བྱང་གོ་ཏམ་སྡེ་དགོན་པ་ངོ་སྤྲོད་མདོར་བསྡུས།

བྱང་གོ་ཏམ་སྡེ་དགོན་པ་ནི།མཚོ་ཤར་ལུང་མདོ་ཁུལ་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་༢༡ཙམ་གྱི་མཚམས་གོ་ཏམ་གྲོང་བརྡལ་གྱི་(海东市乐都区瞿昙镇)ཁོངས་སུ་ཆགས་ཡོད།བོད་སྐད་དུ་གྲོ་ཚང་ལྷ་ཁང་གོ་ཏམ་སྡེར་འབོད།ཡོངས་གྲགས་སུ་གྲོ་ཚང་རྡོ་རྗེ་འཆང་ཞེས་ཟེར།མདོ་སྨད་དུ་རྡོ་རྗེ་འཆང་མཚན་ཅན་གཉིས་ཡོད་པའི་ཡ་གྱལ་ཡིན།
རྡོ་རྗེ་འཆང་དགོན་ཟེར་དོན་རྟེན་གཙོ་རྒྱལ་བ་རྡོ་རྗེ་འཆང་ཡིན་པས་དེ་སྐད་ཐོགས་ཟེར།དགོན་པ་འདི་སྤྱི་ལོ༡༣༩༢ལོར་བླ་མ་བསམ་བློའམ་བསམ་གཏན་བློ་གྲོས་ཀྱིས་ལྷ་ཁང་ཞིག་བཞེངས་པ་ཇེ་རྒྱས་སུ་བཏང་ནས་ཆགས།བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཡིན།དགོན་འདིའི་འཛུགས་སྐྲུན་དང་བརྐོས་རིས།ལྡེབས་རིས།རྩ་ཆེའི་རིག་དངོས་སོགས་གྲགས་ཆེ་བས་སྙན་པའི་གྲགས་པ་གང་སར་ཁྱབ་ཡོད།
བཤད་རྒྱུན་ལ་སྔོན་དགོན་མ་ལག་བཅུ་གསུམ་ཡོད་སྐད།མིན་རྒྱལ་རབས་ཀྱི་ཐོག་མའི་གོང་མ་རིམ་བྱོན་གྱིས་རོགས་སྐྱོར་འོག་ཏུ་འཛུགས་སྐྲུན་བྱས་པས།རྒྱལ་ཡོངས་ཀྱི་ནུབ་བྱང་ཕྱོགས་སུ་མིན་རྒྱལ་རབས་ཀྱི་དགོན་པའི་འཛུགས་སྐྲུན་ཀྱི་ཆེས་ཆ་ཚང་ལ་གཞི་རྒྱ་ཆེ་བ་ཡིན་ཞེས་གྲགས།
མིན་གོང་མ་ཀྲུང་ཡོན་ཀྲང་གིས་ཁྱུ་ཏམ་སི་ཞེས་དགོན་མིང་བཏགས།དེའི་རྗེས་སུ་མིན་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་དང་ཧུང་ཟི་དང་ཟོན་ཏེ་སོགས་ཀྱིས་སྔ་རྗེས་སུ་ཉུག་རུམ་པའམ་བཟོ་བ་རྣམས་ཆེད་མངགས་ཀྱིས་དགོན་པ་རྒྱ་ཇེ་ཆེར་བཏང་སྟེ་འཛུགས་སྐྲུན་རྒྱ་ཁྱོན་ལ་ཁྱོན་སྨི་གྲུ་བཞི་མ་ཁྲི་གཅིག་ལྷག་ཡོད།
༡༩༥༩ལོར་མཚོ་སྔོན་ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་ཕབ་དང་།༡༩༨༢ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཐེངས་གཉིས་པའི་གནད་ཆེ་སའི་རིག་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས།དགོན་པའི་བཟོ་བཀོད་དང་ལག་རྩལ་ནི་མིན་རྒྱལ་རབས་དཔོན་ཚང་གི་ཁྱད་ཆོས་སམ་ཀན་སའུ་མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་དང་ལྡན་པའི་མཐོ་སྒང་གི་གོང་མའི་ཕོ་བྲང་ཆུང་ངུ་རུ་འབོད་དོ།།
༡༩༥༨ལོའི་རྗེས་སུ།གོ་ཏམ་སྡེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཏོར་བརླག་ཚབས་ཆེན་མ་ཐེབས་པའི་དགོན་པ་བཅུ་གཅིག་གི་ཡ་གྱལ་ཡང་ཡིན་ཟེར།རིག་གསར་སྐབས་སྒོ་བརྒྱབ་ནས་༡༩༨༠ལོར་ཆོས་སྒོ་ཕྱེས།
མིང་རྒྱལ་རབས་དུས་མཇུག་ཙམ་ལ་གྲྭ་བ་ལྔ་བརྒྱར་བུད་ཅིང་།ཆིང་གི་མཇུག་ཙམ་ལའང་གྲྭ་པ་སུམ་བརྒྱ་ལྷག་ཡོད།སྤྱི་ལོ༡༩༤༩ལོའི་སྔོན་ཙམ་ལ་གྲྭ་པ་༦༠ལྷག་ཙམ་ལས་མེད་ཅེའོ།།
འདི་ལྟར་དགོན་པ་བཏབ་ནས་ལོ་ངོ་དྲུག་བརྒྱ་སུམ་ཅུ་ལྷག་འགོར་ཡང་ལོ་རྒྱུས་ཀྱི་བརྡབ་གསིག་དང་དུས་ཀྱི་ཆག་འཇིག་གིས་མ་འགྱེལ་བར་ད་དུང་གནའ་བོའི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་བསྣམས་ནས།གནའ་བོའི་རིག་གནས་ཉར་ཚགས་བྱས་པ་ཆ་ཚང་བའི་དགོན་པ་འདི་འདྲ་ཕལ་ཆེན་མིག་ལམ་དུ་མཐོང་དཀོན་པའི་ཚོད་ཙམ་ཡིན།དགོན་འདིར་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དང་རྒྱ་ཡིག་གི་ཡིག་རིས་ཅན་གྱི་རིག་དངོས་བཅུ་ལྷག་ཡོད་པ་དང་།མིང་ཟོན་ཏེའི་སྐབས་ཀྱི་ཅོང་ཆེན་པོ་ཞིག་དང་།སྤོས་ཕོར་གསུམ།བ་སོའི་ཕྲེང་བ།ཙན་དན་གྱི་ཕྲེང་བ།མི་ལ་རས་པའི་རྡོ་བརྐོས་སྐུ་བརྙན།མིང་ཆིང་སྐབས་ཀྱི་གསེར་ཐམ།བུམ་པ།བ་སོའི་མཆོད་རྟེན།བཀའ་འགྱུར།བསྟན་འགྱུར།རྗེའི་གསུང་འབུམ་སོགས་རིག་དངོས་རྩ་ཆེན་ཡོད་པར་མ་ཟད།མིང་རྒྱལ་རབས་ཀྱི་སྐབས་ཀྱི་ཡིན་ངེས་ཀྱི་བར་ཁྱམས་ལྡེབས་རིས་ལ་སྨི་གྲུ་བཞི་མ་བཞི་བརྒྱ་ཙམ་ཡོད་སྐད།དེ་བས་ཆེད་མཁས་པ་ལ་ལས་མཐོ་སྒང་གི་ཏུན་ཧོང་དུ་འབོད་པར་མ་ཟད།ཏུན་ཧོང་རིག་གནས་སྒྱུ་རྩལ་གྱི་ཁ་སྐོང་ལྟ་བུར་གླེང་མཁན་ཡང་བྱུང་ཡོད།
ལྷ་ཁང་ནང་གི་ལྡེབས་རིས་དག་ནི་ཆེས་རྙིང་བ་སྟེ་དེང་གི་ནང་བསྟན་ལྷ་ཚོགས་སོགས་ལས་རྙེད་དུ་མེད་པ་འདྲ།དཀོན་གཉེར་གྱིས་གསུངས་པ་ལྟར་ན།ལྡེབས་རིས་དག་བཀའ་གདམས་དང་བཀའ་བརྒྱུད་སྐབས་ཀྱི་ལྡེབས་རིས་ཡིན་པས།དེང་གི་ཡུལ་རེབ་གོང་གི་ལྷ་རིས་པ་དག་གིས་ཀྱང་ངོས་འཛིན་མི་ཐུབ་པར་གསུངས།ལྷ་ཁང་སྒོ་མའམ་གོ་ཏམ་ལྷ་ཁང་གི་ཟུར་བཞི་ན་མཆོད་རྟེན་བཞི་ཡོད།
ལྷ་ཁང་སྒོ་མ་(瞿昙殿)དང་བར་མའི་(宝光殿)ལྡེབས་རིས་གཙོ་བོ་འཇམ་དབྱངས་རིགས་ལྔ་དང་རྒྱལ་བ་རིགས་ལྔ་ཡིན་ཟེར།དེང་གི་རྒྱལ་བ་རིགས་ལྔ་དང་ཞལ་ཕྱག་ ༼ ཕྱག་རྒྱ།ཕྱག་གྲངས ༽ སྐུ་མདོག་སོགས་མི་འདྲ་བར་འདུག ལྷ་ཁང་སྒོ་མའི་ནང་རྔ་ཆེན་པོ་ཡུ་བ་ཅན་མི་དར་མའི་གཟུགས་ཀྱི་མཐོ་ཚད་ཅན་ཞིག་ཡོད།དེའི་རྔ་ཀོ་གླང་ཆེན་གྱི་ཀོ་བ་ཡིན་པ་དང་།སྔོན་རྔ་འདི་འདྲ་བ་འགའ་ཡོད་པ་ལས་གཅིག་མ་གཏོགས་ལྷག་མི་འདུག་ཟེར།ལྷ་ཁང་དབུས་མའི་གཡས་གཡོན་ན་གྱན་གསུམ་ཅན་རེའི་ལྷ་ཁང་དཔངས་མི་མཐོ་བ་གཡས་ན་རྗེའི་ལྷ་ཁང་དང་།གཡོན་ན་བྱམས་ཁང་ཡོད།ལྡེབས་རིས་དག་ཆེས་རྙིང་བར་མི་མཐོང་མོད།ལྡེབས་རིས་ཁྲོད་བླ་སྐུ་ཅུང་མང་བ་ལ་གཙོ་སྐུ་ཚོ་གོང་མའི་དབུ་བླ་འགའ་རེ་མིན་ནམ་སྙམ།
ལྷ་ཁང་ཆུང་བ་དེ་གཉིས་ལ་དཀོན་གཉེར་མི་འདུག ལྷ་ཁང་གོང་མའི་(隆国殿)ལྡེབས་རིས་བདེ་གསང་འཇིགས་གསུམ་དུས་འཁོར་སོགས་ཡིན་སྐད་ཀྱང་ཞལ་ཁེབས་བརྒྱབས་ནས་མཐོང་རྒྱུ་མི་འདུག འདིའི་ནང་གི་རྟེན་གཙོ་བོ་རྒྱལ་བ་རྡོ་རྗེ་འཆང་ཡིན།དེའི་མདུན་དུ་རྒྱལ་པོའི་དགུང་ལོ་ཁྲི་ཚོ་ཁྲི་ཚོ་ཐུབ་པར་གྱུར་ཅིག་ཅེས་པའི་སྟེགས་བུ་བརྐོས་རིས་ངོ་མཚར་བ་ཞིག་འདུགདེའི་མདུན་དུ་མཎདལ་དང་མཆོད་མེ་སྟེགས་བུ་ཆེན་པོ་གཉིས་འདུག འདིའི་ནང་གི་ཡུལ་སྐོར་བའི་མིག་དབང་འཕྲོག་པའི་རྡོའི་གླང་ཆེན་ཉལ་བ་རྒྱབ་ཏུ་རྔ་ཆེན་ཁུར་བ་དེ་འདུག གླང་ཆེན་ཉལ་བའི་མཐོ་ཚད་ལ་སྨི་གཅིག་ཙམ་ཡོད།དེའི་སྟེང་གི་རྔ་ཆེན་དེའི་ཀོ་བ་གསར་དུ་བཟོས་པ་ཡིན་ཟེར།
ལྷ་ཁང་གོང་མའི་གཡས་ན་གྲོ་ཚང་ཅོང་ཞེས་པའི་སྐད་གྲགས་ཅན་བ་ཡན་ཐང་ནས་རྟ་འདྲོགས་མཁན་དེ་ཉིས་ཐོག་ན་དཔྱངས་ཡོད་པ་སྒེའུ་ཁུང་ལས་འདབ་ཙམ་མཇལ་ཐུབ་པ་ཡོད།༥༨ལོར་ཅོང་དེའི་ཀླད་པ་ཕྲ་ཡོད་པས་སྐད་དེ་འདྲ་གྲག་རྒྱུ་མི་འདུག་ཟེར།གཡོན་ཕྱོགས་སའི་ལྷ་ཁང་སོགས་ཞིག་གསོ་བྱེད་ཀྱིན་ཡོད་པས་ཞིབ་ཏུ་མཇལ་མ་ཐུབ།དཀོན་གཉེར་གྱིས་ལྡེབ་རིས་ཕྱོགས་བསྒྲིགས་རིན་གོང་སྒོར༨༠༠ཅན་དཔར་གྲངས་༡༠༠ལས་མ་དཔར་བ་དེ་དགོན་པ་སོགས་ལ་བཀྲམ་ཚར་ཡང་དྲ་ཐོག་ན་དཔར་སློག་བཙོང་གིན་འདུག་ཟེར་བ་ཕྱིར་ལམ་བར་ནས་བཙལ་ཀྱང་མ་རྙེད་སོང་བས་དཀོན་གཉེར་དེར་འཕྲིན་ཕྲན་མ་སྦྲེལ་བར་འགྱོད་པ་ཞིག་སྐྱེས།
དགོན་འདི་རུ་རྡོ་རིང་ཡང་བཞི་ཡོད་པ་ལས་གཉིས་ལ་ཆེད་དུ་ཁང་བུ་སྒོ་བཞི་ཅན་ཕིབས་འདུག འདི་འདྲ་ཀན་སུའུ་ཞིང་ཆེན་གྱི་ལུང་ནན་ས་ཆའི་ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གླིང་གི་དགོན་ཤུལ་གྱི་རྡོ་རིང་གཉིས་དང་འདྲ་མོད།དེ་དང་བསྡུར་ན་གོ་ཏམ་སྡེའི་ལྷ་ཁང་དག་ལ་ལོ་རྒྱུས་རིག་གནས་གཟི་འོད་འབར་བཞིན་ཡོད་པ་དང་།དེ་བདག་གཉེར་སྲུང་སྐྱོབ་བྱེད་པའི་གྲྭ་པ་མཐོང་རྒྱུ་ཡོད་པས།མཚོ་ཤར་གྲོ་ཚང་ཡུལ་གྱི་དགྲ་བཅོམ་རི་འདབས་འདི་ན་ད་དུང་གནའ་བོའི་རིག་གནས་ཀྱི་ལྟེང་ཀ་ཆེན་པོ་ཞིག་ལྷམ་མེ་ལྷང་ངེར་འཚེར་འདུག་སྙམ་མོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
