ཨུ་ཤི་བྲག་རི་ཁྲོད་དར་རྒྱས་གླིང་ངོ་སྤྲོད།

ཨུ་ཤི་བྲག་རི་ཁྲོད་དར་རྒྱས་གླིང་ནི་རྗེ་བླ་མའི་དངོས་སློབ་བྱང་བླ་མ་ཆོས་ཀྱི་རྒྱལ་བོས་བཏབ་པར་གྲགས་ལ། ལ་ལའི་གཞན་ཞིག་ཡིན་པར་འདོད་མཁན་ཡང་ཡོད། གྲུབ་མཐའ་དགེ་ལུགས་ཡིན། དགོན་འདི་ནི་གཞོང་ཐང་རྫོང་གི་མངའ་ཁོངས་སམ་བཀའ་མ་ལོག་དང་ཁྭ་ཏའི་ཁ་བའི་ཉེ་འགྲམ་གྱི་བྲག་ངོས་གཟར་བོ་ཞིག་ཏུ་ཆགས་ཡོད་ལ། རྒྱ་སྐད་ཀྱི་དགོན་འདི་ལ崖尔寺འདི་ཟེར།“梧石崖尔大讲修法轮洲”,因建在山崖得名,又称茂家寺、毛家寺或吾释沟寺,
ད་སྔ་ཐག་རིང་གི་མཇལ་བ་མང་བོ་ཞིག་གིས་གནས་འདི་དེ་འདྲ་ཤེས་ཀྱིན་མེད་པ་འདྲ།
འདི་ལའང་ཨུ་ཤི་དགོན་ཆེན་དང་རི་ཁྲོད་གཉིས་ཡོད་པར་སྣང་ལ། དགོན་ཆེན་འདིའི་ཕ་རོལ་ན་ཡོད། ཨུ་ཤི་དགོན་ཆེན་འདི་ནི་བསམ་བློ་ཨ་ཞང་མཉྫུ་ཤྲིས་རྒྱལ་བ་བསོད་ནམས་རྒྱ་མཚོར་ལུང་བསྟན་ཞུས་ཏེ་བཏབ་པར་གྲགས་པས་དགོན་འདི་གཉིས་འདེབས་མཁན་གཅིག་མིན་པ་འདྲ།
དགོན་བདག་བླ་མ་ཚོང་དཔོན་ནོར་བུ་བཟང་བོའི་སྤྲུལ་སྐུ་ཏིག་ཀྱཱ་སྤྲུལ་བའི་སྐུ་ཡིན་ལ། དགོན་འདི་ལ་ལྷ་སྡེ་ཕལ་ཆེར་སྟོང་ཕྲག་ལྷག་ཡོད་མོད་མང་ཆེ་བ་ཧོར་རིགས་དང་རྒྱ་རིགས། བོད་རིགས་དག་ཡིན་ལ་མང་ཆེ་བ་ཧོར་རིགས་ཡིན་པར་བཤད། བོད་རིགས་ཉུང་ཙམ་ཡོད་མོད་ད་ལྟ་བོད་སྐད་བཤད་ཤེས་མཁན་ཧ་ཅང་ཉུང་། ཡོངས་གྲགས་སུ་གནས་འདིའི་རི་རྒྱུད་འདབས་སུ་ཆགས་པའི་སྡེ་བ་ཕལ་ཆེར་སྔར་ཁྲི་སྲོང་སྡེ་བཙན་སྐབས་ཀྱི་མཐའ་མཚམས་སྲུང་བའི་བཙན་པོ་དམག་གི་རྒྱུད་པ་ཡིན་པར་གྲགས།
བྲག་ན་ཡོད་པའི་ལྷ་ཁང་ཕལ་ཆེར་གཏོར་བཤིག་ཐེབས་ན་ཡང་ད་ལྟ་དད་ལྡན་སྦྱིན་བདག་དག་གིས་བཀའ་དྲིན་ལས་ལོ་འདི་དག་ལ་ཉམས་གསོ་མཛད་ནས་བསྐྱར་བཞེངས་ལེགས་པར་གྲུབ་འདུག
སྔོན་ཆད་དར་རྒྱས་ཆེ་བའི་སྐབས་སུ་དགོན་ཆེན་འདིར་གྲྭ་བ་བརྒྱ་ཕྲག་འགའ་ལྷག་བཞུགས་པར་བཤད་མོད། ད་ལྟ་གྲྭ་བ་བདུན་བརྒྱད་ལས་མི་འདུག
རྗེ་བླ་མ་མཆོག་གིས།
རྒྱལ་བའི་དམ་ཆོས་འཛིན་པའི་རྒྱལ་སྲས་མཆོག།
དགོངས་པ་གསལ་དང་དེ་སྲས་ཐུ་བོ་ནི།།
ཡེ་ཤེས་རྒྱལ་མཚན་ཞེས་བྱའི་ས་ཕྱོགས་དེར།།
སྔོན་ཆད་བསྟན་པ་ཤིན་ཏུ་རྒྱས་མཛད་ནའང་།
དུས་ཀྱི་དབང་གིས་ཤིན་ཏུ་ཉམས་པར་འགྱུར།།
ཚུལ་དེ་དབང་གིས་བསྟན་པ་སྤེལ་སླད་དུ།།
བཀའ་ཉན་གདུལ་བྱ་གཞུང་ལུགས་ཆེན་པོ་ལ།།
སྦྱོར་བའི་ཐུགས་ཁུར་བསྣམས་ཞེས་གླེང་བ་ཐོས།། ཞེས་དང་།
མདོ་སྨད་ཅེས་བྱའི་རྒྱལ་ཁབ་དེར།།
ལྷ་མིའི་བསོད་ནམས་ཞིང་གི་མཆོག།
ཐུབ་པའི་བརྟུལ་ཞུགས་ལེགས་བཟུང་ནས།།
ལུང་གི་བསྟན་པ་སྤེལ་བའི་གཞི།།
ཆོས་སྡེ་ཆེན་པོ་རྣམ་པ་ལྔ།།
ཉིད་ཀྱིས་ལེགས་པར་བཙུགས་སོ་ཞེས།།
བཀའ་བསྩལ་གསུང་ཡིག་འཕྲོད་པའི་ཚེ།།
ཡིད་ནི་དགའ་བའི་བསྐྱོད་པ་ལས།།
སྙིང་ནས་ངོ་མཚར་ཆེན་པོ་སྐྱེས།། ཅེས་བསྔགས་བརྗོད་གནང་།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
