། མེ་སྤྲེལ་ལོ་ལ་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་ལ་མཇལ་སྐོར་དུ་ཕེབས་ཏེ་གནས་མཇལ་གང་ཞིབ་མཛད་སྐབས་རྡོའི་ཨ་ཡིག་རང་བྱོན་ཞིག་བྲག་ཐེམ་ཞིག་ལས་གློ་བུར་དུ་སྐུ་པང་དུ་ལྷུང་སྟེ་སྐུ་རྟེན་དུ་ཐོབ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་ཞྭ་དམར་རིན་པོ་ཆེའི་ལམ་རིམ་གྱི་གཙོས་པའི་དབེན་ས་ཡབ་སྲས་གསུམ་གྱི་བཀའ་འབུམ་གྱི་ལུང་དང་། རྗེ་འདི་བ་དང་གདུལ་བྱ་སྣོད་ལྡན་ཉུང་ཤས་ཤིག་ལ་ཆོས་རྒྱལ་ཡང་གསུངས། ལྕམ་སྲིང་བེའུ་བུམ་སོགས་ཀྱི་ལུང་དུ་མ་ལྐོག་ཆོས་སུ་བསྩལ། ཚུལ་འདི་ལ་རྗེ་ཙོང་ཁ་པ་ཆེན་པོས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། ། ཞེས་གསུངས་པ་ལྟར་མཚན་ལྡན་གྱི་བླ་མ་དམ་པ་དག་ལས་དཀའ་བས་ཐོབ་པའི་གཞུང་དོན་ཐམས་ཅད་བདག་འཛིན་གྱི་ཉེན་ཡུལ་མེད་པར་སྟོང་ཉིད་ཀྱི་ངང་དུ་རྩེ་གཅིག་ཏུ་ཉམས་པར་བཞག་པ་དང་། ལོ་ལྟར་དགུན་ཉི་ལྡོག་ནས་བཟུང་ཡི་དམ་གྱི་ལྷག་ལྷ་སོ་སོའི་བསྙེན་པ་ཆག་མེད་བཏང་ཞིང་། རྒྱུན་པར་ཕྱག་སྐོར་དང་མཎྜལ་མཆོད་འབུལ་སོགས་བསགས་སྦྱང་ལ་འབད་པ། ཕྱག་རྒྱུ་ཅི་ཡོད་ཕངས་མེད་དུ་གཞན་ལ་གཏོང་བ་དང་། དཔལ་རྡོ་རྗེ་རྣོན་པོའི་རྣལ་འབྱོར་ལ་ཆིག་དྲིལ་མཛད་པས་ཐུབ་པའི་བསྟན་པ་རིན་པོ་ཆེ་ལས་རྟོགས་པའི་གོ་འཕང་མཐོན་པོར་མངའ་བརྙེས་པའི་ལྗོན་པ་ཆེན་པོར་གྱུར་ཏོ། ། ལྷ་ཁང་རྟེན་བརྟེན་པ་བཅས་པ་དབང་གཞུའི་གཟུགས་བརྙན་ལྟར་རྗེས་མེད་དུ་ཡལ་ཏེ་ཐུབ་པའི་བསྟན་པ་ལ་ཉམས་འགྲིབ་ཆེན་པོ་བྱུང་བར་བརྟེན། རྗེ་བླ་མ་འདི་ཉིད་ཁྲི་མུན་དུ་ལོ་གྲངས་བཅུ་ཕྲག་གཉིས་ལྷག་ལ་བཞུགས་དགོས་བྱུང་བའི་སྐབས་སྡུག་ལས་སྣ་ཚོགས་དབང་མེད་དུ་མྱངས་མོད་འཇིགས་པ་དང་ཞུམ་པ་མེད་པར་ཐུགས་རབ་ཏུ་སྤྲོ་བའི་ངང་ཏིང་ངེ་འཛིན་གྱི་ཟས་བཅུད་ཁོ་ནར་བསྟེན་ཅིང་ཉིད་ཀྱི་གསོལ་སྐལ་གཞན་ལ་གནང་སྟེ། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། ། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། ། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། ། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། ། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། ། ཞེས་སོགས་ཀྱི་སྒོ་ནས་དགེ་སྡིག་གཏོང་ལེན་གནང་ཞིང་། སྐྱབས་འགྲོ། ཡིག་བརྒྱ། ཕུང་བོ་གསུམ་པའི་མདོ། དམ་ཚིག་རྡོ་རྗེའི་བཟླས་པ། སྒྲོལ་བསྟོད་སོགས་ཆག་མེད་དུ་བཟླས་བརྗོད་གནང་བས་རྐྱེན་ངན་གྲོགས་སུ་གྱུར་ཅིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཞི་ནས་གསོ་བའི་ཐུགས་སྨོན་བཞེས་པ་ནི་རྒྱལ་སྲས་འཕགས་པའི་རྣམ་ཐར་རྨད་དུ་བྱུང་བས་ད་ལྟ་ཞབས་པད་གཡོ་མེད་ཡུན་བརྟན་ངང་ཉམས་ལེན་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བཞིན་པའི་སྐབས་ལགས་སོ། །
སྒྲུབ་སྡེ་འདི་ཉིད་ཇི་ལྟར་ཆགས་འདེབས་མཛད་པའི་ཚུལ། སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ་ལྷོ་བྲག་གྲུབ་ཆེན་སེང་གེ་རྒྱལ་མཚན་སྐུ་ཚེ་སྨད་ལ་ད་ལྟའི་དགོན་པའི་རྒྱབ་རི་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་ཕོ་བྲང་ནུབ་བདག་རྡོ་རྗེ་འབར་བའི་རི་ངོས་རང་བྱུང་བྲག་ཕུག་ཅིག་ཡོད་པ་དེར་བཅད་རྒྱ་དམ་པོས་ཡུན་རིང་སྐུ་མཚམས་མཛད་ཅིང་འགྲོ་དོན་དཔག་མེད་བསྐྱངས། མཐར་ས་འདུལ་དུ་སྐུ་གདུང་བྱུ་རུའི་འཁྲི་ཤིང་གནས་དེ་རང་དུ་སའི་འབྱུང་གཞི་ཆེན་པོར་བསྟིམ་དགོས་པའི་ཞལ་ཆེམས་བཀོད། ཕྱིས་བློ་བཟང་ཉི་མའི་ཞལ་སྔ་ནས་ཀྱང་གནས་དེར་ཡུན་རིང་བཞུགས་ཤིང་། དཔལ་རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱི་གཟི་བྱིན་གཡང་དུ་ཆགས་པས་ས་མིང་བཀྲ་ཤིས་གཡང་ཆགས་སུ་འབོད་པ། བདེ་མཆོག་གི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བྱེ་བྲག་རྡོ་རྗེ་འབར་བའི་ཁྱད་ཆོས་མ་ལུས་པ་ལྷུན་གྱིས་གྲུབ་པས་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་རྡོ་རྗེ་གར་ལ་རྣམ་པར་རོལ་བ་ནམ་འདོད་དུ་གཟིགས་སྣང་དུ་ཕེབས་པ། ལས་བཞི་སྤྱི་དང་ཁྱད་པར་དབང་གི་ལས་འགྲུབ་སླ་བ་བཅས་བཀྲ་ཤིས་པའི་དགེ་མཚན་དུ་མས་མངོན་པར་བརྒྱན་པ་གཟིགས་པ་དག་པའི་ཡེ་ཤེས་ཀྱིས་གཟིགས་ནས་རྒྱུད་ལྟར་ས་རྟགས་བསླངས་ཤིང་བཀྲ་ཤིས་གསོ་སྦྱོང་མཛད། སྟག་རི་གྲྭ་ཚང་དེ་གྲོང་སྡེ་དང་འདབས་འབྲེལ་དུ་ཡོད་པས་འདུ་འཛི་འཕེལ་བ་སོགས་ལ་གཟིགས་ནས། རབ་དྲག་ཆུ་ཡོས་ཕྱི་ལོ་༡༦༦༣ལོའི་ཡས་མས་ཙམ་ལ་སྟག་རི་གྲྭ་ཚང་ད་ལྟའི་དགོན་གནས་འདིར་གནས་སྤོས་ཏེ། ཐོག་མའི་ས་འཛིན་དུ་མདའ་ཡབ་ཉིས་བརྩེགས་ཅན་ཕྱི་སྐོར་དང་བར་སྐོར་གཉིས་སུ་ཕྱེ་བའི་དུས་གསུམ་སངས་རྒྱས་ལྷ་ཁང་གྱན་ཉེར་ལྔ་དང་རྟེན་བརྟེན་པ་བཅས་གསར་བཞེངས་བྱས་ཏེ་ཐིས་པ་བཀྲ་ཤིས་ཆོས་རྫོང་ཕྱག་འདེབས་མཛད། རྡོ་རྗེ་ཕག་མོ་རིའི་འདབས་ཞོལ་དེར་ཕྱག་ཚ་འདེབས་པའི་ས་རྒྱུ་བཟང་བོ་ཞིག་ཡོད་པར་རབ་གནས་མཛད་པས་ས་ཅི་ཙམ་བླངས་ཀྱང་ཟད་དུ་མེད་པ་དང་། ད་ལྟའང་ཡུལ་དེའི་མི་རྣམས་ཀྱིས་ས་འབུམ་བཞེངས་ཚེ་ས་རྒྱུ་དེ་རང་ནས་ལེན་དགོས་པའི་སྲོལ་བཏོད་པ་ནི། སྔར་ཆོས་རྗེ་དོན་རིན་པས་ཐོག་མར་བྱ་ཁྱུང་གི་གནས་རི་འཚོལ་སྐབས་རྨ་དར་གོང་བར་ཕྱག་ཚའི་ས་རྒྱུ་བྱིན་གྱིས་བརླབས་པ་དང་ཀུན་ནས་མཚུངས། ལོ་དེ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མང་དུ་སྣང་བ་ལས་ཕུག་པ་ཡབ་སྲས་ཀྱི་ལུགས་ལ། ལྕགས་སྤྲེལ་ལ་འཁྲུངས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཉེར་གསུམ་པ་དང་། ལྕགས་འབྲུག་ལ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཞེ་གསུམ་པ། མཉམ་མེད་རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་རབ་དུས་མེ་བྱ་ལ་འཁྲུངས་ནས་ལོ་སུམ་བརྒྱ་དྲུག་པ། རབ་གཟའ་ས་གླང་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་ནས་ལོ་ཉིས་བརྒྱ་ང་བཞི་བ། རབ་སོར་ཆུ་ལུག་ལ་སྐུ་འབུམ་བྱམས་པ་གླིང་བཏབ་ནས་ལོ་བརྒྱད་ཅུ་བ་བཅས་ཡིན་པས། ལོ་དེ་ནས་རབ་རྒྱན་ལྕགས་ལུགས་འདི་ཡན་ལ་ལོ་སུམ་བརྒྱ་ཉེར་བརྒྱད་སོང་བ་དང་། སྟག་རི་གྲྭ་ཚང་བཏབ་ནས་ལོ་སུམ་བརྒྱ་དོན་ལྔ་ཕྱིན་པའང་ཞོར་ལ་ཤེས་པར་བྱའོ། །
བློ་བཟང་ཉི་མ་སྐུ་ན་ཆུང་དུས་ཆུ་བཟང་དགོན་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་དུ་ཕེབས་ནས་སློབ་གཉེར་གནང་བས་དང་ཐོག་སྡེ་འདི་ཆུ་བཟང་དགོན་པའི་དགོན་ལག་ཏུ་བགྲང་བ་ཡོད་ཀྱང་། དུས་ཕྱིས་བླ་མ་སྐུ་ཕྲེང་རིམ་བྱོན་ལ་མོ་བདེ་ཆེན་གྱི་ཆོས་གྲྭར་འགྲིམས། དེ་གའི་སློབ་དཔོན་གྱི་ཁྲི་བསྐྱངས་པས་ལ་མོ་བདེ་ཆེན་གྱི་དགོན་མ་ལག་ཉེར་ལྔའི་གྲས་སུ་གཏོགས་པ་ཡིན་ནོ། ། ཡང་ཁ་ཅིག་གིས་ཐིས་པ་བཀྲ་ཤིས་ཆོས་རྫོང་ནི་རྙེ་དགོན་པའི་བུ་དགོན་དུ་བཞེད་པ་མི་འཐད་དེ། རྙེ་སྒོམ་ཆེན་པ་བློ་བཟང་ནམ་མཁའ་ཐིས་པ་དགོན་རང་དུ་བཞུགས་ཤིང་། ད་ལྟའི་དགོན་གོང་མའི་མགོན་ཁང་གི་ཤུལ་སྒོམ་ཁང་དུ་གྲགས་པའི་བྲག་ཕུག་ཏུ་སྒྲུབ་པ་མཛད། ལྕི་ལེབ་ཀྱིས་རྭ་བ་བྱས་ཏེ་བཞུགས་པས་རྙེ་རུ་ཐོགས། རྙེ་ནི་བརྡ་རྙིང་ལ་ལྕི་བའི་མིང་ཡིན། ཕྱིས་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་དགོན་ཞོལ་མ་ནས་དགེ་འདུན་བདུན་ཁྲིད་དེ་སྐུ་གོང་མའི་སྒྲུབ་གནས་དེར་དགོན་པ་བཏབ་པས་ད་ལྟའི་དུས་ན་ཡང་ཆོས་ཐོག་ཆེན་མོའི་སྐབས་ནམ་རྒྱུན་དུ་ཚོགས་སྐལ་བདུན་ཕུལ་བའི་སྲོལ་མ་ཉམས་པར་གནས་པའི་ཕྱིར་རོ། །
དེ་ཡང་བློ་བཟང་སྨྲ་བའི་ཉི་མ་མཆོག་གིས་ལུགས་གཉིས་རྫུ་འཕྲུལ་གྱི་དཔུང་བ་གཏུམ་པོའི་མཐུ་ལས་དུས་གསུམ་སངས་རྒྱས་ལྷ་ཁང་གྱན་ཉེར་ལྔ། བཀའ་འགྱུར་ལྷ་ཁ་དགུ། མགོན་ཁང་། ཐོག་བརྩེགས་གཉིས་ཅན་གྱི་བྱམས་ཁང་གྱན་ཉི་ཤུ། ལི་མ་ཁང་བཅས་ལྷ་ཁང་ལྔ་དང་། འདུ་ཁང་ཆེན་མོ། གྲྭ་ཤག་འགའ་ཤས་བཅས་བཞེངས་པ་གྲུབ་སྟེ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་བཙུགས་པ་དང་། འདོན་རྟ་དབྱངས་འཐེན། ཕག་རྒྱ། རོལ་མོ་འབུད་དཀྲོལ། མཆོད་པ་བཤམས་ལུགས་ཚུན་ཆད་ཀྱི་ཕྱག་ལེན་ཐམས་ཅད་དམ་པ་ཉིད་ཀྱིས་བསླབས་ཏེ་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་ཁྲིམས་རྣམ་པར་དག་པའི་རྒྱུན་བཙུགས་པ་ད་ལྟའི་བར་དུ་མ་ཉམས་པར་གནས་པ་འདི་ཡིན་ལ། རྗེ་འདི་བས་བཅའ་ཡིག་ཆེན་མོ་ཕྱག་རྩོམ་མཛད་དེ་ལོ་ལྟར་དབོ་ཟླའི་ཚེས་བརྒྱད་ལ་དགེ་བསྐོས་ཁྲི་ལ་གསར་བཞུགས་གནང་སྐབས་ཚོགས་ཡོངས་སུ་བཅའ་ཡིག་སྒྲོགས་འདོན་དང་། ཕྱིས་སྐུ་ཕྲེང་དུ་མར་རིམ་གྱིས་གྲྭ་པ་གཅིག་གིས་རྡུལ་ཚོན། སྤྱི་གཉེར། དཀོར་གཉེར་སོགས་སྔ་ཕྱིར་ལོ་བཅུ་གཅིག་ལ་གཉེར་ཁུར་དགོས་པའི་སྲོལ་བཏོད་ཀྱང་། དུས་ཕྱིས་མཱ་ཇག་གི་དཔྱ་ཁྲལ་ལྕི་བའི་རྐྱེན་གྱིས་ཆོས་ཐོག་གི་གཉེར་གཏོང་ཁག་པོ་བྱུང་བ་དང་གྲྭ་ཚོགས་ཀྱང་ཆེར་རྒྱས་པས། སྔར་སྲོལ་ལྟར་མི་གཅིག་གིས་ལོ་བཅུ་ལྷག་ལ་དགོན་པའི་སྤྱི་ལས་བགྱིས་ན་ཉམས་ལེན་ལ་གནོད་པར་དགོངས་ནས། སྐུ་ཕྲེང་དྲུག་པ་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་གྲྭ་པ་གསུམ་རེས་ལོ་གསུམ་ལ་གཉེར་འཁུར་བས་འཐུས་པར་མཛད་ཅིང་། དགེ་བསྐོས་ལོ་ལྟར་བླ་མས་བསྐོ་བཞག་གིས་སྔ་ཕྱིར་ལོ་སྐོར་གཉིས་ལ་བཞུགས་དགོས་པ་ཡིན།
སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་གསལ་བྱེད་ཆོས་ཀྱི་ཉི་མའི་སྐུ་རིང་ལ། དགོན་པའི་བྱང་ཕྱོགས་སུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གསུང་པོད་བཅུ་གཉིས། ༧རྒྱལ་མཆོག་བདུན་པའི་ཞབས་བཅག་དང་ཆིབས་སྒ། ལྕང་སྐྱ་གོང་མའི་སྐུ་ཆོས་སོགས་རྟེན་བྱིན་ཅན་མང་པོ་ནང་རྟེན་དུ་བཞུགས་པའི་རྣམ་རྒྱལ་མཆོད་རྟེན་ཆེན་པོ་སྒོ་བཞི་ཅན་དང་། བྱམས་ཁང་ཆེན་མོར་ཕྱི་སྐོར་ནང་སྐོར་གཉིས་ཕྱེས་ཏེ་སྟེང་དུ་སོ་ཕག་གི་རྒྱ་ཕིབས་དང་གསེར་ཏོག་གིས་བརྒྱན་ནས་རྒྱ་བསྐྱེད་མཛད། རྟེན་གྱི་གཙོ་བོར་རྗེ་བཙུན་བྱམས་མགོན་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འཕྲོ་བ་ཞིག་གསར་དུ་བཞེངས་ནས་ཉིད་ཀྱིས་དབུས་ནས་ཞུས་ཡོང་བའི་རྟེན་འགངས་ཆེ་བ་ཕལ་ཆེར་གཟུངས་གཞུག་ཏུ་ཕུལ། བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་དུས་སུ་ཁྲི་ཀའི་རི་ཁྲོད་འཛིན་པ་མང་པོ་ལོ་ལྟར་བཀྲ་ཤིས་ཆོས་རྫོང་དུ་ཚོགས་ནས་ཆོས་ཐོག་གཏོང་བ་དང་། དམ་པ་ཉིད་ཀྱིས་འཕྲང་དམར་ཚོ་བཅུ་གཉིས་དང་སྤྱི་སྡེ་དྲུག་གི་ལུགས་གཉིས་ཀྱི་ཁྲི་ལ་དབང་བསྒྱུར་བས་ཆོས་སྲིད་ཀྱི་གྲགས་པ་རིང་དུ་འཕུར། སྔོན་གྱི་འདུ་ཁང་དེ་ཁྱོན་ཆུང་ཞིང་རྙིང་སྐྱོན་ཆེ་བར་གཟིགས་ནས་གྲྭ་སློབ་ནགས་ཚང་བརྩོན་འགྲུས་ལས་དཔོན་དུ་བསྐོས་ཏེ་ཉིས་ཐོག་ཀ་རིང་བཞིས་བཏེགས་པའི་འདུ་ཁང་ཆེན་མོ་གྱན་རེ་ལྔ་ཅན་བཞེངས་པ་གྲུབ་ནས་འདུ་ཁང་གི་སྟེང་འོག་བར་གསུམ་གྱི་ཚོན་རིས་དང་གྱན་ཐང་ཐམས་ཅད་གསེར་འབའ་ཞིག་གིས་བསྒྲུབས་པས་སྐུ་དྲིན་མཆོག་ཏུ་ཆེ་ཞིང་། དགོན་པའི་ལྕགས་རིའང་ཕལ་ཆེར་རྗེ་འདིའི་རིང་ལ་བསྐྲུན། ལྕགས་རིའི་སྒོ་ཆེན་གྱི་གཡས་གཡོན་དུ་མ་ཎི་འཁོར་ཆུང་བཅུ་ཕྲག་གཉིས་བཞེངས་པར་མ་ཟད། སྡེ་འདིའི་ཐར་ཤུལ་རིན་པོ་ཆེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་མཆོག་ལ་གཟིམ་ཆུང་ཞིག་ཀྱང་བཞེངས། སྐུ་ཕྲེང་ལྔ་པ་དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་གིས་ཨ་རིག་ཡོན་ཤུལ་བློ་བཟང་རྒྱ་མཚོར་གཟིམ་ཆུང་བཀོད་ལེགས་ཤིག་དང་། འདུ་ཁང་ཆེན་མོའི་ནང་དུ་གསེར་འབའ་ཞིག་ལས་གྲུབ་པའི་སྒྲོལ་མའི་སྟོང་ཐང་། སངས་རྒྱས་སྟོང་ཐང་། རྒྱན་དྲུག་མཆོག་གཉིས་ཀྱི་གོས་དྲུབ་ཐང་ག་དགུ། གོས་དྲུབ་ནོར་བུའི་དྲ་བ་དྲ་ཕྱེད། ཞབས་བརྟན་ལྷ་ཁང་དུ་རྗེ་ལི་སྐུ་ང་ལྔ། གསེར་ཟངས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། སྒོ་མངས་རིན་པོ་ཆེ་དགེ་འདུན་བསྟན་པ་དར་རྒྱས་ཀྱི་ཐུགས་བཀོད་ལྟར་སེང་གེ་སྒྲའི་མ་ཎི་འཁོར་ཆེན་བདུད་རྩི་རིལ་བུ་མང་དུ་འབབ་པའི་བྱིན་ཅན། མ་ཎི་ཁང་དུ་སེང་གེ་སྒྲ། ལྟུང་བཤགས། རྗེ་སྒོ་མངས་རིན་པོ་ཆེའི་ཕྱག་འཁོར་རྣམ་རྒྱལ་མ་སོགས་མ་ཎི་འཁོར་ཆེན་གསུམ། སྒར་བའི་གཟིམ་ཆུང་དུ་རྗེ་གཟིགས་པ་ལྔ་ལྡན་གྱི་གཙོས་གྲུབ་ཆེན་བརྒྱད་ཅུའི་ཐང་ག་བརྒྱད་སོགས་བཞེངས་ཏེ་འགྲོ་བའི་བསོད་ནམས་གསོག་པའི་ཞིང་དུ་བསྐྲུན་པར་མཛད་དོ། །
གཞན་ཡང་འདིར་བླ་བྲང་འགའི་བྱུང་འཕེལ་རགས་ཙམ་ནི། ཐིས་པ་བླ་བྲང་། མདོ་རྒྱུད་བསྟན་པའི་མངའ་བདག་བློ་བཟང་སྨྲ་བའི་ཉི་མ་མཆོག་གིས་ཐོག་མར་དུས་གསུམ་སངས་རྒྱས་ལྷ་ཁང་གྱན་ཉེར་ལྔ་རྟེན་བརྟེན་པ་དང་། མགོན་ཁང་དང་། བཀའ་འགྱུར་ལྷ་ཁང་གྱན་དགུ་བཅས་ལེགས་པར་བཞེངས་ནས། བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁྱད་པར་དུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འཕྲང་དམར་ཚོ་བ་བཅུ་གཉིས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མཆོད་བཞེས་མཛད་པར་བརྟེན་རྒྱ་བསྐྱེད་དང་གསར་བཟོ་ཆེར་མཛད་དེ་ལྷ་ཁང་། མཆོད་ཁང་། གཟིམ་ཁང་སོགས་ཀྱི་གཙོས་པའི་བཞི་སྐོར་ཐོག་བརྩེགས་གཉིས་ཅན་གྱི་བཟོ་བཀོད་ཁྱད་མཚར་ཅན་གྱི་བླ་བྲང་དང་། བླ་མ་སྐུ་སྔ་ཕྱིས་དབུས་དང་རྒྱ་ནག་ནས་གདན་དྲངས་པའི་ལྷ་རྟེན་ཆོས་གསུམ་དང་། མཆོད་རྫས་ཀྱི་བྱེ་བྲག་བགྲང་གིས་མི་ལངས་པ་བཞུགས་ཀྱང་ས་ཁྱིའི་དུས་འགྱུར་སྐབས་ཐམས་ཅད་ཉམས་དམས་སུ་གྱུར་ཏོ། །
ཀུན་བཟང་བླ་བྲང་། སྔ་འགྱུར་རིང་ལུགས་འཛིན་པའི་གྲུབ་པའི་དབང་ཕྱུག་ཆེན་མོ་ཀློང་ཆེན་རབ་འབྱམས་པའི་སྐུའི་ཕྲེང་བ་ལུ་གུ་རྒྱུད་དུ་སྤེལ་བའི་རྣམ་སྤྲུལ་དགུ་རོང་སྣ་ཚོགས་རང་གྲོལ་ཞུ་བ་དེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་གསུམ་བྱོན་པའི་ཐུགས་སྤྲུལ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཀུན་བཟང་མཆོག་སྤྲུལ་བློ་བཟང་ཕུན་ཚོགས་རྒྱ་མཚོ་རྐང་ཚའི་ཡག་མོར་འཁྲུངས། རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཐུགས་ཐག་བཅད་ཅིང་སྐུ་གཞོན་ནུ་ནས་ཉིད་ཀྱི་སྐུ་དྲུང་དུ་བླངས་ཏེ་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་ལེགས་པར་བསྐྱངས། རྗེ་འདི་ཉིད་དང་མཁས་གྲུབ་དམ་པ་མང་པོའི་ཞབས་པད་གཙུག་གིས་མཆོད་དེ་རིམ་གྱིས་མདོ་སྔགས་བསྟན་པའི་མཛོད་ལ་མངའ་བརྙེས་པར་གྱུར། ཕྱིས་རྗེ་བཙུན་བླ་མ་དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྐུ་ཚེ་སྟོད་ཀྱི་བར་དུ་ཡབ་སྲས་གཉིས་གཟིམ་ཤག་གཅིག་ཏུ་བཞུགས་ཏེ་སྡེ་འདིའི་བླ་གྲས་སུ་གྱུར། རབ་ཡིད་ཀྱི་སྟོད་ཙམ་ལ། རྗེ་ཀརྨ་རོལ་བའི་རྡོ་རྗེ་མདོ་སྨད་ཀྱི་ཡུལ་གྲུ་ཕལ་ཆེ་བར་ཕེབས་སྐབས་བཞུགས་པར་གྲགས་པའི་རྒྱལ་རོལ་གཞུང་ཀརྨ་བའི་ཁྲིའི་མདུན་ངོས་སུ་དགའ་ལྡན་ཕུན་ཚོགས་གླིང་ཕྱག་འདེབས་མཛད་དེ་སྒར་གཞི་བཟུང་། ལོ་ཤས་རིང་རྐང་ཚ་གོང་ཞོལ་གྱི་གྲྭ་རྒྱུན་བསྡུས་ཏེ་དར་རྒྱས་ཆེར་ཕྱིན་པའི་སྒང་ཞིག་ལ། ཁམས་ནས་ཐོན་པའི་གྲུབ་རྫུན་ཞིག་གིས་རྐྱེན་བྱས་ཏེ་འཚུབ་གེགས་ཧ་ཅང་ཆེ་བའི་གྲྭ་སྲི་ལངས་ཏེ་དགོན་པ་སྟོང་བར་གྱུར་པས་བླ་མ་རང་ཡང་དགོན་གོང་ཞོལ་གཉིས་སུ་རེས་མོས་སུ་བཞུགས་དགོས་བྱུང་ཞིང་། སྡེ་འདི་ནས་གྲྭ་པ་འགའ་རེ་ཆེད་མངགས་ཀྱིས་རེས་མོས་སུ་བདག་གཉེར་བྱས་ཀྱང་ས་ཐག་རིང་བས་ཡུན་རིང་བདག་སྐྱོང་བྱེད་ཁག་པོ་བྱུང་བར་བརྟེན། ཕྱིས་བླ་མ་ཡབ་སྲས་དགོངས་མཐུན་ལྟར་དགོན་པ་གནས་སྤོས་ཏེ་བཀྲ་ཤིས་ཆོས་རྫོང་རང་དུ་གཟིམ་ཁང་དང་མཆོད་ཁང་སོགས་བསྐྱར་བཟོ་བྱས་ཏེ་བླ་བྲང་བཀོད་ལེགས་ཤིག་ལེགས་པར་བཞེངས། བླ་བྲང་མཆོད་ཁང་དུ་རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག བདེ་མཆོག གསང་འདུས། འཇིགས་བྱེད། དུས་འཁོར། རྟ་མགྲིན་གསང་སྒྲུབ། ཡང་གསང་། ཚེ་དཔག་མེད་བཅས་ཀྱི་སྨན་སྐུ་དང་། བླ་མཆོད་ཚོགས་ཞིང་། བྱམས་པའི་ཞིང་བཀོད། སྨན་བླའི་ཞིང་བཀོད། འོད་དཔག་མེད་ཀྱི་ཞིང་བཀོད་བཅས་ཀྱི་གྱན་ཐང་། མགོན་ཆོས་ལྔའི་ཞལ་ཐང་། རྗེ་ཡབ་སྲས་གསུམ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ། གཞན་ཡང་མཆོད་རྫས་ཆ་ཚང་བཅས་བཞུགས། དེའི་སྤྲུལ་སྐུ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་རབ་རྒྱལ་ཆུ་སྤྲེལ་ལ་རྐང་ཚ་ཡག་མོར་སྐུ་གོང་མའི་ཚ་བོར་འཁྲུངས། རྗེ་ཐར་ཤུལ་རིན་པོ་ཆེ་ལས་རབ་ཏུ་བྱུང་། ཨ་ལགས་བླ་ཁོ་རིན་པོ་ཆེ་དང་སྐྱབས་རྗེ་ཐར་ཤུལ་མཆོག་ལས་ཆོས་བཀའ་མང་དུ་གསན་བཞེས་མཛད། གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཚོགས་ལ་ཞུགས། དགུང་གྲངས་ཉེར་ལྔའི་སྟེང་རྡོ་རྗེ་སློབ་དཔོན་དུ་བཞུགས། གསོ་རིག་གི་སྒོ་ནས་འགྲོ་དོན་དཔག་མེད་བསྐྱངས། མེ་བྱ་ལོར་འདུ་ཁང་ཆེན་མོའི་སྟེང་དུ་གསེར་ཟངས་ཀྱི་ཆོས་འཁོར་དང་རི་དྭགས་ཕོ་མོ། གདུགས་དཀར་རྒྱལ་མཚན་འཁོར་ལོ་སོགས་མཆོད་རྫས་དུ་མ་ཕུལ་ཏེ་གཟིགས་སྐྱོང་ལེགས་པར་གནང་། ས་ཁྱིའི་དུས་ཟིང་ལ་ཁྲི་མུན་དུ་བཅུག ལྕགས་བྱ་ལོར་ཟི་ལིང་ངལ་སྒྱུར་ཁང་དུ་སྐུ་གཤེགས་ཏེ་གདུང་ཡང་ས་དེར་ལུས་སོ། །
སྒོ་མངས་བླ་བྲང་། བདེ་ཆེན་བླ་གྲས་སྒོ་མངས་མཁན་སྤྲུལ་དགེ་འདུན་བསྟན་པ་དར་རྒྱས་སྐུ་ཚེ་སྨད་ལ་སྒྲུབ་པའི་སྐྱེད་ཚལ་ཆེན་པོ་འདིར་རྒྱུན་བཞུགས་མཛད་ཅིང་། རྗེ་དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱི་རིང་ལ་སྟག་རི་དགོན་གྲོང་གིས་གཟིམ་ཁང་ཆུང་བ་ཞིག་གསར་བཞེངས་བགྱིས་པར་བརྟེན། ཕྱོགས་སོ་སོའི་བྱ་བཏང་རི་ཁྲོད་པ་མང་པོ་སྤྲིན་གྱི་འདུ་འགོད་ལྟར་སྡེ་འདིར་ཕེབས་ནས་བཞུགས་པས་སྡེ་འདི་ཉམས་ལེན་བྱེད་སའི་བསྟི་གནས་ཆེན་པོ་ཞིག་ཏུ་གྱུར། སྨྱུང་གནས་དགེ་སྐུལ་དང་ནེའུ་མགོར་མ་ཎི་ཆུ་འཁོར་ཆེན་པོ་ལྔ་བཞེངས་ཏེ་འགྲོ་དོན་ཚད་མེད་མཛད། དེའི་ཡང་སྤྲུལ་འཇིགས་མེད་མཁས་མཆོག་རྒྱ་མཚོ་གཅན་ཚའི་རྐང་མོར་འཁྲུངས། སྐུ་ན་ཕྲ་དུས་ནས་སྡེ་འདིར་ཡུན་རིང་བཞུགས། རྗེ་ཞྭ་དམར་པཎྜི་ཏ་ལས་རབ་ཏུ་བྱུང་། རྗེ་ཞྭ་དམར་བ་དང་། ཐར་ཤུལ་རིན་ཆེ། ལ་མོ་དགེ་འདུན་བསྟན་འཛིན་ནོར་བུ། བཤེས་གཉེན་ཆེན་མོ་བློ་བཟང་བསྟན་པ་སོགས་ཀྱི་ཞབས་པད་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་མནོས། བདེ་ཆེན་དུ་སློབ་གཉེར་དང་དེ་གའི་དཔོན་སློབ་ཀྱི་ཁྲི་བསྐྱངས། སྟག་རི་དགོན་གྲོང་གིས་སྔར་གྱི་གཟིམ་ཁང་རྙིང་བ་དེ་རྒྱ་བསྐྱེད་དེ་སྒོ་མངས་བླ་བྲང་བཟོ་ལེགས་ཤིག་གསར་བཞེངས་བྱས་ཏེ་སྐུ་ཚེ་སྟོད་ལ་ཕལ་ཆེར་སྡེ་འདིར་རྒྱུན་བཞུགས་གནང་ཞིང་། མཐར་ས་ཕག་དགུང་གྲངས་ང་གསུམ་ལ་ཁྲི་མུན་དུ་གཤེགས་སོ། །
བཞི་བ། སྐུ་གསུང་ཐུགས་རྟེན་གང་བཞུགས་ཀྱི་དཀར་ཆག སྒྲུབ་པའི་སྐྱེད་ཚལ་ཆེན་པོ་འདིར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་གང་བཞུགས་ཀྱི་དཀར་ཆག་རགས་ཙམ་འགོད་པ་ལ། དུས་གསུམ་སངས་རྒྱས་ལྷ་ཁང་དུ་རྟེན་གྱི་གཙོ་བོ་སྐུ་འབུམ་ཆོས་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱི་སོར་མོའི་འཕྲུལ་འདེགས་ལས་མངོན་པར་བྱུང་བའི་སངས་རྒྱས་དངོས་དང་ཁྱད་མེད་པའི་བྱིན་རླབས་ཀྱི་གཟི་འོད་རབ་དུ་འཕྲོས་ཤིང་མཆོད་མེ་འཛིན་པ། གང་ཟག་མཆོག་དམན་བར་མ་ཀུན་ཀྱང་མཐོང་ཐོས་དྲན་པ་ཙམ་གྱིས་འདིར་སྣང་ཀུན་རྟོག་གི་སྤྲོས་པ་དབང་མེད་དུ་བསྒྱུར་ནུས་པའི་དགེ་མཚན་དུ་མ་ལྷུན་གྱིས་གྲུབ་པའི་དུས་གསུམ་རྒྱལ་བའི་སྐུ་བརྙན་མཐོ་ཚད་ཁྲུ་གཉིས་ཅན་རྒྱབ་ཡོལ་དང་བཅས་པ་རིན་པོ་ཆེ་དང་སྨན་དང་གོས་བཟང་སྣ་ཚོགས་ཀྱིས་གྲུབ་པ། རབ་གནས་ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་མཛད་པ་དེ་ཡིན་ལ། དེའི་ནང་རྟེན་དུ་སངས་རྒྱས་འོད་སྲུང་དང་། སྟོན་པ་ཤཱཀྱ་ཐུབ་པའི་འཕེལ་གདུང་། ཤཱ་རིའི་བུ་དང་མཽ་འགལ་གྱི་བུའི་སྐུ་ཆོས་ཚལ་བུ་གཙོས་གྲུབ་ཆེན་བརྒྱད་ཅུ་སོགས་འཕགས་བོད་མཁས་གྲུབ་མང་པོའི་སྐུ་ཆོས། མར་པའི་དབུ་སྐྲ། སྲས་དར་མ་མདོ་སྡེའི་སྐུ་བེར་དབུ་ཀླད་འབྱར་མ། མི་ལ་རས་པའི་སྒོམ་ཐག་ཚལ་བུ། རྭ་ལོའི་དབུ་སྐྲ། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ ཆོས་རྒྱལ་སྲོང་བཙན་གྱི་ན་བཟའ། རྗེ་རིན་པོ་ཆེའི་ཞབས་ཅག རྒྱལ་ཚབ་རྗེའི་དབུ་སྐྲ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ན་བཟའ། མ་ཅིག་ལབ་སྒྲོན་གྱི་ཞབས་ཅག པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ན་བཟའ། ཇོ་འབྲོམ་ཡབ་སྲས། ས་སྐྱ་གྲགས་པ་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མའི་གདུང་རུས་དང་ན་བཟའ་སོགས་འཇིག་རྟེན་ན་ཤིན་ཏུ་དཀོན་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཀྱང་རྟེན་ཡིག་ས་ཁྱིའི་ལོར་བརླགས་པས་ཞིབ་ཏུ་མི་ཤེས། རྩིག་ངོས་སུ་གནས་བརྟན་བཅུ་དྲུག ཡར་འཁོར་དུ་མགོན་ཆོས་ལྔའི་ལྡེབས་རིས། བར་སྐོར་ལོགས་གཡས་སུ་གཙོ་སྐུ་ཚེ་དཔག་མེད་མི་ཚད་ལས་ཆེ་བ། སྨན་བླ་བདེ་གཤེགས་བརྒྱད། རྗེ་ཡབ་སྲས་གསུམ། མི་འཁྲུགས་པ། སེང་གདོང་མ་གཙོ་འཁོར་གསུམ་སོགས་ཀྱིས་བསྐོར་བ། རྒྱབ་ངོས་སུ་གཙོ་སྐུ་ཁྱབ་བདག་རྡོ་རྗེ་འཆང་། རྒྱན་དྲུག་མཆོག་གཉིས། རྟ་མགྲིན་གསང་སྒྲུབ། བླ་སྐུ་དུ་མས་བསྐོར་བ། གཡོན་ངོས་སུ་གཙོ་སྐུ་སྤྱན་རས་གཟིགས་ཕྱག་བཞི་བ། ལྟུང་བཤགས་སོ་ལྔ། སྒྲོལ་དཀར། ལོ་གྱོན་མ། ཐུགས་རྗེ་ཆེན་པོ་མིག་འབྱེད། ཕྱག་རྡོར་སོགས་ལྷག་ལྷ་དུ་མས་བསྐོར་བ། བླ་མ་སྐུ་ཕྲེང་གཉིས་པ་ནས་ལྔ་པའི་སྐུ་གདུང་མཆོད་རྟེན། མདུན་སྒོས་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི་བཅས་བཞུགས་སོ། །
སྒར་བའི་བཀའ་འགྱུར་ལྷ་ཁང་དུ། བློ་བཟང་ཉི་མས་རྒྱ་ནག་ནས་གདན་དྲངས་པའི་ཙནྡན་ཇོ་བོ་མཐོ་ཚད་ཁྲུ་གསུམ་ཙམ་ཁྲི་རྒྱབ་ཡོལ་དང་བཅས་པ། མཆོག་ཟུང་གཉིས་ཀྱི་སྐུ་ཁྲུ་གང་གི་ཚད། རྗེ་སྐུ་ལི་མ། ཇོ་འབྲོམ་ཡབ་སྲས་སོགས་ཀྱི་སྐུ་བརྙན། ཇོ་བོ་རྗེའི་འཁྲུངས་རབས་ཐང་ག་བཅུ། དུས་འཁོར་གྱི་ཐང་ག་རིགས་ལྡན་ཉེར་ལྔ་དང་བཅས་པ། གནས་བརྟན་ཆུ་འབྱོན་མ། བཀའ་འགྱུར་རིན་པོ་ཆེ། རྗེ་ཡབ་སྲས། པཎ་ཆེན་རིན་པོ་ཆེ་སྐུ་སྔ་ཕྱི། ལྕང་སྐྱ། ཛ་ཡ་པཎྜི་ཏ། གུང་ཐང་བསྟན་པའི་སྒྲོན་མེ་སོགས་མཁས་གྲུབ་མང་པོའི་གསུང་འབུམ། ཙནྡན་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཁྲུ་གང་ཙམ་སོགས་ཕྱུར་བུར་གཏམས་པར་གདའ། ལི་མ་ཁང་ངམ་ཞབས་བརྟན་ཁང་དུ། དུས་གསུམ་སངས་རྒྱས། སྨན་བླ། མི་འཁྲུགས་པ། ཚེ་ལྷ་རྣམ་གསུམ། རྗེ་རིན་པོ་ཆེ། རྗེ་དགེ་ལེགས་མ། ཚེ་དཔག་མེད། གནས་བརྟན་བཅུ་དྲུག ཉེ་བའི་སྲས་ཆེན་བརྒྱད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། བདེ་གསང་འཇིགས་གསུམ། རྟ་མགྲིན་གསང་སྒྲུབ། ས་སོ་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་དམ་གྱི་རྟེན་འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་ལྔ་བཅས་གསེར་ཟངས་ཀྱི་ལི་མ་བརྒྱ་ཕྲག་ལྷག་དང་། ཙནྡན་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། ཐུབ་བསྟན་གསལ་བྱེད་ཚང་གི་ཕྱག་འཁོར་མ་ཎི་བྱིན་ཅན། ཙནྡན་དམར་པོའི་བཀྲ་ཤིས་རྟགས་བརྒྱད་ཚར་གཉིས། རྒྱལ་སྲིད་སྣ་བདུན། ཀུ་ཀུ་ཤེལ་གྱི་སྤོས་ཕོར། གསེར་ཟངས་ཀྱི་སྤོས་ཕོར་སོགས་མཆོད་རྫས་ཀྱི་བྱེ་བྲག་མང་པོ་བཞུགས། བཀའ་འགྱུར་ཁང་གི་གཡས་གཞོགས་སུ་མགོན་ཁང་ཡོད་ལ། དེའི་ནང་དུ་མགོན་པོ་ཕྱག་དྲུག་པ། མགོན་ཆོས་ལྔ། རྨ་ཆེན་དང་ཡུལ་ལྷ་བཅས་ཀྱི་ཐང་ག་དང་། གསང་བདེ་འཇིགས་གསུམ། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། འདོད་ཁམས་དབང་མོ། རྣམ་སྲས་བཅས་ཀྱི་སྨན་སྐུ་དང་། དམ་ཅན་རྡོ་རྗེ་ལེགས་པའི་སྨན་སྐུ་སྲོག་འཁོར་བླ་རྡོ་དང་བཅས་པ། གྲུབ་ཆེན་ཕྱག་རྐང་། རྔ་རོལ་རྐང་གླིང་། མགོན་ཆོས་རྣམས་ཀྱི་ཞལ་འབག་བཅས་ཕྱི་ནང་གསང་བའི་རྟེན་རྫས་ཁྱད་པར་བ་མང་དུ་བཞུགས་ཤིང་། སྡེ་འདི་གསར་འདེབས་མཛད་སྐབས་མགོན་པོ་ཕྱག་དྲུག་པ་དང་དཔལ་ལྡན་དམག་ཟོར་མ་གཉིས་དགོན་པའི་སྲུང་མའི་གཙོ་བོར་མངའ་གསོལ་ཏེ་གཉེར་གཏད་བྱིན་རླབས་མཛད་པས། འཕྲིན་ལས་མྱུར་ཞིང་བཀའ་གཉན་པ། རྒྱུན་གཏོར་དང་སྐོང་གསོལ་དངོས་གཙང་དགོས་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདི་ཡིན་ནོ། །
བྱམས་ཁང་ཆེན་མོར་གཙོ་སྐུ་རྗེ་བཙུན་བྱམས་པ་དགུང་ལོ་བཅུ་གཉིས་པའི་ཚད། འཁོར་འཇམ་གསང་གཉིས་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱིས་བསྐོར་བ། སྟེང་དུ་ལྟུང་བཤགས་སོ་ལྔ། གནས་བརྟན་བཅུ་དྲུག ཚེ་ལྷ་རྣམ་གསུམ། འཛམ་ལྷ་རིགས་ལྔ། གདུགས་དཀར། སྒྲོལ་མ། ནོར་ལྷ་བཅས་ཀྱི་ཞལ་ཐང་དང་། དབུས་ན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར། བླ་མཆོད་ཚོགས་ཞིང་། རྣམ་རྒྱལ་མ་བཅས་བཞུགས་ཤིང་། སྒོའི་གཡས་ན་རྟ་མགྲིན། གཡོན་ན་མགོན་ཆོས་ལྔ། གནོད་སྦྱིན་དྲེགས་པ་ལྕམ་སྲིང་། སྒོའི་ཕྱིའི་ལྡེབས་རིས་སུ་རྒྱལ་ཆེན་སྡེ་བཞི་བཅས་བཞུགས། འདུ་ཁང་ཆེན་མོའི་གྱན་ཐང་གི་སྐོར་ལ། སྟེང་གི་གཡས་སུ་གསང་འདུས། འཇིགས་བྱེད་ལྷ་བཅུ་གསུམ་མ། དབུས་ན་འཇམ་དབྱངས་ཀུན་གཟིགས། དམར་སེར། སྨྲ་སེང་། སྟེང་གི་གཡོན་དུ་བདེ་མཆོག གསང་བདག་འཁོར་ཆེན། འོག་གི་དབུས་ན་བླ་མཆོད་ཚོགས་ཞིང་། གཡས་སུ་གནས་བརྟན་བཅུ་དྲུག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གཡོན་དུ་བྱམས་པའི་ཞིང་བཀོད། འོད་དཔག་མེད་ཀྱི་ཞིང་ལྔ་ལྡན་བཅས་རིམ་པས་བཞུགས་ཤིང་། གཡས་གཞོགས་སུ་སྨན་བླ་བདེར་གཤེགས་བརྒྱད། ངན་སོང་སྦྱོང་བའི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་གཙོས་ཀུན་རིག་གི་ལྷ་སོ་བདུན། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་། འཛམ་ལྷ་རིགས་ལྔ་བཅས་དང་། གཡོན་གཞོགས་སུ་རིམ་བཞིན་ལྟུང་བཤགས། འཇམ་དབྱངས་དམར་སེར། བྲིས་སྐུ་མཐོང་བ་དོན་ལྡན། རྣམ་རྒྱལ་མ། ལྷ་མོ་གྲྭ་ལྔ། ཡར་འཁོར་ན་མགོན་པོ་ཕྱག་དྲུག་པ། དམ་ཅན་བཅས་ཀྱི་གྱན་ཐང་དང་། སྒོའི་ཕྱིའི་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི། སྲིད་པའི་འཁོར་ལོ། མི་འཇིགས་གནས་ལྔ་བཅས་དང་། སྟེང་གི་རྒྱ་མཐོང་ཁར་རྒྱན་དྲུག་མཆོག་གཉིས། རྗེ་སྟོང་ཐང་། སྒྲོལ་མའི་སྟོང་ཐང་། འཇམ་དཔལ་ན་ག་རཀྵ་ཞལ་ཁེབས་ཅན། སངས་རྒྱས་སྟོང་ཐང་བཅས་རིམ་པས་བཞུགས་ཤིང་།
བར་ཐོག་གཡས་གཞོགས་སུ་མགོན་ཁང་དང་། གཡོན་གཞོགས་སུ་མགོན་དཀར་གཏེར་སྒྲུབ་ཁང་ཡོད། དབུས་ཀྱི་ཀུན་དགའ་ར་བ་ན་ལྟུང་བཤགས་སོ་ལྔ། ཤེལ་གྱི་བྱང་ཆུབ་མཆོད་རྟེན། ཇོ་བོ་མི་འགྲོ་གསུང་བརྗོད། དགེ་འདུན་འདུ་བའི་འཁོར་ལོ། འཇིགས་བྱེད་དཀྱིལ་འཁོར། གསེར་ཟངས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྡོ་གཡང་ཊིའི་མཆོད་རྟེན། སྟེང་དུ་བྱམས་སྐུ་ཁྲུ་གསུམ་གྱི་ཚད། སྣར་ཐང་བཀའ་འགྱུར། རྗེ་དགེ་ལེགས་མ། སྒོ་མངས་དགེ་འདུན་བསྟན་པ་དར་རྒྱས་ཀྱི་འདྲ་སྐུ་བཅས་དང་། གཞན་ཡང་སྐུ་གདུང་མཆོད་རྟེན་གཉིས། བློ་བཟང་ཉི་མའི་འདྲ་སྐུ། གྲུབ་ཆེན་བེ་རིའི་འདྲ་སྐུ། བློ་བཟང་བསྟན་པའི་རྒྱ་མཚན་གྱི་འདྲ་སྐུ། བློ་བཟང་ཉི་མའི་གཅོད་ཌར། བེ་རིའི་གཅོད་ཌར་སོགས་མཆོད་རྫས་བྱིན་ཅན་མཐའ་ཡས་པ་བཞུགས་སོ། །
ལྔ་བ། ལོ་རེའི་ཆོས་ཐོག་དང་ལྷ་འཆམ་གྱི་རིམ་པ། གཉིས་པའི་ཚེས་གསུམ་ནས་ཞབས་བརྟན་ཆེན་མོ་ཉིན་བདུན། ཟླ་རེའི་དུས་བཟང་དུས་མཆོད་ཆག་མེད་དང་། ནག་ཟླའི་ཚེས་གཅིག་ནས་བཅུ་བཞི་ལ་རྡུལ་ཚོན་ལ་བརྟེན་པའི་ཀུན་རིག་དཀྱིལ་འཁོར་སྒྲུབ་མཆོད། ཉ་ལ་སྦྱིན་བསྲེག ས་ག་ཟླ་བའི་ཚེས་གཅིག་ནས་དྲུག་ལ་རྗེ་གསེར་ཁང་བའི་ཕྱག་ལེན་ལྟར་བཞི་པའི་མཆོད་པ། ཚེས་བདུན་བརྒྱད་ལ་སྨྱུང་གནས། དགུ་ནས་བཅུ་གསུམ་ལ་བཞི་པའི་སྨོན་ལམ། བཅུ་བཞི་བཅོ་ལྔ་ལ་སྨྱུང་གནས་བཅས་དང་། དྲུག་པའི་ཉ་ནས་བཀྲ་ཤིས་གསོ་སྦྱོང་ཚོགས་ཤིང་དབྱར་གནས་མགོ་རྩོམ། བདུན་པའི་ཚེས་བཅུ་ནས་བཅུ་དྲུག་ལ་མགོན་དཀར་གཏེར་སྒྲུབ། ཚེས་སུམ་ཅུའི་ཉིན་དགག་དབྱེ། བརྒྱད་པའི་ཚེས་གཅིག་ལ་དབྱར་སྟོན་རོལ། དགུ་པའི་ཉིན་ནས་བདེ་མཆོག་སྒྲུབ་མཆོད་ཉིན་བཅུ། ཉེར་དགུ་ལ་མགོན་ཁང་གི་རྒྱུན་གཏོར་བརྗེ། བཅུ་པའི་ཚེས་གཅིག་ནས་སྒར་བའི་སྐོང་ཆེན་ཉིན་ལྔ། ཚེས་བདུན་ནས་ཁྲོས་ནག་གསུངས་ཤིང་། ཚེས་བཅུའི་ཉིན་ལོ་རེར་ཞི་རྒྱས་དབང་དྲག་གི་སྦྱིན་བསྲེག་རེས་མོས་སུ་གཏོང་། ཚེས་བཅུ་དྲུག་ནས་སྐུ་ཕྲེང་ལྔ་པ་དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གྱིས་སྤྱི་སྡེ་གཉིས་ཀྱི་སྐུ་རིམ་དུ་མདོ་གདུགས་སྒྲོལ་གསུམ་གྱི་སྲོལ་བཙུགས་པའི་ཕྱག་བཞེས་ལྟར་དང་། ཉེར་བཞི་ནས་བཅུ་པའི་ལྔ་མཆོད་ཉིན་དྲུག ཉེར་དགུའི་ཉིན་མགོན་ཆོས་ལྔ་སོགས་དང་དྲུག་ཅུ་བའི་གཏོར་ཆེན་འཕེན། སྔགས་པའི་གར་འཆམ་སྤྲོ། དགུན་ཉི་ལྡོག་ནས་ཉིན་བདུན་ལ་སྒར་བའི་མགོན་པོའི་གཏོར་བཟློག ཉེར་བཞི་ནས་རྒྱ་ལོའི་ཚེས་གཅིག་བར་ཚེ་སྒྲུབ། རྒྱ་ལོའི་ཚེས་གཅིག་ལ་བླ་མར་ཚེ་སྒྲུབ་འབུལ། ཚེས་བདུན་ལ་སྨོན་ལམ་ཡར་ཚོགས། ཚེས་བརྒྱད་ནས་བཅུ་གསུམ་ལ་བདེ་གསང་འཇིགས་གསུམ་དང་མགོན་ཆོས་ལྔ་སྨོན་ལམ་རྣམ་ལྔ་སོགས་གསུངས་ཤིང་། བཅུ་གསུམ་ལ་སྐྱ་འཆམ། བཅུ་བཞིའི་ཞོགས་པར་ཆོས་སྤྱོད་འདོན། ཆོ་གའི་སྐོར་ཕྱག་ལེན་ལྟར་དང་འབག་འཆམ། ཉ་ལ་བྱམས་པ་གླིང་སྐོར་དང་མཆོད་མཇལ་གཏོང་། མཇུག་ཏུ་གསོ་སྦྱོང་སོགས་དཀྱུས་ལྟར་རོ། །
འཆམ་པ་གྲྭ་ཚང་གི་ལོ་རྒྱུས་མདོར་བསྡུས། བྱ་ཁྱུང་གདན་རབས་གཏམ་གྱི་ཉིང་ཁུ་ལས། མཁན་རབས་ཉེར་བཞི་པ་ངག་དབང་ཚུལ་ཁྲིམས་ཀྱི་རིང་ལ་མངའ་རིས་ཕྱོགས་ནས་འོངས་པའི་བེག་ཙེའི་འཆམ་ལ་མཁས་པ་ཞིག་གིས། ཛ་ཛ་ཀྱེ་ཀྱེ་ཞེས་པའི་དྲག་སྐུལ་དང་སྒྲོགས་པའི་སྒྲོག་འགྲོས་ཀྱི་འཆམ་སྲོག་བདག་དམར་པོའི་གར་སྟབས་བསླབས། ཞེས་གསུངས་པ་ལྟར། བྱ་ཁྱུང་ལ་འཆམ་དར་ནས་ཡུན་རིང་མ་ལོན་པའི་དུས་ཤིག་ན། རྙེ་ངག་དབང་བསྟན་འཛིན་ཉི་མས་བསྟན་འགྲོ་སྤྱི་ལ་སྨན་པར་དགོངས་ནས་དགོན་ཡར་ནང་ལྷུན་གྲུབ་ཆོས་རྫོང་དུ་ཆོས་རྒྱལ་ལྕགས་མཁར་ཟུར་དགུ་པ་དང་། སྡེ་འདིར་བསྟན་སྲུང་དམག་ཟོར་མའི་རྒྱས་པའི་གཏོར་སྒྲུབ་དང་འཆམ་པ་གྲྭ་ཚང་གསར་འཛུགས་གནང་སྟེ། མཆུ་ཟླའི་ཚེས་གསུམ་ཉིན་ནས་འཆམ་དཔོན་དང་འཆམ་པ་རྒན་གྲས་ཀྱི་གཙོས་པའི་འཆམ་པ་གྲྭ་ཚང་ཟུར་དུ་ཕྱེ་སྟེ་བྱ་ཁྱུང་གི་ཕྱག་རྒྱུན་ལྟར། ཡི་དམ་རྡོ་རྗེ་འཇིགས་བྱེད། མགོན་པོ། ཆོས་རྒྱལ། ལྷ་མོ། ཙ་མུཎྚི། བག་ཙེ་གཙོ་འཁོར་གསུམ། ཆུ་སྲིན་སེང་གེ་གཉིས། ཁྲ་བྱ་རོག་གཉིས། ཞྭ་ནག་པ་གཉིས་བཅས་ཆོས་སྐྱོང་བཅུ་བཞིའི་གར་འཆམ་དང་། གཞན་ཡང་བལ་བོ་གཉིས། ཨ་ཙ་ར་གཉིས། ཐོད་སྐམ་གཉིས། ཀེང་རུས་བཞི། ཤ་བདའ་འཁོར་དྲུག་བཅས་ཀྱི་འཆམ་གར་བཙུགས་ནས་ད་ལྟའི་བར་ལ་ཕལ་ཆེར་ལོ་ཉིས་བརྒྱ་སུམ་ཅུ་ཙམ་ཕྱིན་པར་གྲགས་ཤིང་། དུས་དེ་ནས་བཟུང་ལོ་ལྟར་མཆུ་ཟླའི་ཚེས་བཅུ་བཞིའི་ཞོགས་པར་མགོན་ཆོས་ལྔའི་གཏོར་ཆོག་གསུངས་རྗེས། གདན་ཞུས་ལྟར་རྙེ་མཆོག་སྤྲུལ་རིན་པོ་ཆེ་གཙོས་པའི་དགོན་གོང་མའི་གཞིས་བྱེས་ཀྱི་བླ་གྲྭ་ཡོངས་རྫོགས་འཆམ་གཟིགས་ལ་ཕེབས་ཏེ་ཉིན་དེའི་རོལ་མོ་འབུད་དཀྲོལ་གྱི་འཁུར་བཞེས་དགོས། འཆམ་དང་བསྒྲལ་ཆོག་སྦྲགས་ཏེ་མཇུག་ཏུ་གཏོར་རྒྱག་དང་བཅས་ཕྱག་ལེན་རྒྱས་པའི་ལུགས་ལྟར་བྱེད། སྡེ་འདིའི་མཆོད་རོལ་གྱི་བསུ་བ་ཚར་དུ་དངར་ཞིང་རོལ་མོ་འབུད་དཀྲོལ་ཧ་ཅང་སྙན་ཞིང་འཇེབས་པས་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་པཎ་ཆེན་ཆོས་ཀྱི་རྒྱལ་བོ་དགུ་པ་ཆེན་མོ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཁྲི་ཀར་ཕེབས་ལམ་དགོན་སྡེ་སོ་སོའི་མཆོད་བསུས་ཀྱི་རིམ་པ་ཚར་དུ་དངར་བ་ཕུལ་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ཚངས་པའི་དབྱངས་ཀྱིས་རབ་ཏུ་བསྟོད་ཅིང་ཁོང་གི་དགོངས་འདུན་ལྟར་སྡེ་འདིའི་མཆོད་རོལ་ཐེངས་གསུམ་ཕུལ་བར་གྲགས་སོ། །
དྲུག་པ། ཉམས་པ་སླར་གསོ་དང་དོན་དག་གཞན་པའི་སྐོར་ཅུང་བརྗོད་དེ་མཇུག་བསྡུ་བ། དེ་ཡང་ས་ཁྱི་ལོའི་དུས་འགྱུར་རྩུབ་མོས་ཕྱོགས་ཀྱི་དགོན་སྡེ་སོ་སོའི་རྟེན་བརྟེན་པ་བཅས་ནམ་མཁའི་འཇའ་ཚོན་ལྟར་ཤུལ་མེད་དུ་བཏང་ཞིང་། ལྕགས་གླང་ལོར་སླར་ཡང་བསྟན་པ་ཉམས་གསོ་དོད་ཙམ་བྱུང་བའི་འོད་སྣང་ལ་བརྟེན་ནས་དགེ་འདུན་བཅུ་ཕྲག་འགའ་ལྷར་འདུས་ཤིང་སྐུ་གསུང་ཐུགས་རྟེན་འགའ་རེ་བཞེངས་གྲབས་བྱས་ཀྱང་། མི་རིང་བར་ཡང་སྨག་རུམ་སྟུག་པོས་ལོ་ངོ་བཅུ་ཕྲག་གཉིས་ཙམ་ལ་བཟུང་། ཡང་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ཟླ་ཚེས་དཀར་ཕྱོགས་སུ་ཆས་པ་དང་བསྟུན་ནས། རབ་རྒྱལ་ཤིང་བྱི་ཕྱི་ལོ་༡༩༨༤ལོར་སྙིགས་དུས་འགྲོ་བའི་སྐྱབས་རྗེ་བླ་ན་མེད་པ་རྗེ་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་འཕྲིན་ལས་ཀྱིས་དད་ལྡན་མང་ཚོགས་ཀྱི་འདུན་མོས་དྲག་པོ་རྦ་ཀློང་དགུང་དུ་འཕྱོ་བ་ལྟར་འགོག་མེད་དུ་བརྟས་ཏེ་ཆོས་མཐུན་གྱི་མཐུན་རྐྱེན་མང་པོ་བསྒྲུབས་པར་བརྟེན། རྒྱལ་བའི་བསྟན་པ་དང་བསྟན་འཛིན་གྱི་སྐྱེ་བུ་ལ་མོས་པ་མི་དམན་པའི་གྲོང་ཚོ་བཞིའི་དད་ལྡན་སེར་སྐྱ་ཚོས་སྦྱིན་པའི་ཁོ་ལག་རིང་དུ་བསྲིངས་ཏེ་འདུ་ཁང་ཆུང་བ་ཞིག་དང་གྲྭ་ཤག་དྲུག་གསར་བཞེངས་བགྱིས་ཏེ་ཆོས་སྒོ་ཐོག་མར་འབྱེད་སྐབས་དགེ་འདུན་རྒན་པ་དྲུག་མ་གཏོགས་མེད་ཀྱང་། ད་ལྟ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་པ་འདི་ལགས་ཏེ། ཤིང་གླང་ལོར་སྤྲང་བོ་ཚོ་བས་ལྷ་ས་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་ཚར་གཅིག་ཞུས་ཏེ་སྡེ་འདིར་འབྱོར་འཇགས་བགྱིས་པ་དང་ལྷན་དུ། ནགས་ཚང་ཚོ་བ་གཙོས་པའི་གྲོང་ཤོག་ཁ་བཞི་དང་། ཁྱོ་རྒྱ། འགག་བཟའ་བཅས་སྤྱི་སྡེ་དྲུག་གི་སེར་སྐྱ་ཡོངས་ཀྱིས་ལྷ་རྟེན་མང་པོ་གསར་དུ་བཞེངས་པ་དང་། རབ་རྒྱན་ས་འབྲུག་ལོར་རིམ་པ་གོང་མས་དངོས་སུ་ཆོག་མཆན་བཀོད། ས་སྦྲུལ་ལོར་དམ་པ་འདི་བའི་ཐུགས་བཀོད་ལྟར་སྔོན་གྱི་འདུ་ཁང་ཆུང་བ་དེ་རྒྱ་བསྐྱེད་དེ་ཉིས་ཐོག་རྒྱ་ཕིབས་དང་བཅས་པའི་འདུ་ཁང་ཆེན་མོ་གྱན་དྲུག་ཅུ་རེ་ལྔ་ཅན་ཞིག་ལེགས་པར་བཞེངས། འདུ་ཁང་གི་ཤིང་བརྐོས་དང་མགོན་ཁང་གི་རྟེན་བཤམས། ཐང་ག་དང་ལྡེབས་རིས་ཀྱི་སྐྱ་ཐིག ཀ་འཕན་གི་ཙི་མགོ ཀུན་དགའ་ར་བའི་བཟོ་བཀོད་སོགས་བླ་མ་ཉིད་ཀྱིས་མཛད་ཅིང་། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་དང་བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར། འདུལ་བའི་ཆོས་ཁྲིམས་དགེ་འདུན་གྱི་ནང་ཁྲིམས། འདོན་ཆོག་ཆོས་སྤྱོད་སོགས་སྔར་མུས་བཞིན་སླར་གསོས། གཙུག་ལག་ཁང་རྟེན་བརྟེན་པ་བཅས་པ་གཞི་ནས་གསོ་བར་ཐུགས་ཁུར་ཚད་མེད་མཛད་དེ་སྔ་ཕྱིར་སྒོར་ཁྲི་ཕྲག་གཉིས་ལྷག་དང་། དར་གོས། ཇ་རས་སོགས་ཕྱག་ནོར་ཅི་ཡོད་རྣམ་དཀར་དགེ་བའི་ཕྱོགས་སུ་ཕུལ་བ་དང་། ཡུལ་འདིའི་སེར་སྐྱ་དབུལ་ཞིང་ཕོངས་པ་རྣམས་ལ་ཟས་གོས་ཀྱི་གནང་སྦྱིན་དང་དགེ་སྐུལ་སློབ་སྒྲུབ། ཐོན་སྐྱེད་འཛུགས་སྐྲུན་བཅས་བཀའ་དྲིན་ཚད་མེད་ངང་བསྐྱངས་པར་མ་ཟད། སྤྱིར་རྙེ་ཐིས་པའི་བླ་མ་རིམ་བྱོན་ཕན་ཚུན་དཔོན་སློབ་ཀྱི་ཚུལ་དུ་ལུ་གུ་རྒྱུད་དུ་སྤེལ་ཅིང་། སྒོས་སུ་བདག་ཉིད་ཆེན་པོ་འདི་བས་དགོན་གོང་འོག་གཉིས་ཁྱད་མེད་དུ་བསྐྱངས་ཏེ། རྙེ་ལྷུན་གྲུབ་ཆོས་རྫོང་གི་ཆོས་སྒོ་གསར་འབྱེད་དང་། དགོན་སར་རབ་གནས། ལྷ་ཁང་གསར་བཞེངས། ཆོས་ཐོག་དུས་ཆེན་སོགས་དོན་ཆེན་སྐབས་ལོ་ལྟར་ཕེབས་བཞུགས་གནང་སྟེ་ཟང་ཟིང་གི་གནང་སྦྱིན་དང་གསུང་བཀོད་གང་རྒྱས་སྤྲོས། ཡུལ་འདིའི་རོང་འབྲོག་བར་གསུམ་གྱི་གྲོང་སོ་སོར་མ་ཎི་སྨྱུང་གནས་དགེ་སྐུལ་སྡིག་གཅོད། ཁྱད་པར་དུ་སྡེ་འདིའི་ཆོས་ཐོག་ཤ་འབྱེད་དཀར་གསོལ་དུ་བསྒྱུར་བ་སོགས་ཀྱི་འཕྲིན་ལས་བསྐྱངས་ཏེ། མར་གྱུར་སེམས་ཅན་ཡོངས་ལ་ཐུགས་བརྩེ་བ་ཚད་མེད་པས་འབྲལ་མེད་རྗེས་སུ་བཟུང་ནས་འགྲོ་དོན་དཔག་མེད་སྐྱོང་བཞིན་གདའ། རབ་རྒྱལ་ལྕགས་བྱ་ལོར་རྙེ་མཆོག་སྤྲུལ་བློ་བཟང་མཁས་གྲུབ་རྒྱལ་མཚན་སྟག་རི་གྲོང་གསུམ་གྱིས་ཞུས་ཏེ་བསྙེན་བཀུར་གཟབ་རྒྱས་སྤྲོས། རབ་རྒྱན་ས་སྦྲུལ་ལོར་སྟག་རི་དགོན་གྲོང་གི་སེར་སྐྱ་དམངས་མིས་མི་བསུ་རྟ་བསུ་མཆོད་བསུའི་རིམ་པ་ཚར་དུ་དངར་བས་སྡེ་འདིར་ཞུས་ཏེ་ཐུགས་དགྱེས་པའི་ཞབས་ཏོག་སྒྲུབ་ཅིང་རྙེ་མཆོག་སྤྲུལ་རིན་པོ་ཆེས་ཀྱང་དངོས་འབུལ་གྱི་སྐྱེས་བསྩལ་ཏེ་རྗེས་སུ་འཛིན་པའི་རྟེན་འབྲེལ་བསྒྲིགས། དགོན་གོང་འོག་གཉིས་སྔོན་མེད་མཛའ་གཅུགས་དཔལ་བེའུའི་མདུད་པ་དམ་དུ་འཆང་ཞིང་འབྲེལ་བ་ལེགས་པའི་རྩེ་མོར་ཕྱིན། གོང་སྨོས་ལྟར་དགོན་པ་གསར་བཞེངས་དང་འགྲིག་ལམ་ཉམས་གསོ། ཆོས་ཐོག་རྣམས་སྔར་ལས་ཇེ་བཟང་དུ་བཏང་བ་ནི་བླ་མ་དམ་པའི་ཐུགས་རྗེ་ཁོ་ནར་ངེས་ཤིང་། འདུལ་འཛིན་ཆེན་མོ་ཆོས་འབྱོར་གྱིས་སོ་ཐར་གྱི་མདོ་གསུངས་པ་དང་། དགེ་འདུན་བློ་གྲོས་དང་ནོར་བུ། གསུང་རབ། འཇིགས་མེད། བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་འདོན་ཆོག་ཆོས་སྤྱོད་དང་། འདོན་རྟ་དབྱངས་འཐེན། བསླབ་གསུམ་གྱི་ཕྱག་ལེན། དགོན་པའི་སྒྲིག་གཞི་ཉམས་གསོ་སོགས་གང་ཐད་ནས་གཟིགས་སྐྱོང་ལེགས་པར་གནང་བས་བཀའ་དྲིན་བླ་ན་མཐོ་ཞིང་། བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་ལ་མོས་པ་མི་དམན་པའི་སྡེ་འདིའི་གྲྭ་རིགས་ཆོས་ལྡན་དང་ཕྱོགས་གླང་། འཇིགས་མེད་ཚུལ་ཁྲིམས་སོགས་ཀྱིས་དགོན་པ་གསར་བཞེངས་གྱི་གཙོ་འགན་བཞེས་ཏེ་གཙུག་ལག་ཁང་རྟེན་བརྟེན་པ་གསར་བཞེངས་ལ་བཀའ་དྲིན་བསྐྱངས། ཁྱད་པར་དུ་ད་ལྟའི་གྲྭ་གཞོན་རྣམས་ཀྱིས་ངལ་དུབ་འཛེམ་མེད་ཀྱིས་ཤིང་ཆ་སྐྱེལ་འདྲེན་དང་། སོ་ཕག་ཁུར་ལེན། ཨར་ལས་བཟོ་སྐྲུན་གྱི་ལས་ཁུར་ལྕི་མོ་བགྱིས་པས་བླ་མས་བསྔགས་བརྗོད་ཆེ། ལོ་དེར་འདུ་ཁང་གསར་བཞེངས་ཀྱི་རྟེན་འབྲེལ་ལ་སྡེ་འདིའི་དད་གཏོང་ཆེ་བ་དག་གིས་འདུ་ཁང་སྟེང་དུ་གསེར་ཏོག ཆོས་འཁོར། རི་དྭགས། རྒྱལ་མཚན་ཆ་བཅས་དང་། ཀ་རིང་བཞིའི་ཀ་འཕན་ཕུལ། ལྕགས་རྟ་ལོར་དགེ་འདུན་ཕྱོགས་གླང་དང་གྲྭ་རིགས་རྒྱལ་མཚན་གྱིས་བསྟན་འགྱུར་རིན་པོ་ཆེ་དང་། རྒྱལ་མཚན། ཀ་ཐུང་རྣམས་ཀྱི་ཁ་འཕན་སོགས་མཆོད་རྫས་དུ་མས་བསྙེན་ཏོག་ཞུས། ལྕགས་ལུག་ལོར། བླ་མའི་ཐུགས་བཀོད་ལྟར་ཀུན་དགའ་ར་བ་འཕང་མཐོ་བ་བཞི་དང་མཆོད་ཁྲི། གྲལ་སྟེགས། མཆོད་སྒམ། མཆོད་རྫས་མང་དུ་བཞེངས། ཕྱོར་ཚང་བསྟན་རྒྱས་དང་། བདུད་ཤུལ་ཉི་མ་གཉིས་ཀྱིས་གདོང་གྲལ་ཕྱི་གྲལ་གཉིས་ལ་གྲུམ་ཙེའི་གྲལ་སྟན་ཕུལ་བ་སོགས་ལ་ཀུན་གྱིས་བསྔགས་བརྗོད་ཆེའོ། །
གསར་དུ་བཞེངས་པའི་ལྷ་རྟེན་གྱི་སྐོར་ལ། འདུ་ཁང་གདོང་གྲལ་གྱི་དབུས་སུ་བླ་མ་མཁན་ཁྲི་རིམ་བྱོན་གྱི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ཆེན་དང་། སྟེང་དུ་བླ་མཆོད་ཚོགས་ཞིང་། ཁྲིའི་གཡས་ཀྱི་ཀུན་དགའ་ར་བར་གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་ཁྲི་དྲུག་འགྱོགས་དང་། འཁོར་གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི། དགེ་བསྙེན་དྷརྨ་དང་ཧྭ་ཤང་བཅས་ཀྱིས་བསྐོར་བ། དེའི་གཡས་སུ་གཙོ་སྐུ་འཇིགས་བྱེད་ལྷ་བཅུ་གསུམ་མ། ཞོལ་དུ་མགོན་པོ། ལྷ་མོ། ཆོས་རྒྱལ། རྣམ་སྲས་བཅས་ཀྱིས་བསྐོར་བ། སྟེང་དུ་བཀའ་འགྱུར་རིན་པོ་ཆེ་བཞུགས། ཁྲིའི་གཡོན་གྱི་ཀུན་དགའ་ར་བར་གཙོ་སྐུ་རྗེ་ཡབ་སྲས་གསུམ་ཁྲི་དྲུག་འགྱོགས། བློ་བཟང་ཉི་མའི་འདྲ་སྐུ། ཇོ་བོ་རྗེ། འཇམ་དཔལ་དབྱངས། ཚེ་ལྷ་རྣམ་གསུམ། རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ་དེའི་གཡོན་དུ་གཙོ་སྐུ་བྱམས་པ་ཁྲི་དྲུག་འགྱོགས། ཞོལ་ན་སྒྲོལ་ལྗང་། ལྷ་ས་ནས་ཞུས་པའི་ཇོ་སྐུ་བྱིན་ཅན། སློབ་དཔོན་སྣང་སྲིད་ཟིལ་གནོན། ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན་དང་། བྱང་ཆུབ་མཆོད་རྟེན་བཅས་ཀྱིས་བསྐོར་བ། སྟེང་དུ་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཐུའུ་བཀྭན་གསུང་ཐོར་བུ། རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེའི་གསུང་རྩོམ་ཐོར་བུ་བཅས་བཞུགས་ཤིང་། མགོན་ཁང་དུ་འཇིགས་བྱེད། མགོན་པོ། ལྷ་མོ། ཆོས་རྒྱལ། རྣམ་སྲས། གནོད་སྦྱིན་དྲེགས་པ་ལྕམ་སྲིང་། སེང་གདོང་མ། ཁྲོས་ནག་སྡེ་ལྔ། དམ་ཅན་རྡོར་ལག ཡུལ་ལྷ་བཅས་ཀྱི་ཞལ་ཐང་། ཆོས་སྐྱོང་རྣམས་ཀྱི་ཞལ་འབག་དང་ཕྱི་ནང་གསང་བའི་ལྷ་རྟེན་མང་དུ་བཞུགས་ཤིང་། སྟེང་འོག་གི་གྱན་ཐང་རྣམས་ཀྱང་ད་ལྟ་རིམ་གྱིས་བཞེངས་བཞིན་གདའོ། །
ཞར་བྱུང་དུ་ཆོས་སྡེ་འདིའི་ལྷ་འབངས་སུ་འཁྲུངས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་འགའ་ཞིག་བརྗོད་ན། སྤྱིར་སྟག་རི་གྲོང་གསུམ་དང་ཨར་རྐོང་། གྱོ་རྒྱ། འགག་བཟའ་བཅས་སྡེ་དྲུག་ནི་ཆོས་སྡེ་འདིའི་ལྷ་རིས་ཡིན་ཡང་གྲོང་ཤོག་ཁ་གསུམ་དང་ཨར་རྐོང་བཞི་ལ་ནང་མ་བཞིར་གྲགས་པས་ཆོས་ཐོག་རེས་མོས་སུ་གཏོང་དགོས་ཤིང་གཞན་གཉིས་ལ་མ་ངེས་པས་འདིར་ཡང་ནང་མ་བཞི་གཙོར་བཟུང་ན། རྗེ་ཙོང་ཁ་པ་བྱ་ཁྱུང་དུ་དགེ་ཚུལ་སྒྲུབ་སྐབས་ཀྱི་ལས་སློབ་མཁས་གྲུབ་ཆེན་པོ་གཞོན་ནུ་བྱང་ཆུབ་འོད་ཟེར་ཨར་རྐོང་ཀོའུ་བ་ཚང་དུ་འཁྲུངས། ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐོགས་མེད་དུ་མཁྱེན། རབ་ཏུ་བྱུང་ནས་ཚུལ་ཁྲིམས་མིག་ལྟར་བསྲུངས། བལ་བོད་གཉིས་ཀར་མཁས་གྲུབ་མང་པོའི་ཞབས་ལ་གཏུགས། ཁྱད་པར་དུ་ཏཱ་དབོན་གཞོན་ནུ་སེང་གེ་དང་ཆོས་རྗེ་དོན་རིན་པའི་གསུང་གི་བདུད་རྩི་མྱངས། འཁྲུངས་ཡུལ་འགག་བཟའི་ལུང་བར་ཆུ་མགོ་ཆེན་པོ་ཞིག་བཏོན་པར་བརྟེན་ཀོའུ་བ་རི་ཕུག་པར་གྲགས་ཤིང་། ད་ལྟའང་གནས་དེར་སྒྲུབ་ཕུག་ཡོད། མཁས་གྲུབ་ཀྱི་གྲགས་པ་ཆེ་བས་ཧོར་མོག་ཁག་གཉིས་ཀྱིས་བླ་མཆོད་དུ་བཀུར། ད་ལྟའི་ཀོའུ་བ་དགོན་པའི་གཞི་བཏིང་ནས་ཡུན་རིང་བཞུགས། ཆོས་རྗེ་དོན་རིན་པ་མྱ་ངན་ལས་འདས་རྗེས་བྱ་ཁྱུང་གི་གདན་ས་བསྐྱངས། ཁོང་གི་སྐུ་ཕྲེང་ཕྱི་མ་རྣམས་ནི་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་ངོས་འཛིན་ནོ། །
རྙེ་སྒོམ་ཆེན་པ་བློ་བཟང་ནམ་མཁའ་སྟག་རི་རྙེ་ཚང་དུ་འཁྲུངས། སྐུ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རྒྱལ་བའི་བསྟན་པའི་སྒོར་ཞུགས། དབུས་ཀྱི་སྨད་རྒྱུད་དུ་ཚོགས་ཆོས་འགྲིམ། རྒྱ་གར་རྩྭ་མཆོག་གྲོང་བར་དུ་གནས་མཇལ་དང་། ད་ལྟའི་རྙེ་དགོན་པའི་མགོན་ཁང་གི་ཤུལ་བྲག་ཕུག་ཅིག་ཏུ་སྒྲུབ་པ་ཡུན་རིང་མཛད། ལྕི་ལེབ་ཀྱིས་རྭ་བ་བྱས་ནས་བཞུགས་པས་རྙེ་རུ་ཐོགས། དགུང་ལོ་མཐོན་པོར་གཤེགས། དེའི་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མ་རབ་ཉིའི་མགོ་ཙམ་ལ་སྐུ་གོང་མའི་ཚ་བོར་འཁྲུངས། བདེ་ཆེན་དུ་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཐུགས་གཉེར་ཚུལ་བཞིན་གནང་། ཀུན་མཁྱེན་འཇིགས་མེད་དབང་བོས། ཁོང་གྲུབ་མཐའ་གཙང་། ཡོན་ཏན་བཟང་ཞེས་བསྔགས་བརྗོད་ཆེ། ཐུགས་ཟིན་གྱི་སློབ་མར་གྱུར། རྗེ་དཔལ་ལྡན་བཀྲ་ཤིས། མོག་ཀྱ་མཁན་ཆེན། ལྕང་ལུང་ཁྲི་རྒན་སོགས་བླ་མར་བསྟེན། འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཆིག་དྲིལ་མཛད། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། བདེ་ཆེན་གྱི་ཁྲིར་ལོ་བཅུར་བཞུགས། ལམ་རིམ་གྱི་བཤད་ལུང་དང་རྡོར་འཕྲེང་གི་དབང་སོགས་ཀྱང་གནང་། ཕྱིས་སྐུ་གོང་མའི་སྒྲུབ་གནས་སུ་ལྷ་ཁང་བཞེངས་ཏེ་རྙེ་ལྷུན་གྲུབ་ཆོས་རྫོང་བཏབ། ཆོས་སྐྱོང་དུ་དཔལ་ལྡན་དམག་ཟོར་མ་བསྟེན་པས་འཕྲིན་ལས་མྱུར་ཞིང་བཀའ་གཉན་པས། འཁྲུངས་གཞིས་ནས་དགོན་པར་ཞུ་སྐབས་ཕྱིར་གཞིས་སུ་འཕུར་བྱོན་སྐད། དགོན་ཡར་ནང་དུ་བསླབ་གསུམ་གྱི་ཕྱག་བཞེས་ཡོངས་རྫོགས་དང་ལས་ཆོག་གི་ཆོ་ག་ཞིབ་མོ་སྨད་རྒྱུད་ལྟར་བཙུགས། དགོན་མར་ནང་དུ་གར་འཆམ་བཙུགས་གནང་མཛད་དེ་དགུང་གྲངས་དྲུག་ཅུ་བར་སྐུ་གཤེགས་སོ། །
གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་བེ་རིའི་གྲུབ་ཆེན་བློ་བཟང་སྙན་གྲགས་ནི། སྟག་རི་བེ་རིའི་ཚོ་བར་འཁྲུངས། སྐུའི་ལང་ཚོ་མ་སྨིན་པའི་དུས་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་རབ་ཏུ་བྱུང་སྟེ་ཆོས་སྡེ་ཆེན་པོ་འདིར་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་བཞུགས། མཁས་པ་མང་པོའི་ཞབས་ལ་གཏུགས། དཔལ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་ཆིག་དྲིལ་མཛད། བར་སྐབས་ཤིག་ལ་འཚུབ་གེགས་ཆེར་ལངས་ཏེ་རྡོ་རྗེ་སློབ་དཔོན་དུ་བཞུགས་ཚད་གཤེགས་པས་ཁོང་ཉིད་རྡོ་རྗེ་སློབ་དཔོན་གྱི་ཁྲིར་བཞུགས་ཏེ་གྲྭ་སྲི་བཟློག དེ་ནས་རིང་བོ་མ་ལོན་པར་བེག་ཙེའི་ཞལ་འཆམ་རྒྱག་མཁན་ཚང་མ་སྨྱོ་འབོག་གི་ནད་ཀྱིས་གཟིར་བས་ཁོང་གིས་ཞལ་འབག་མནབས། བྲོ་འཆམ་བརྒྱབ། བེག་ཙེའི་ཞལ་ལ་གཟན་ལྕགས་གྱིས་བསྣུན་པས་སྤྱན་ཅུང་བཙུམས་པ་ད་ལྟའང་དེ་ག་རང་དུ་འདུག འཚུབ་གེགས་རྩ་བ་ནས་བཟློག དེ་ནས་ཁོང་གིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་པ་མངོན་དུ་བྱས་ཏེ་སྤྱོད་པ་མ་ངེས་པའི་ཚུལ་མངོན་དུ་བྱས་པས། སྔར་བློ་བཟང་ཉི་མའི་སྒྲུབ་ཕུག་དེ་རྒྱ་བསྐྱེད་དེ་སྐུ་མཚམས་དམ་པོས་སྒྲུབ་པ་སྙིང་བོར་མཛད། འཇམ་དཔལ་རྣོན་པོ་གཤིན་རྗེ་གཤེད་ཀྱི་ཞལ་དཀྱིལ་ནམ་འདོད་དུ་གཟིགས། ཐར་ཤུལ་རིན་པོ་ཆེའི་ལུང་བསྟན་ལྟར། སེར་རྒྱའི་མཚར་ལུང་སྒྲུབ་ཕུག་ཏུ་བཞུགས་རིང་གཟའ་ཁྱབ་འཇུག་བཏུལ། སྲི་མནན་དང་ཚེ་བླུ་སོགས་ཀྱི་སྒོ་ནས་འགྲོ་དོན་དཔག་མེད་བསྐྱངས། ཁྱི་ར་བ་མགོན་པོ་རྡོ་རྗེའི་རྣམ་འཕྲུལ་ཁྲེ་ཙེ་དཔན་ཀྱ་ཀླུ་སྐྱབས་དང་མཆོད་ཡོན་དུ་འབྲེལ། དཔན་ཀྱ་ཀླུ་སྐྱབས་ཀྱིས་དངོས་གྲུབ་བསླངས་པས་ཁོང་གིས་ཐུག་པ་ལྕགས་ཟངས་གང་གནང་བ་ཀླུ་སྐྱབས་ཀྱིས་ཨུ་ཚུགས་མཐར་བསྐྱལ་གྱིས་སྟག་རི་ནས་ཁྲེ་ཙེར་ཐོན་ཐུབ་བགྱིས་པས་སྟོབས་ནོར་འཕེལ། གཞན་ཡང་གསང་བའི་རྣམ་ཐར་མང་པོ་བསྙད་རྒྱུ་ཡོད་ཀྱང་དགག་ཆེ་བས་འདིར་འབྲི་མ་སྤོབས་སོ། །
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn