ཆུ་བཟང་སྒར་བའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-04-07 16:28:18     རྩོམ་པ་པོ།   གཡང་འཁྱིལ་འཇིགས་མེད་ལེགས་ཚོགས།    ཀློག་ཐེངས།  

微信图片_20250407162947.jpg

ཆུ་བཟང་སྒར་བ་ནི་ཀ་རིང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་གཉིས་མཚམས་སུ་ཆུ་བཟང་སྡེ་བའི་གོང་རོལ་དུ་ཆགས་ཡོད་ཅིང་།ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་དགུང་ལོ་ང་བརྒྱད་ང་དགུ་ཡས་མས་སུ་རོང་བོ་མར་ནང་གི་དགོན་གསར་གྱེས་ཐང་དུ་ཕེབས་ནས་ཚོ་ལྔའི་སེར་སྐྱ་ཡོངས་ལ་མ་ཎི་དུང་ཕྱུར་བཙུགས་ཏེ་ཡོན་གནས་ཀྱི་འབྲེལ་བ་བྱུང་། དགུང་ལོ་དྲུག་ཅུ་སྟེང་རོང་བོ་མར་ནང་བྲག་དཀར་དབེན་གནས་སུ་སྒོམ་སྒྲུབ་གནང་སྐབས་ཀྱང་ཆོས་སྦྱིན་རྒྱ་ཆེར་གནང་།

དགུང་ལོ་རེ་བཞི་བཞེས་པའི་ཟླ་བཞི་བའི་ནང་རོང་བོ་མར་ནང་ཆུ་བཟང་བརྒྱུད་སྐུ་འབུམ་དུ་ཕེབས་པའི་རྗེས་སུ།སྒར་བ་འདི་ཉིད་ཀྱི་ཐོག་དང་པོར་གཟིམས་ཁང་བཞེངས།ཕྱིས་སུ་སངས་རྒྱས་སྟོང་སྐུ་ལྷ་ཁང་གྱན་གསུམ་ཅན་ཞིག་བཞེངས་ཤིང་སྒོ་ཆེན་གསུམ་ཡོད་ལ།གནམ་རྒྱན་སྟེང་དུ་གནས་བརྟན་བཅུ་དྲུག་དང་ལྟུང་བཤགས་ལྷ་སོ་ལྔ་བདེ་གསང་འཇིགས་གསུམ་སོགས་བཞེངས་ཡོད།རྗེས་ནས་གསེར་ཁྲི་རྡོ་རྗེ་འཆང་གིས་ཡབ་རྗེ་འདྲ་སྐུ་བྱོན་ལེགས་ཞིག་གནང་།

བྱམས་ཁང་ནི་གསེར་ཁ་སྐུ་ཕྲེང་དང་པོ་ཀྱོའུ་གྱ་རིན་པོ་ཆེས་བཞེངས་པར་བཤད།སྔོན་ཆད་སྡེ་བའི་དཀྱིལ་གྱི་གོང་མཆོད་རྟེན་གྲོག་མོ་ཟེར་བའི་གནས་དེ་རུ་བཞེངས།ད་ལྟ་སྒར་བ་ལྷ་ཁང་དུ་གནས་སྤར་བ་འདི་ཡིན་ལ།ལྷ་ཁང་གྱན་གསུམ་ཅན་ཞིག་ཡིན།རིག་གསར་སྐབས་ལྷ་ཁང་ནང་འབྲུ་མཛོད་བྱས་པ་ལ་བརྟེན་ནས་གཏོར་ཞིག་ཆེན་པོ་ཐེབས་མ་ཐུབ་པར་ལུས་ཡོད།

སྤྱི་ལོ་༡༩༨༢ལོར་བསྐྱར་གསོ་བྱས་ཤིང་སངས་རྒྱས་སྟོང་སྐུ་བཞེངས་པ་ད་ལྟ་མཇལ་རྒྱུ་ཡོད་པ་འདི་ཡིན།

སྤྱི་ལོ་༢༠༠༢ལོར་བྱམས་ཁང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་དུས་གསུམ་སངས་རྒྱས་བཞེངས་ཤིང་འཐུས་ཚང་ཅན་དུ་གྱུར།ལོ་རེར་སྡེ་བའི་སྐུ་རིམ་དང་བཞི་བའི་སྨྱུང་ཆེན་རྣམས་འཚོགས་བཞིན་ཡོད།སྒར་བ་འདི་ཉིད་ནི་ཤར་སྐལ་ལྡན་རྒྱ་མཚོ་རིམ་བྱོན་རོང་བོ་ནས་ཕྱོགས་ཡར་མར་ལ་ཕེབས་སྐབས་གནས་འདི་ནས་ཞག་བཞུགས་གནང་ཤིང་ཕེབས་ལམ་གཙོ་བོ་ཞིག་ཡིན་སྟབས།མཆོད་ཡོན་གྱི་འབྲེལ་ཐག་ཟབ་མོ་མ་ཆད་ད་ལྟའི་བར་གནས་ཡོད་དོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།