གསེར་ཁང་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-05-25 21:37:31     རྩོམ་པ་པོ།   སངས་རྒྱས་རྒྱ་མཚོ།     ཀློག་ཐེངས།  

ཙོང་ཁའི་སྐྱེས་རིའི་ཉིན་སྲིབ་ཏུ་ཡོད་པའི་རི་ཁྲོད་འགའ་ཞིག་གི་ལོ་རྒྱུས་མཛུབ་མོ་རི་སྟོན་ཞེས་བྱ་བ་ལས།  

གསེར་ཁང་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།     

 

སངས་རྒྱས་རྒྱ་མཚོ།

微信图片_201905241455171.jpg

དེ་ཡང་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ཞེས་པ་ལས།   སྐྱེས་རིའི་གསེར་ཁང་དབེན་གནས་དང་། །   འུར་དགུའི་ཤ་རྫོང་དགོན་པ་དང་། །   དན་ཏིག་ཡང་ཏིག་འབུམ་གླིང་དང་། །   བཀྲ་ཤིས་འཁྱིལ་ལ་སོགས་པ་ཡི། །   སྒྲུབ་བརྒྱུད་དགོན་ཡང་ཤིན་ཏུ་མང་།   །ཞེས་དང་།  རྙེ་བ་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྗེ་གསེར་ཁང་བའི་རྣམ་ཐར་ལས།  ཁྱད་པར་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། །   ཆུ་བུར་མིག་ལ་ས་འཛིན་ལྟར་སྣང་བ། །  གསེར་ཁང་ཞེས་གྲགས་གནས་གསུམ་མཁའ་འགྲོའི་ཚོགས། །  སྤྲིན་བཞིན་འདུས་ཏེ་དགེ་མཚན་སྤེལ་བའི་གནས། །   སྙིང་བོའི་སྔགས་སྒྲ་སྒྲོག་པའི་ཡོན་ཆབ་དང་། །  ཕྲ་ལྡེམ་ལང་ཚོ་རྒྱས་པའི་རྐང་འཐུང་ཚོགས། །  གཉིས་སྐྱེས་དུ་མས་དགའ་བའི་སྐད་འབྱིན་པས། །  ཀུན་ལ་དགའ་བདེའི་དཔལ་ཡོན་ངོམས་པ་དེར། ། ཞེས་དང་།  གནས་བསྟོད་ལས།   གནས་ཕུན་ཚོགས་གསེར་ཁང་རི་ཁྲོད་ཅེས། །   མགོན་བསྟན་འཛིན་བློ་བཟང་རྒྱ་མཚོ་སོགས། །   རྗེ་མཁས་གྲུབ་མང་བོས་རྟག་བསྟེན་ཅིང་། །   མཐོང་ཙམ་གྱིས་དད་པའི་ཡིད་འཕྲོག་པ། །   དཔལ་ཧེ་ཀ་དང་རྗེ་བཙུན་མ། །   ལྷ་དཔའ་བོ་དཔའ་མོ་རོལ་བའི་གནས། །   བྲག་རིན་ཆེན་ལྷུན་པོ་མཐོར་བརྩེགས་པའི། །   གནས་དཔལ་གྱི་གཞལ་མེད་ཕོ་བྲང་ཆེ། །   ཕུ་བྱང་ཆུབ་སྒྲུབ་པའི་གནས་སུ་བཟང་། །   འདབས་ཞིང་བའི་ལོ་ལེགས་རྒྱགས་ཕྱེས་ཕྱུག ། བར་མེ་ཆུ་ཐབ་ཤིང་རྩོལ་སྒྲུབ་བྲལ། ། མཆོག་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་འཛོམས།  །ཞེས་གསུངས་པ་ལྟར།   སྔོན་གྱི་སྒྲུབ་གནས་ཁྱད་འཕགས་སྐྱེས་རིའི་གསེར་ཁང་རི་ཁྲོད་ནི་ཙོང་ཁའི་སྐྱེས་རི་དང་མགོན་པོ་བྲག་ནག་གཉིས་ཀྱི་དབར།   གཤོང་ཤན་ལུང་བའི་ཕུ་སྟོད་ཀྱི་གསེར་ཁང་རྩེའི་གདོང་རྒྱུད་གཟར་བོ་ཐུར་དུ་བརྐྱངས་པའི་ཉིན་ངོས་ཐེམ་ཐོག་ཏུ་ཆགས་ཡོད།   རི་ཁྲོད་འདིའི་གཡས་གཡོན་དུ་དྭངས་ཤིང་བསིལ་བའི་འབབ་ཆུ་དུ་མ་ཆད་མེད་འབབ་ཅིང་།    ཁོ་ར་ཁོར་ཡུག་ཀུན་ཏུ་ཚང་ཚིང་ནགས་ཀྱིས་མཛེས་པར་བརྒྱན་པ།   ལུང་གཞོང་ཡངས་པའི་སྤང་ལྗོངས་ངོས་སུ་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཚོམ་བུ་ལྟར་བཀོད་པ།   མིའི་འདུ་ལོང་ཟད་ཅིང་བྱ་བྱིའི་སྣ་ཚོགས་ཀྱིས་སྐད་སྙན་བར་མེད་དུ་སྒྲོག་པ།    སྔ་དྲོ་ཉི་མ་འཆར་སྔ་ཞིང་ཕྱི་དྲོ་ཉི་མའི་རྒྱུན་རིང་བ།   སའི་མཐོངས་ཡངས་ཤིང་ཁམས་དྭངས་པའི་དབེན་གནས་འདིར་སྔོན་བྱོན་དམ་པ་མང་བོ་ཞིག་དངོས་སུ་བྱོན་ཏེ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེངས་ཚུལ་ཅུང་ཟད་འགོད་ན།    རབ་བྱུང་བཅུ་བའི་མེ་སྟག་སྤྱི་ལོ་༡༦༢༦ལོར་སྐྱིད་ཤོད་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་མཚོ་ཁྲི་ཤོར་རྒྱལ་མོའི་སོག་པོའི་སྡེ་ཁྲོད་དུ་བཞུགས་སྐབས་མནལ་དང་འོད་གསལ་འདྲེས་མའི་ཉམས་སྣང་དུ་ཟླ་བའི་དཀྱིལ་འཁོར་དཀར་ཞིང་མཛེས་པའི་སྟེང་ན་པཎ་ཆེན་ཐམས་ཅད་མཁྱེན་པ་བཞེངས་སྟབས་ཀྱིས་ཚུལ་དུ་བཞུགས་ནས།   ཁྱོད་འདི་ནས་མ་འདུག་པར་ཤར་ཙོང་ཁའི་སྐྱེས་རིའི་གསེར་ཁང་རི་ཁྲོད་དུ་བདེ་མཆོག་གི་བསྙེན་སྒྲུབ་མཛད་པ་ལ་སོང་གསུངས།   མནལ་སད་པ་དང་དགའ་སྤྲོ་ལྷག་པར་སྐྱེས།    དབེན་པར་འབྱོན་གྲབས་མཛད་པ་ལ་བུ་སློབ་རྣམས་ཀྱིས་ནན་ཞུའི་བགྱིས་པས་རེ་ཞིག་ལ་འབྱོན་དབང་མ་བྱུང་།    དེ་དུས་རྗེ་ཉིད་ཀྱི་ལྗགས་ཅུང་ཟད་བསྙུང་ཞིང་གསུང་ངག་འབྱིན་དཀའ་བར་གྱུར།    རབ་ཕྱོགས་མེ་ཡོས་སྤྱི་ལོ་༡༦༢༧ལོར་རྗེ་ཉིད་དང་དཔོན་གཡོག་འགའ་བཅས་གསེར་ཁང་རི་ཁྲོད་དུ་ཕེབས།    གསེར་ཁང་གི་ལ་ལ་ཞབས་ཐང་དུ་བྱོན་པའི་ཚེ་ནམ་མཁའ་ནས་མེ་ཏོག་གི་ཆར་བབ།   དེ་དང་མཉམ་དུ་ལུད་པ་ཞིག་འཕངས་པས་ལྗགས་ཀྱང་སྙུན་ལས་གྲོལ་ནས་གསུང་ངག་ཀྱང་ཐོགས་པ་མེད་པ་བྱུང་།   དེ་ནས་རི་ཁྲོད་དེར་བདེ་མཆོག་ལྰུ་ཨི་བའི་བསྙེན་སྒྲུབ་རྒྱས་པ་ཟླ་བ་དྲུག་ཙམ་མཛད།   ལྷ་འདི་ཉིད་ཀྱི་བྱིན་གྱིས་བརླབས་ཤིང་བསྐྱེད་རྫོགས་ལ་བརྟན་པ་ཐོབ།   གསེར་ཁང་དུ་བཞུགས་པའི་སྐབས་དེར་མདོ་སྨད་ཀྱི་སྒྲུབ་པ་པོ་རྣམས་ཀྱི་མཆོག་ལི་ཀྱྰ་སློབ་དཔོན་པ་ཤེས་རབ་སེང་གེ་མཇལ་བར་ཕེབས།   སྤྱིར་གྱི་བཀའ་ཆོས་དུ་མ་དང་།   ཁྱད་པར་དུ་ཐུགས་རྗེ་ཆེན་པོ་གསང་སྒྲུབ་ལྷ་དགུ་མའི་དབང་གསན།   ཁོང་གིས་བསྐུལ་བ་ལས་རྗེ་འདིས་སྒྲུབ་ཐབས་ཀྱང་གསར་དུ་བརྩམས་ཏེ་གནང་།  ཁོང་ཉིད་གནས་དེར་བཞུགས་པའི་ཚེ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ཡང་ཁོང་གི་སྤྱན་སྔར་བྱོན་ནས།   ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ།   རྟ་མགྲིན་ཡང་གསང་།   ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང་སོགས་ཆོས་བཀའ་མང་བོ་གསན།   གཞན་ཡང་རི་ཁྲོད་དེར་བཞུགས་སྐབས།   མི་རྟག་པ་དྲན་པའི་རྐྱེན་གྱིས་མི་རྟག་པའི་མགུར་དང་།   པཎ་ཆེན་ཐམས་ཅད་མཁྱེན་པའི་གསང་གསུམ་གྱི་ཡོན་ཏན་དང་བཀའ་དྲིན་དྲན་པའི་རྐྱེན་གྱིས་བླ་མ་དྲན་པའི་མགུར།    སྐྱོ་མགུར།    རིམ་ལྔའི་ཉམས་མགུར་སོགས་མང་དུ་གསུངས།   དེ་ནས་བརྩམས་ཏེ་སྐུ་ནམ་བཞུགས་ཀྱི་རིང་ལ་ལོ་ཕལ་ཆེ་བར་གནས་དེ་ཉིད་དུ་སྒྲུབ་པ་སྙིང་བོར་མཛད།   གསང་འདུས་འཇམ་རྡོར་གྱི་བསྙེན་སྒྲུབ་ཀྱང་གནས་དེར་གནང་།   ཕྱག་ཚྭ་མང་བོ་བཏབ་ནས་སྐུ་ཚེ་བྱིན་གྱིས་བརླབས་པའི་རྣམ་རྒྱལ་མཆོད་རྟེན་ཞིག་བཞེངས་ཚུལ་ཁོང་གི་རྣམ་ཐར་དད་པའི་སྒོ་འབྱེད་དུ་གསལ་བ་ལྟར་རོ། །   རབ་ཡིད་ཆུ་བྱ་སྤྱི་ལོ་༡༨༡༣ལོའི་སྐབས་སྔ་ཕྱི་ལ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཚང་ཙོང་ཁའི་སྐྱེས་རིའི་གསེར་ཁང་རི་ཁྲོད་དུ་ཐོག་མར་ཕེབས།    འདི་དུས་རྗེ་ཉིད་དགུང་ལོ་སོ་བཞི་ཡིན་པར་ངེས།   གཤོང་ཤན་པད་མོ་སྟེང་གི་རྡོ་རྗེ་རབ་བརྟན་སྤྱིན་བདག་བྱས་ཤིང་།    ཁོས་གྲོགས་འགའ་བཅོལ་ཏེ་ལམ་གྱི་ཚེར་མ་སོགས་བྲེགས་ནས་གསེར་ཁང་རྩེར་ཕེབས།    སབ་བརྒྱབ་སྟེ་ཁང་ཆུང་ཞིག་བསྐྲུན་པར་བཞུགས་གནས་མཛད།   མི་འཁྲུགས་པ་སོགས་ཀྱི་སྐུ་འདྲ་མང་བོ་དང་།   ཟ་བྱེད་མཁའ་འགྲོའི་སྤྱིན་སྲེག་ཉིན་རེར་སྟོང་ཕྲག་གསུམ་རེ་ཆག་མེད་བྱས།    བླ་མ་མཆོད་པ་དང་སྦྱོར་བའི་ཆོས་དྲུག་མ་ཆག་པའི་སྒོ་ནས་བསགས་སྦྱངས་ལ་འབད་པ་ལྷུར་བཞེས་མཛད།   རྗེས་སུ་གསེར་ཁང་རི་ཁྲོད་དུ་འདག་སྦྱར་བྱས་ཏེ་ལོ་མཚམས་འགའ་བཏང་།   འདི་དུས་སྐྱབས་འགྲོ་གྲངས་མང་དང་།   བླ་མ་མཆོད་པ་དང་འབྲེལ་བའི་བརྐྱངས་ཕྱག་ལྔ་བརྒྱ།   ཡན་ལག་བདུན་པ།   མཎྡལ་སོགས་ལ་ཉམས་བཞེས་མཛད།   འཇིགས་བྱེད་ཐུན་བཞིའི་སྒོ་ནས་བསྙེན་པའི་སྐབས་ཤིག་འཚུབ་ཆ་ཆེ་བས་དགུང་ཐུན་མཚམས་སུ་ཟ་བྱེད་མཁའ་འགྲོའི་སྤྱིན་སྲེག་སྟོང་ཕྲག་གསུམ་བཞི་ཙམ་མ་ཆག་པར་གནང་བས་འཚུབ་ཆ་རང་ཞིར་སོང་།   འདག་སྦྱར་བྱས་ནས་སྐུ་མཚམས་དམ་པོར་བཞུགས་སྐབས་བཞེས་པ་ཤ་མར་ཐུད་གསུམ་མེད་ལ།   ན་བཟའ་ཡང་སྐུ་རྒྱབ་དྲོས་ཙམ་མ་གཏོགས་མེད།   བཞུགས་གདན་སྟན་ཆུང་གཅིག་དང་ཕྱིང་དམར་གྱི་གདིང་བ་གཅིག་ལས་མེད།   གནས་དེར་རོང་བོ་བློན་ཆེས་རི་ཁྲོད་པ་བསྟན་འཛིན་རྒྱ་མཚོ་ཚང་གིས་ཞུས་ངོར་གསང་འདུས་ཀྱི་དབང་དང་།  འགྲེལ་བ་བཞི་སྦྲགས་ཀྱི་ཁྲིད་ཉན་མཁན་རི་ཁྲོད་པ་བདུན་བརྒྱད་ཙམ་བཞུགས་པ་ལ་ཟླ་གཅིག་ལྷག་ལ་ཐུན་གསེང་རྣམས་སུ་གནང་ནས་མཇུག་ཏུ་རྒྱུད་ཀྱི་གླེགས་བམ་གཏད་དེ།   གཡའ་ཁྲོད་དང་གངས་ཁྲོད་འགྲིམ་ནས་ཚེ་དང་སྒྲུབ་པ་སྙོམས་དགོས་པའི་ཞལ་གདམས་ཟབ་མོ་མང་དུ་གསུངས།   རྗེ་ཉིད་གསེར་ཁང་རི་ཁྲོད་དུ་བཞུགས་དུས་བྱང་ཆུབ་ལྟུང་བཤགས་དང་སྦྲགས་ནས་ཕྱག་འབུམ་ཐེར་མང་བོ་འཚལ་ཏེ་སྒྲིབ་སྤྱོང་བྱས་ཤིང་།   དེ་མཚུངས་མཎྡལ་དང་མཆོད་པ་སྰ་ཙྪ་འདེབས་པ།  སྤྱིན་སྲེག    རྡོར་སེམས་སྒོམ་བཟླས་ལ་འབད་པ།   བླ་མའི་རྣལ་འབྱོར་སྒོམ་པ་སོགས་བསགས་སྦྱང་དང་ཉམས་ལེན་གྱི་རིམ་པ་གཞན་གྱི་བློར་མི་ཤོང་བ་ལྟ་བུ་མཛད།    དེ་དུས་རྗེ་ཙོང་ཁ་བའི་རྩ་འཇུག་གི་འགྲེལ་ཆེན་གཉིས་དང་།   སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་གུང་བསྒྲིགས་ནས་དཔྱད་པ་གནང་བས་གཞུང་དོན་ལ་ངེས་བ་རྙེད་ཅིང་།   དཀའ་གནད་རྣམས་སྐུ་གཞོགས་ཤིང་བཟའ་ཚང་ལ་འཕྲིན་ཡིག་གི་ལམ་ནས་དོགས་གཅོད་ཞུས་པ་སོགས་བསམ་བྱའི་དོན་ལ་སྒྲོ་འདོགས་ལྷག་མ་མེད་པར་བཅད།    རྗེ་ཉིད་དགུང་ལོ་རེ་གཉིས་པ་ལྕགས་གླང་སྤྱི་ལོ་༡༨༤༡ལོར་གསེར་ཁང་དབེན་པའི་དགའ་ཚལ་དུ་ཕེབས་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལ་བཞུགས།   རྗེ་ཉིད་དགུང་ལོ་རེ་གསུམ་པ་ཆུ་སྟག་སྤྱི་ལོ་༡༨༤༢ལོར་གསེར་ཁང་རི་ཁྲོད་དུ་མགོན་པོ་རྒྱས་པའི་གཏོར་སྒྲུབ་གནང་ཞིང་།   ལ་མོ་ཞྭ་དམར་དཔོན་སློབ་ངག་དབང་བསྟན་འཛིན་རྒྱ་མཚོ་སོགས་རི་ཁྲོད་པ་འགའ་ཞིག་ལ་རྣམ་འགྲེལ་གྱི་ཁྲིད་དང་།   ལམ་གྱི་གཙོ་བོ་རྣམ་གསུམ།   འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་དགྱེས་བཞིན་དུ་སྩལ།   ལོ་འདི་ལ་གསེར་ཁང་རི་ཁྲོད་དུ་མགོན་པོའི་གཏོར་སྒྲུབ་ཀྱང་གནང་།    རྗེ་གསེར་ཁང་རིན་པོ་ཆེ་གསེར་ཁང་དབེན་པའི་དགའ་ཚལ་དུ་ཐེངས་བཅུ་ཕྲག་ཙམ་ལ་ཕེབས་བཞུད་གནང་སྟེ་བཞུགས་གནས་ཀྱི་མཐིལ་མཛད།    དེའི་སྟབས་ཀྱིས་ཁོང་གི་མཚན་ལའང་རྗེ་གསེར་ཁང་བ་ཞེས་གྲགས།   ཁོང་གིས་མཛད་པའི་བསྟན་བཅོས་འགར་གསེར་ཁང་རི་ཁྲོད་པས་བྲིས་ཞེས་གནས་ཀྱི་མིང་གནས་བ་བོ་རང་ལ་བཏགས་ཡོད་དོ།།   དབེན་གནས་འདིར་བྱོན་པའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་མཚན་ཙམ་སྨོས་ན།  ༡  བྱ་བཏང་མཚོ་སྣ་གདོང་ཞེས་པ་གནས་འདིར་ཕེབས་ཏེ་སྒྲུབ་པ་ཡུན་རིང་མཛད། ༢ རོང་བོ་གྲུབ་ཆེན་ཆོས་པ་ཡབ་སྲས་ཀྱི་དངོས་སློབ་སྟག་གེ་དོན་ཡོད་རྒྱ་མཚོ་གསེར་ཁང་རི་ཁྲོད་དུ་ཕེབས་ནས་ཐུགས་དམ་མཛད། ༣  རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་༡༧༠༣ལོར་རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ་དང་།  རྒྱལ་མཁན་པོ་བློ་བཟང་ཉི་མ་སོགས་གསེར་ཁང་རི་ཁྲོད་དུ་གནས་མཇལ་དུ་ཕེབས།  ༤  རྗེ་གསེར་ཁང་བའི་སྐུ་མཆེད་མཁས་པའི་དབང་ཕྱུག་བློ་བཟང་བསྟན་པ་རྒྱ་མཚོ་ཚང་གསེར་ཁང་རི་ཁྲོད་དུ་ཕེབས་ནས་ལོ་གསུམ་གྱི་རིང་འཇིགས་བྱེད་བསྙེན་ཆེན་ལ་བཞུགས། ༥  གསེར་ཁང་དགེ་བཤེས་སུ་གྲགས་པའི་བྱ་བྲལ་ལྷ་རམས་པ་ཨ་རིག་སྨོན་ལམ་བཟང་བོ་ཚང་གནས་འདིར་ཡང་ཡང་ཕེབས་ཏེ་སྐུ་མཚམས་ལ་ལན་མང་བཞུགས།  ༦   འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་གསེར་ཁང་རི་ཁྲོད་དུ་ཕེབས་ནས་ཞག་ཤས་བཞུགས། ༧  ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ཚང་གསེར་ཁང་དབེན་པའི་དགའ་ཚལ་དུ་ཕེབས་ནས་ཐུགས་དམ་ཆུ་བོའི་རྒྱུན་བཞིན་བསྐྱངས།   འདི་དུས་ཁོང་ཉིད་ཆུ་མིག་བརྒྱ་རྩར་འགྲིམས།   ཙོང་ཁའི་སྐྱེས་རིའི་བླ་མཚོ་ཟེར་བ་ནས་བདུན་མཚམས་དང་བོའི་མགོ་བཟུང་།   མཇུག་དར་གྱི་ལྷ་མཚོ་ནས་གྲུབ་པར་བྱས་གསུངས།   སྐབས་རེར་གསེར་ཁང་རྩེའི་ནགས་ཁྲོད་དུ་བྱོན་ནས་བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་ཐོགས་ནས་གཤར་སྒོམ་གནང་བཞིན་གསུང་གདངས་མཐོན་པོས་ལྷ་ཀླུ་གཟའ་སྐར་དང་།   དུད་འགྲོ་རི་དྭགས།   བྱ་བྱིའུ་འབུ་སྲིན་ཕྲ་མོ་ཚུན་ཆད་ཀྱི་རྣ་བར་དམ་པའི་ཆོས་སྒྲ་བསྒྲགས་ཏེ་ཆོས་སྤྱིན་བདུད་རྩིའི་ཆར་གྱིས་ཐར་བའི་མྱུ་གུ་བསྐྲུན་པར་མཛད། ༨  ཨ་རོལ་སྤྲུལ་སྐུ་བློ་བཟང་ལུང་རིགས་རྒྱ་མཚོ་ཚང་གསེར་ཁང་རི་ཁྲོད་དུ་གནས་མཇལ་དུ་ཕེབས། ༩ སྐུ་འབུམ་གྲུབ་དབང་དཀའ་ཆེན་བྱང་ཆུབ་རིན་ཆེན་ཚང་གསེར་ཁང་རི་ཁྲོད་དུ་ཕེབས་ནས་བསགས་སྤྱངས་ལ་འབད་པ་ལྷུར་བཞེས་མཛད།   ༡༠  ཤིང་བཟའ་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་གཤོང་ཤན་ལྷ་ཆེན་དཔལ་འབར་དང་གསེར་ཁང་རི་ཁྲོད་དུ་ཕེབས།    གསེར་ཁང་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་བཞེས་ཤིང་བསང་གཏོང་བ་གནང་།   བདེ་ཡངས་སྤྲུལ་སྐུ་དང་།   ནང་སོ་དབང་ཆེན་ཚེ་བརྟན་སོགས་ལ་སྐྱབས་རྗེ་གསེར་ཁང་བ་ཆེན་པོའི་སྒྲུབ་ཁང་འདི་དོ་དམ་གང་དྲག་སྒོས་ཞིག་རལ་ཏུ་མི་འགྱུར་བ་དང་།  རི་ཁྲོད་པ་ཁ་ཤས་རྒྱུན་པར་སྡོད་དུ་འཇུག་པ་དང་།   ནགས་ཚལ་ལ་གཅེས་སྤྲས་གལ་ཆེ་ཚུལ་གྱི་ཞལ་ཏ་སྩལ། ༡༡  རབ་ཚེས་ལྕགས་ཡོས་སྤྱི་ལོ་༡༨༩༡ལོར་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚང་ཁ་ཤ་མཐིལ་དུ་ཕེབས།    མཆོད་རྟེན་ཆེན་མོའི་སྟེང་འོག་གི་ལྷ་ཁང་རྣམས་སུ་མཆོད་མཇལ་དང་།   ཡུལ་ལྷའི་ཕོ་བྲང་དུ་ཕེབས་ཏེ་སྙན་དར་ཕུལ་ཞིང་འཕྲིན་བཅོལ་གནང་།   གསེར་ཁང་རི་ཁྲོད་དུ་ཕེབས་ནས་མཆོད་འབུལ་དང་།   གཤོང་ཤན་ཉིན་ཐུབ་ཀྱི་གྲྭ་མང་ལ་སྨན་ཆོག་བསྡུས་པ་སོགས་འདོད་ཆོས་འགའ་ཞིག་གི་ལུང་གནང་།   ༡༢   བྱ་ཁྱུང་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ཚང་རབ་ཚེས་ཤིང་ཕག་སྤྱི་ལོ་༡༨༧༥ལོ་ནས་ལྕགས་སྟག་སྤྱི་ལོ་༡༨༩༠ལོའི་བར་དུ་གསེར་ཁང་རི་ཁྲོད་དུ་ཐེངས་ལྔ་དྲུག་ཙམ་ལ་ཕེབས་བཞུགས་གནང་སྟེ་ཐུགས་དམ་ཟབ་མོ་གཞན་གྱི་བློར་མི་ཤོང་བ་ལྟ་བུ་མཛད་པས་ཉམས་རྟོགས་ཀྱི་ཡོན་ཏན་མངོན་དུ་གྱུར།  ༡༣ རབ་རྒྱལ་ལྕགས་བྱ་སྤྱི་ལོ་༡༩༢༡ལོའི་དགུན་ཁར་ལྡེ་ཚའི་ཀུན་སྤངས་ཁ་གྱ་འཇམ་དབྱངས་དཔལ་ལྡན་ཚང་གསེར་ཁང་རི་ཁྲོད་དུ་ཕེབས།   དཔལ་འཁོར་ལོ་སྡོམ་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བར་མཛད་ཅིང་།   བསྙེན་པ་སྤྱིན་སྲེག་དང་བཅས་པ་བསྒྲུབས། ༡༤   སྐུ་འབུམ་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ཚང་གསེར་ཁང་རི་ཁྲོད་དུ་ཕེབས། ༡༥  བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་གསེར་ཁང་རི་ཁྲོད་དུ་ཕེབས་ནས་གནས་འབྲེལ་བཞག    དེ་དུས་བཅད་རྒྱ་ཞིག་གི་སྐབས་ཁོང་གིས་གསེར་ཁང་རི་ཁྲོད་ཀྱི་གནས་བསྟོད་མདོར་བསྡུས་ཤིག་བརྩམས།  ༡༦  རྭ་རྒྱའི་མོན་ཤུལ་བློ་བཟང་བསྟན་འཛིན་རྣམ་རྒྱལ་གསེར་ཁང་རི་ཁྲོད་དུ་གནས་མཇལ་དུ་ཕེབས། ༡༧  ཁོ་ཚེ་སྤྲུལ་སྐུ་དགེ་འདུན་བསྟན་པ་ཕུན་ཚོགས་ཚང་གསེར་ཁང་རི་ཁྲོད་དུ་ཡུན་རིང་བཞུགས། ༡༨  བྱ་ཁྱུང་མདོ་བ་བེ་སི་བློ་བཟང་བསྟན་པ་རྒྱ་མཚོ་ཚང་གསེར་ཁང་རི་ཁྲོད་དུ་ཕེབས་ནས་དགུན་ཟླ་རིལ་བོར་ཐུགས་དམ་ཉམས་བཞེས་ཡུན་རིང་བསྐྱངས།   འདིའི་སྐབས་སྔ་ཕྱི་ལ་ཁོང་གིས་གསེར་ཁང་རི་ཁྲོད་ཀྱི་འབུམ་པ་ལ་སྐོར་བ་གྲངས་གསོག་མཛད།   གོང་སྨོས་མཁས་གྲུབ་དམ་དེ་དག་ལས་གཞན་མང་ཐོས་སྒྲུབ་ལ་གཞོལ་བའི་དགེ་བའི་བཤེས་གཉེན་དང་།   ཚེ་འདི་བློས་བཏང་བའི་ཀུན་སྤངས་རི་ཁྲོད་འཛིན་པ་མང་བོ་ཞིག་དབེན་གནས་འདིར་དངོས་སུ་བྱོན་ནས་ཕྱག་མཆོད་གསོལ་འདེབས་དང་།   བསྙེན་སྒྲུབ་སྒོམ་བཟླས་སོགས་ལ་བརྩོན་མཁན་ཆེས་མང་དུ་བྱུང་ངོ་། །  རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨ལོའི་སྐབས་སུ་གསེར་ཁང་རི་ཁྲོད་དུ་མཆོད་ཁང་གྱན་གསུམ་དང་།   དེའི་ནང་དུ་ཡུམ་པོ་ཏི་བཅུ་གཉིས།   བླ་མཆོད་ཚོགས་ཞིང་གི་གྱན་ཐང་།   བདེ་མཆོག་གི་གྱན་ཐང་།   གསང་འདུས་ཀྱི་གྱན་ཐང་།   ཤམ་བྷ་ལའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་གྱན་ཐང་།   རྗེ་གསེར་ཁང་བའི་འདྲ་སྐུ་སོགས་བཞུགས།    གསེར་ཁང་རི་ངོས་ཀྱི་མ་གལ་སྡོང་རྒན་སྐྱེས་སའི་ཉེ་འཁོར་ན་སྔོན་གྱི་མཆོད་རྟེན་ཞིག་ཡོད་པ་དང་།   གནས་དེའི་མིང་ལ་དགོན་པའི་ཤུལ་ཟེར།  ང་བརྒྱད་ལོར་མཆོད་ཁང་དང་།   གཟིམ་ཆུང་།   མཚམས་ཁང་འགའ་རེ་ཡོད་པ་དེ་དག་བདག་མེད་ཐང་བསྐྱུར་ལྟ་བུ་ལུས།   ལོ་ཁ་ཤས་རྗེས་སུ་ཆར་རླུང་དང་ཆུ་ཐིགས་ཀྱིས་ཆུད་འཛའ་བར་གྱུར་ཅིང་།    ཕྱི་ནང་གང་སར་རྩྭ་ལྡུམ་གྱིས་ཁེབས་ནས་ཁང་བ་ཕལ་ཆེར་འགྱེད་དེ་རྡིབ་སྐྱོན་བྱུང་ཟེར། དེ་དག་རིམ་གྱིས་ཉམས་རྒུད་དུ་གྱུར་པ་ལས་རི་ཁྲོད་ཉེ་འཁོར་གྱི་གྲོང་སྡེ་དང་གྲོང་མི་ཚོས་གཏོར་བཤིག་དང་གནོད་སྐྱོན་མ་བྱས་ཚུལ་གཤོང་ཤན་པད་མོ་སྟེང་གི་རྒན་པོ་ཚོས་བཤད་དོ། །   

ཅེས་པ་འདི་ནི་རབ་གནས་ས་ཁྱི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཧོར་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་སྐུ་འབུམ་རང་ཤག་མེ་ཏོག་དགའ་ཚལ་དུ་སངས་རྒྱས་རྒྱ་མཚོས་མཇུག་རྫོགས་པར་བྲིས་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།