ཨ་རིག་སྡེ་མང་དགོན་དགའ་ལྡན་བསམ་གཏན་གླིང་།
དགོན་པ་འདི་ནི་མཚོ་བྱང་ཁུལ། མདོ་ལ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུའི་མཚམས་ཀྱི་ཉིན་ཕྱོགས། བཀྲ་ཤིས་འགྱུར་དགོན་རྩྭ་ཐང་ན་ལྷན་ནེར་ཆགས་ཡོད།
དགེ་ལུགས་པའི་གྲུབ་མཐའ་སྐྱོང་བའི་ཆོས་སྡེ་འདི་ཉིད། སྔོན་ཡབ་རྗེ་གསེར་ཁང་བས་ལུང་བསྟན་པ་ཇི་བཞིན། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་བྱང་རྒྱུད་ཀྱི་བཙན་གདོང་དམར་པོའི་ཉེ་འགྲམ་དུ། སྤྱི་ལོ་ ༡༨༥༨ཡས་མས་སུ་རྗེ་སྐུ་ཕྱོགས་སོ་མ་ཚང་གིས་ཕྱག་འདེབས་མཛད་པ་ཡིན་ལ་སྐབས་དེར་སྔོན་ཨ་རིག་རྭ་རྒྱ་དགོན་པའི་བླ་མ་ཨ་རིག་སྐུ་ཆེན་ཚང་དང་། བྷྱ་ཚ་ཚང་། སྨྲ་རྐམ་ཚང་། མཱ་ཁྱེ་དགེ་བཤེས་ཚང་སོགས་ཀྱིས་གཙོས་བླ་གྲྭ་སུམ་ཅུ་ལྷག་བཞུགས།
རྗེ་དགོན་བདག་བླ་མ་ཚང་དང་བླ་གྲྭ་སུམ་ཅུ་ལྷག་གིས་དགོན་སྡེ་འདིའི་འདོན་རྟ་དབྱངས་གསུམ་དང་འབུད་རྡུང་དཀྲོལ་གསུམ། བཅའ་ཁ་ཕྱག་ལེན་སོགས་ཨ་རིག་རྭ་རྒྱ་དགོན་པའི་ཕྱག་ལེན་བཞིན་ཇི་བཞིན་དུ་བཙུགས་པས་རྭ་རྒྱའི་བུ་དགོན་ལྟ་བུའི་དགོན་ལག་ཏུ་གྱུར་བར་བཤད།
ནང་རྟེན་གྱི་སྐོར་ལ། འཕགས་པའི་གནས་བརྟན་བཅུ་དྲུག་གི་གསེར་ཐང་། སེ་ལི་རྒོད་ཚང་གི་སྒྲོལ་མ་གསུང་འབྱོན་མ། ཙོང་ཁ་བརྒྱད་ཅུ། རྗེ་མཆོད་འཛིན་མ་སོགས་ཀྱིས་གཙོས་སྐུའི་སྐོར་མང་པོ་དང་། རྒྱལ་དབང་ལྔ་བ་ཆེན་མོས་རབ་གནས་མཛད་པའི་རྒྱལ་བའི་བཀའ་བསྟན་གཉིས་དང་འབུམ་དུམ་པ་བཅུ་གཉིས་གསེར་བྲིས་མ། རྒྱ་ལི་བླ་མ་བསྟན་དར་བ་ཚང་གི་ཕྱག་དཔེ་སོགས་གསུང་གི་སྐོར་མང་པོ་དང་། རྒྱལ་བའི་རྟེན་ཁྲོད་ནས་ཞུས་ཡོང་བའི་རྟེན་གཙོ་བོ་སྟེ། འཕགས་མཆོག་ཤཱ་རིའི་བུའི་ཕྱག་རྟེན་གསག་ཤིང་ནང་དུ་བཞུགས་པའི་བཀའ་གདམས་མཆོད་རྟེན་བདུད་རྩི་འབེབ་པ་ཅན་དང་། རི་དྭགས་ཀྲིཤྞ་ས་རའམ་ཁྲི་སྙན་ས་ལའི་པགས་པ། རྭ་དང་རྨིག་པ་ལྡན་པ་ཆ་ཚང་སོགས་གཙོ་བྱས་ཏེ། བྱིན་རྟེན་གྲངས་པ་བཞུགས་པར་བཤད།
ལྷ་སྡེའི་མིང་ལ་ཨ་རིག་སྡེ་མང་དུ་འབོད་ལ།སྡེ་བ་འདིའི་དཔོན་པོ་ནི། ཨ་རིག་དཔོན་པོ་མཆོག་ལྡན་གྱི་བུ་ཨ་རིག་མཚོ་སྐྱེས་ཀྱི་རིང་དགོན་པ་བཙུགས་ཤིང་། སྡེ་བའི་དཔོན་རབས་གསུམ་དང་རྗེ་སྐུ་ཕྱོགས་སོ་མའི་སྐུ་ཕྲེང་གསུམ་གྱི་རིང་ལ་འཛིན་སྐྱོང་སྤེལ་གསུམ་གནངས་ཤིང་། དགོན་འབྲོག་གཉིས་རིམ་གྱིས་གནས་སྤར་ཏེ་འགྱུར་དགོན་ཐང་དང་མ་རུ་ཙེ། ཧར་རྟར་བེར། སྨན་ཆུའི་ལུང་བ། བ་བོང་མདོ་སོགས་སུ་དགོན་གནས་བཅས་ཤིང་དགོན་འབྲོག་གཉིས་ཀར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་སྙན་གྲགས་འཕེལ་བའི་སྐབས་སུ་གནས་ནའང་སྤྱི་ལོ་༡༩༥༨ གྱི་དུས་འགྱུར་གྱིས་དབང་གིས་ཡོད་ཚད་ཐལ་བར་བསྟིམས་པར་བཤད།
ཕྱིས་སུ་སྤྱི་ལོ་༡༩༨༥ ལོར་རྗེ་སྐུ་ཕྱོགས་མའི་སྐུ་ཕྲེང་གསུམ་པ་ རྗེ་བཙུན་ལུང་རྟོགས་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་སླར་ཡང་ཆོས་སྒོ་ཕྱེས། ལོ་དེའི་ཧོར་ཟླ་ལྔ་བའི་ཚེས་གཅིག་ཉིན་མགོ་བརྩམས་ཤིང་གཞི་བཟུང་བའི་སྐབས་དེར་སྔོན་གྱི་ཕྱག་ལེན་ལྟར་དུ། སྦྲའི་འདུ་ཁང་ཆེན་མོ་ཕུབ་ཅིང་དེའི་ནང་དུ་ཚོགས་དང་པོ་འཚོགས་སྐབས་ང་བརྒྱད་ཡར་སྔོན་གྱི་བླ་མ་རྗེ་སྐུ་ཕྱོགས་སོ་མ་ཚང་དང་ཨ་ལགས་ཨ་རིག་ཚང་། ཨ་ལགས་སྨྲ་རྐམ་ཚང་སོགས་དབུར་བཞུགས་པའི་འཕྲོར། ང་བརྒྱད་ཡར་སྔོན་ནས་ད་བར་དུ་ཁྲིམས་གཙང་བར་བཞུགས་པའི་དགེ་སློང་བློ་བཟང་ཆོས་དར་དང་དགེ་སློང་དགེ་འདུན་སྐལ་བཟང་། གསར་ཞུགས་གྲྭ་བ་བློ་བཟང་དོན་གྲུབ་དང་དམ་ཆོས་ཤེས་རབ་བཅས་འཛོམས་ཡོད།
དེ་ནས་བཟུང་རྗེ་སྐུ་ཕྱོགས་སོ་མ་ཚང་སྐུ་དངོས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་ལྷ་སྡེས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་བས། བཙན་ཁང་དང་འདུ་ཁང་། བཞུགས་ཤག་སོགས་རིན་བཞིན་སྦྲ་གུར་ནས་ཁང་སྒར་དུ་བསྒྱུར་བ་སོགས། རིམ་གྱིས་ཡར་རྒྱས་བྱུང་ཞིང་བླ་གྲྭའང་སུམ་ཅུར་ཉེ་བ་ཡོད་མྱོང་ལ་ད་ལྟ་འདུ་ཁང་ཆེན་མོ་དང་ལྷ་གུར། ཇ་ཁང་། གྲྭ་ཤག་སོགས་ཡོད་ཚད་ཁང་སྒར་ཅན་དུ་གྱུར་ཡོད་པ་ཡིན།
ནང་རྟེན་གྱི་སྐོར་ལ། སྟོན་ཤཱཀྱ་ཐུབ་པའི་སྐུ་རྒྱ་གར་ཤར་ལི་མ་དང་སྟོན་པ་གཙོ་འཁོར་གསུམ། སངས་རྒྱས་སྟོང་སྐུ། རྗེ་ཡབ་སྲས་གསུམ། རྗེ་བཙུན་བྱམས་མགོན་སོགས་ཟངས་དང་སྨན་འཇིམ། ཤིང་ལ་སོགས་པས་གྲུབ་པ་མང་པོ་སྐུའི་སྐོར་དང།རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚར་གཉིས་རེ་དང། འབུམ་དུམ་པ་བཅུ་གཉིས་གསུམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཅས་ཀྱིས་གཙོས་གསུང་གི་གང་མང་། གསེར་དངུལ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་ཆེ་ཆུང་གཉིས་ཀྱིས་གཙོ་བྱས་ཏེ་ནང་རྟེན་བྱིན་ཅན་མང་དུ་བཞུགས།
ཆོས་ཐོག་དང་སྐུ་རིམ་གྱི་སྐོར་ལ།༡ རྒྱ་ལོའི་སྨོན་ལམ་ལ་ཀུན་རིག་ཆོ་ག་ཆ་ཚང་དང་།༢ གཉིས་པའི་ཚོགས་མཆོད་ལ་བདེ་མཆོག་ལི་ཨཱུ་བའི་ཆོ་ག༣ གསུམ་པའི་སྒྲུབ་མཆོད་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་ཆོ་ག་ཆ་ཚང་།༤ སྨྱུང་གནས་ཆེན་མོ་དང་བྱམས་པའི་སྟོང་མཆོད་ཆེན་མོ། མཆོད་པ། སྐུ་རིམ། ལབ་ཙེ་སོགས་ཡོད།༥ ཞབས་བརྟན་སོགས་ཅུང་ཙམ་རེ། ༦ དྲུག་པར་མཆོད་པའི་ཆོས་ཐོག་དང་བཅོ་ལྔ་ནས་དབྱར་ལ་གནས་པ། ༧ བདུན་པར་དབྱར་གནས་ལ་བཞུགས།༨ དགོན་འབྲོག་གི་སྐུ་རིམ་ཞབས་བརྟན་ཅུང་ཙམ་རེ་ལས་མེད།༩ དགོན་འབྲོག་གི་མ་ཎི་དུང་སྒྲུབ་ཆེན་མོ་དང་སྤྱི་སྲུང་བསྐངས་གསོ་ཆེན་མོ།༡༠ དགའ་ལྡན་ལྔ་མཆོད་ཆེན་མོ་དེའི་གསུང་བྱ་དཔལ་གསང་བ་འདུས་པ་བདག་འཇུག་དང་བཅས་པ།༡༡ བཟང་སྤྱོད་ཆེན་མོ་ལ་བཟང་སྤྱོད་སྨོན་ལམ་གྱིས་གཙོས་ཆོས་སྤྱོད་ཉེར་གཅིག་དང་ཁྲུས་གསོལ་དུས་བཟང་ཆེན་མོ་སོགས་ཡོད་ལ། དེ་ནི་སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་གྱི་གདུང་མཆོད་ཆོས་ཐོག་ཡིན།༡༢ ཉི་ཤུའི་ནང་ལ་མགོན་ཆོས་རྣམ་ལྔའི་བསྐངས་གསོ་དང་དགུ་གཏོར་སོགས་ནི་རང་དགོན་པའི་ལོ་ཧྲིལ་བོའི་ཆོས་ཐོག་གི་རིམ་པའོ།།གཞན་ཡང་ཆོས་ཐོག་སོགས་མེད་སྐབས་སུ།ལོ་རེ་བཞིན་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་ཕྱི་ལོའི་ཟླ་ལྔ་བའི་བཅུ་གཅིག་ཉིན་བར་དུ། ཉིན་རེར་རྒྱུན་ཇ་དང་སྒྲོས་འདོན། དགོན་འབྲོག་གི་སྐུ་རིམ་སོགས་མ་ཆད་པར་འདོན་པའི་ཕྱག་སྲོལ་གྱི་རྒྱུན་ད་བར་བཟུང་ཡོད།
གོང་དུ་བཤད་པའི་ཆོས་ཐོག་དང་རྒྱུན་ཇའི་འགྲོ་སོང་གི་འགན་ཡོད་ཚད་ཁྲི་བའི་བླ་མ་དང་སྤྱི་གཉེར་ཆེན་མོ་གཉིས་ཀྱིས་ཁུར་ཡོད། འགན་དེ་ཡང་རང་དགོན་གྱི་བླ་མ་དང་གྲྭ་བ་རྣམས་ཀྱིས་རེས་མོས་སུ་ཁུར་བཞིན་ཡོད་པ་བཅས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn