སྒྲོམ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་།
ཤར་ལུང་ཡུལ་ཚོའི་སྒྲོམ་གྲོང་ཚོའི་ཁོངས་སུ་གཏོགས་ཤིང་། གྲུབ་མཐའ་དགེ་ལུགས་པ་དང་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན། སྒྲུབ་སྡེ་འདི་ཐོག་མར་འདེབས་པ་པོ་ནི་ཁྱུང་ཤེས་སྔགས་རམས་པ་ཞེས་པ་དེ་ཡིན། དེ་ཡང་ཐོག་མར་རྨ་རི་མ་ཟེར་བའི་སར་ཆགས། དེའི་རྗེས་ཕ་རིའི་རྩ་ཟེར་བའི་ས་ཁུལ་དེར་གནས་སྤོས། སྐབས་དེར་གྲྭ་པ་སུམ་ཅུ་ལྷག་བཞུགས་སྐད། དེའི་རྗེས་སུ་ད་ལྟའི་གནས་འདིར་སྤོས་ཏེ་གཙུག་ལག་ཁང་རྟེན་བརྟེན་པ་བཅས་གསར་བཞེངས་མཛད། དགོན་བདག་གི་བླ་མ་འདིའི་སྐུ་ཐོག་མ་ནི་ཁྱུང་ཤེས་ཚོ་བར་འཁྲུངས་པའི་རྐྱེན་གྱིས་ཁྱུང་ཤེས་སྔགས་རམས་པ་ཞེས་མཚན་འབྱོར། དེའི་སྤྲུལ་སྐུ་བན་གསར་ཚོ་བའི་ནང་འཁྲུངས་པས་དེ་ནས་བཟུང་བན་གསར་ཚང་ཞེས་འབོད། དེའི་སྤྲུལ་སྐུ་སོགས་སྐུ་ཕྲེང་གསུམ་གྱི་མཚན་དངོས་དང་མཛད་རྗེས་སོགས་ཞིབ་ཏུ་མ་ངེས་ཀྱང་སྐུ་རིང་འགའི་སྐུ་གདུང་མཆོད་རྟེན་མེ་རྒན་གྲྭ་ཚང་དུ་ཡོད་ལ་དེར་གཟིམ་ཁང་ཞིག་ཀྱང་ཡོད། དེའི་སྤྲུལ་སྐུ་བན་གསར་དགེ་འདུན་བསྟན་པའི་ཉི་མ་ནི་སྐུ་ཕྲེང་བཞི་པ་ཡིན། ཁོང་ནི་མང་བྱ་རྫོང་བན་ཤུལ་དཔོན་ཚང་དུ་འཁྲུངས། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་དང་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་རྣམ་གཉིས་བླ་མར་བསྟེན་ཏེ་བཀའ་ཆོས་མང་དུ་གསན། སེ་འབྲས་དགའ་གསུམ་དང་བཀྲ་ཤིས་ལྷུན་པོ། ས་སྐྱ་སོགས་སུ་ཕེབས་ཤིང་དགའ་ལྡན་དུ་ཡུན་རིང་བཞུགས། ཕྱིར་མདོ་སྨད་དུ་ཕེབས་ཏེ་སྡེ་འདི་བརྩེ་བས་བསྐྱངས། ཞབས་དཀར་ཚོགས་དྲུག་རང་གྲོལ་ཡང་བླ་མར་བསྟེན། མཐར་རབ་ཚེས་མེ་ཁྱི་ཕྱི་ལོ་༡༨༨༦ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་པ་དར་རྒྱས་ནི་མང་བྱ་ཀློའུ་ཚང་ནས་འཁྲུངས། ཁོང་གིས་འདུ་ཁང་གསར་བཞེངས་དང་བྱམས་ཁང་ལ་ཞིག་གསོ་མཛད། སྐུ་གསུང་ཐུགས་རྟེན་གསར་བཞེངས་སོགས་ཀྱི་ཕྱག་རྗེས་ཆེ། མཐར་རབ་རྒྱལ་ལྕགས་ཁྱི་ཕྱི་ལོ་༡༩༧༠ལོར་སྐུ་གཤེགས། དེ་ལས་གཞན་དགོན་པ་འདིར་རྒྱུན་བཞུགས་གནང་བ་ཨ་ལགས་རི་ངན་ཚང་སྐུ་རབས་གཉིས། སྐུ་ཐོག་མ་མང་བྱ་ཨ་ལགས་ཨ་མྱེས་ནས་འཁྲུངས། དེའི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་མང་བྱ་ཀློའུ་དཔོན་པོ་ལོ་བརྒྱ་ཚང་ནས་འཁྲུངས། འཁྲུངས་ལོ་སོགས་གསལ་བོར་མ་ངེས། རབ་རྒྱལ་ལྕགས་བྱི་ཕྱི་ལོ་༡༩༦༠ལོར་ངལ་རྩོལ་སྒྱུར་བཅོས་ཁང་ནས་སྐུ་གཤེགས། །
ཨ་ལགས་བརྒྱ་དཔོན་ཚང་སྐུ་རབས་གཉིས་ཀྱི་དང་པོ་སྒྲོམ་ཚོ་བའི་བརྒྱ་དཔོན་ཚང་དུ་འཁྲུངས་པས་བརྒྱ་དཔོན་ཚང་ཟེར། དེའི་སྤྲུལ་སྐུ་ཀོས་ནན་མང་རའི་འགོག་བཟའ་དུ་འཁྲུངས། ལ་མོ་བདེ་ཆེན་དུ་སློབ་གཉེར་གནང་། གྲྭ་ཚང་འདིར་རྒྱུན་བཞུགས་གནང་ནས་རྡོ་རྗེ་སློབ་དཔོན་དང་གསོ་སྦྱོང་མཁན་པོ་སོགས་མཛད་པ་སྐུ་དྲིན་ཆེ། དེ་ལས་གཞན་གཡེར་གཤོང་ནོམ་ཆི་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ནི་གྲྭ་ཚང་འདིར་ཡུན་རིང་བཞུགས་ཤིང་སྔ་ཕྱིར་དགོན་པར་སྐྱོང་བཀུར་གང་ལེགས་མཛད་པས་སྐུ་དྲིན་ཆེ། །
རྟེན་དང་བརྟེན་པའི་སྐོར། འདུ་ཁང་གྱན་ལྔའི་ནང་དུ་གྱན་ཐང་ཉེར་ལྔ་དང་བཀའ་འགྱུར་ཚར་གཉིས། བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་དང་གུང་ཐང་ཚང། དཔལ་མང་ཚང་བཅས་ཀྱི་གསུང་འབུམ་ཆ་ཚང་སོགས་ཀྱི་གཙོས་སྐུ་གསུང་ཐུགས་རྟེན་དང་མཆོད་རྫས་སོགས་ཀྱིས་ཡོངས་སུ་བརྟས་པ། བྱམས་ཁང་ཉིས་ཐོག་ཅན་ནང་དུ་བྱམས་སྐུ་ཁྲུ་བཅོ་ལྔ་ཅན་གཡས་གཡོན་དུ་ཚེ་ལྷ་རྣམ་གསུམ་དང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་བྱོན་ལེགས། གོས་ཐང་བཅུ་སོགས་རྟེན་སྣ་མང་པོ་དང་། དངུལ་ལས་གྲུབ་པའི་མཆོད་ཆས་དང་མཆོད་རྫས་མ་ཚང་བ་མེད་པ་ཡོད། གཞུང་ཁང་གྱན་དོན་དྲུག ཇ་ཁང་གྱན་བཅོ་བརྒྱད། བླ་བྲང་ཆེ་ཆུང་གཉིས། གྲྭ་ཤག་ཉེར་ལྔ་ཙམ། ད་དུང་དགོན་པར་བདག་དབང་ཡོད་པ་ས་ཞིང་མུའུ་བརྒྱད་ཅུ་ལྷག་དང་། འབྲུ་རིགས་བྲེ་ཁྲི་གཅིག་བཅས་ཡོད་པ་ཚང་མ་ང་བརྒྱད་དང་རིག་གསར་སྐབས་སུ་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ། །
རབ་རྒྱལ་ཤིང་བྱི་ཕྱི་ལོ་༡༩༨༤ལོར་དད་ལྡན་མང་ཚོགས་ཀྱི་རེ་འདོད་གཞིར་བཟུང་ནས་འདུ་ཁང་སོགས་གསར་བཞེངས་བྱས་ཏེ་ད་ལྟ་གོང་ནས་ཆོག་མཆན་ཡང་ཐོབ་ཡོད། གསུང་རྟེན་ལ་བཀའ་འགྱུར་དང་བུ་སྟོན་གསུང་འབུམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཐུའུ་བཀྭན་གསུང་འབུམ་སོགས་ཡོད། ད་ལྟ་གྲྭ་ཤག་བརྒྱད་དང་གྲྭ་པ་བཅུ་ལྷག་ཡོད་པ་རྣམས་འགྲིག་མཐུན་སྒོས་སྔོན་སྲོལ་མ་ཉམས་པར་ཟླ་དང་པོར་རྒྱ་ལོའི་སྨོན་ལམ། ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད། བཞི་བར་མཆོད་པ། དགུ་བར་དུས་མཆོད། ཟླ་བཅུ་བར་ལྔ་མཆོད། སྒྲུབ་མཆོད་ཉིན་ལྔ་རེ། ཉ་སྟོང་བརྒྱད་ལ་དུས་བཟང་དང་དུས་འབྲེལ་གསོ་སྦྱོང་བཅས་ཆག་མེད་ཀྱི་ངོས་ཆོས་སྤྱོད་བཅུའི་བྱ་བ་ཡར་ཟླ་བཞིན་འཕེལ་བཞིན་པའི་སྐབས་ལགས་སོ། །
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn