གླང་ཚའི་དགོན་བསམ་གཏན་གླིང་།
༄༅། ། ཤར་ལུང་ཡུལ་ཚོ་གླང་ཚ་ཚོ་བདུན་གྱི་མངའ་ཁོངས་སུ་ཡོད་ལ་གྲུབ་མཐའ་དགེ་ལུགས་པ་ཡིན། རབ་བྱུང་བཅུ་གཅིག་པའི་ནང་དུ་ཤངས་བླ་མ་སྐུ་ཐོག་མས་སྒང་མཐའི་ཆུ་མགོ་སྒང་དུ་གཞི་བཏིང་། མཚན་ལ་རི་ཁྲོད་བསམ་གཏན་གླིང་ཞེས་གསོལ། མ་འགོར་བར་གྲྭ་པ་ལྔ་བཅུ་ལྷག་འདུས་སྐད།
དེར་འདུ་ཁང་དང་ལྷ་ཁང་གྲྭ་ཤག་སོགས་གསར་སྐྲུན་གང་ལེགས་མཛད། འགྲིག་ལམ་ཀུན་སྤྱོད་སོགས་ཆོས་ལྡན་གྱི་བྱ་བ་རྣམས་ཡར་རྒྱས་བྱུང་། དེ་ནས་རྐྱེན་འགའ་ཞིག་གིས་སྒང་མཐའི་ས་དཀྱིལ་དུ་སྤོས། དེ་ནས་ཡང་གླང་ཚ་ཞོལ་མའི་ཉེ་འདབས་ཀྱི་གླང་ཚའི་མཐོན་པོ་ཉི་མ་སྒང་དུ་སྤོས། གནས་དེར་རབ་རྒྱལ་ས་ཁྱི་བར་དུ་གཏན་ཆགས་སུ་གྱུར།
དགོན་བདག་གི་བླ་མ་འདི་བའི་མཚན་དང་ལོ་རྒྱུས་སོགས་ཞིབ་ཏུ་མ་ངེས་ཀྱང་འཁྲུངས་ཡུལ་ཤངས་ཚོ་བ་ཡིན་པས་ཤངས་བླ་མ་ཟེར་ཞེས་ངག་སྒྲོས་ཙམ་ཡོད་ཀྱང་ཤངས་ཚོ་བ་ད་ལྟ་གར་ཡོད་ཀྱང་མི་ཤེས། སྐུ་ཕྲེང་ཕྱི་མ་རྣམས་དགོན་པ་འདིར་ཕེབས་མ་མྱོང་ཟེར། འཛུགས་སྐྲུན་གྱི་ཕྱོགས་ནས། འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་ནང་རྟེན་གཙོ་བོར་གདོང་གྲལ་གྱི་དབུས་སུ་བླ་མ་དགེ་འདུན་དང་བཅས་པའི་ཐུགས་དམ་གྱི་རྟེན་སྟོན་པའི་སྐུ་བརྙན་ཁྲུ་གང་བ་བྱིན་ཅན། གཞན་དུས་གསུམ་སངས་རྒྱས་དང་ཚེ་ལྷ་རྣམ་གསུམ། བདེ་གཤེགས་བརྒྱད། རྗེ་ཡབ་སྲས་གསུམ་སོགས་བྱིན་ཅན་མང་པོ་དང་། བཀའ་འགྱུར་དང་གསུང་འབུམ་དུ་མ། མཐའ་སྐོར་དུ་གྱན་ཐང་གིས་ཡོངས་སུ་གང་བ་བཅས་བཞུགས། གྲྭ་ཤག་བཅུ་གསུམ་དང་གྲྭ་པ་ཆེ་ཆུང་ཉེར་བདུན་ཙམ་བཞུགས། ཆོས་ཐོག་གི་རིམ་པ་ནི། ཟླ་དང་པོར་སྨོན་ལམ་ཆེན་མོ། ཟླ་གསུམ་པར་མཆོད་པ། བཞི་བར་ཀུན་རིག་སྒྲུབ་མཆོད་བདག་འཇུག་སྦྱིན་བསྲེག་དང་བཅས་པ། བཅུ་བའི་ལྔ་མཆོད། བཅུ་གཅིག་པའི་གཏོར་སྒྲུབ་བཅས་ཡིན།
དགོན་པར་དབང་བའི་ས་ཞིང་མུའུ་དྲུག་ཅུ་ལྷག་དང་ནོར་བཅོ་ལྔ་ཙམ། ར་མ་ཉི་ཤུ་ལྷག་ཡོད། འདི་ལྟར་ཆོས་སྡེ་འདིའི་དཔལ་ཡོན་ཡོངས་སུ་རྫོགས་པའི་སྐབས་ཤིག་ན་ཉི་ཟླ་ལ་སྒྲ་གཅན་བཞིན་ང་བརྒྱད་དང་རིག་གསར་གྱིས་ལྷག་མེད་དུ་བྱས། དེང་གི་དུས་འདིར་སྔོན་གྱི་དགོན་གནས་བཏང་ནས་རབ་རྒྱལ་ཆུ་ཕག་ལོར་གླང་ཚ་གོང་མའི་སྟོད་དུ་གཏེར་ལུང་མདུན་ཟེར་བའི་སར་གནས་གཞི་གསར་དུ་བཏིང་། འདི་ནི་དགོན་གནས་སྤོ་ཐེངས་བཞི་པ་ཡིན། རང་སྡེ་སོ་སོའི་མང་ཚོགས་ཐུན་མོང་དང་འབྱོར་ལྡན་གྱི་སྦྱིན་བདག་རྣམས་ཀྱི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་འདུ་ཁང་ཆུང་ཆུང་ཞིག་བཞེངས། ནང་དུ་སྟོན་པ་དང་རྗེ་སྐུ་ཇོ་བོ་རྗེ་གསུམ་ག་མི་ཚད་ཙམ། རྗེ་ཡབ་སྲས་གསུམ་དང་བླ་མཆོད་ཚོགས་ཞིང་གྱན་ཐང་ལྔ། བཀའ་འགྱུར་ཚར་གཅིག རྗེ་གསུང་འབུམ་ཆ་ཚང་བཅས་བཞུགས། ད་ལྟ་གྲྭ་ཤག་ལྔ་དང་གྲྭ་པ་བཅུ་བཞི་ཙམ་འདུས་ཏེ་སྔོན་གྱི་ཆོས་ཐོག་ཁ་ཤས་རྒྱུན་སྐྱོང་བཞིན་པའི་སྐབས་སོ། །
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn