ཆུ་དམར་དགོན་པའི་ངོ་སྤྲོད་མདོར་བསྡུས།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-09-25 16:24:41
རྩོམ་པ་པོ། བློ་བཟང་ཚུལ་ཁྲིམས། ཀློག་ཐེངས།

1987ལོར་གོང་རིམ་གྱི་ཆོག་མཆན་ཐོབ་སྟེ་འདུ་ཁང་གསར་བཞེངས་ཀྱི་འགོ་བརྩམས། དགོན་མགོ་ཁོང་གི་སྐུ་ཚ་ཟམ་ཚ་གསེར་ཁྲི་སྐུ་ཕྲེང་བདུན་པ་རྗེ་བློ་བཟང་ནམ་མཁའ་རྒྱལ་མཚན་མཆོག་དང་ཨོའུ་རྒྱ་རྡོ་རྗེ་འཆང་རྗེ་བློ་བཟང་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་ལ་གཏད། འདུ་ཁང་གཙོ་བྱས་རྟེན་བཞེངས་རྣམས་འགྲུབ་ལ་ཉེ་བའི་སྐབས་སུ་ཁོང་གི་དགོངས་པ་ཆོས་དབྱིངས་སུ་འཐིམས།
དེ་རྗེས་ཨ་ལགས་འཇའ་རིས་ཚང་དང་(ཉྭ་ནག་སྐུ་ལོ་ཚང་།)དཔོན་པོ་ཀུན་བཟང་སོགས་ཉྭ་ནག་སྡེ་བའི་རྒན་རབས་པ་རྣམས་ཀྱིས་འགན་བཞེས་ཏེ་1995ལོར་འདུ་ཁང་ཆེན་མོ་དང་རྟེན་གྱི་གཙོ་བོ་རྗེ་ཙོང་ཁ་བའི་སྐུ་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད། ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། ཀུན་རིག་རྣམ་པར་སྣང་མཛད། སྒྲོལ་ལྗང་། རྗེའི་སྟོང་སྐུ་བཅས་རྟེན་དང་བརྟེན་པ་ཡོངས་སུ་འགྲུབ། ལོ་དེའི་ཧོར་ཟླ་9ཚེས་22ཉིན་སྐུ་ཕྱོགས་ཨོའུ་རྒྱ་ཚང་གཙོས་དཀར་མོ་དགོན་པའི་བླ་གྲྭ་ཡོངས་དང་ཆུ་དམར་དགོན་པའི་གྲྭ་ཚང་གིས་རབ་གནས་མཛད་སྒོ་སྤེལ།
2007ལོར་ཁྲི་ཆེན་ཟམ་ཚ་རྗེ་བློ་བཟང་ནམ་མཁའ་རྒྱལ་མཚན་མཆོག་ཕེབས་ཏེ་རྟེན་བཞེངས་ལ་རབ་གནས་དང་སྐུ་གསུང་ཐུགས་རྟེན་མང་པོའི་རྟེན་སྐལ་བསྩལ། གྲྭ་ཚང་ལ་སྒོར་འགྱེད་དང་ཆོས་སྲིད་ལུགས་གཉིས་ཀྱི་བསླབ་བྱ་གྱ་ནོམ་པ་གནང་།
2015ལོོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ཕེབས་ནས་དེར་འདུས་ཀྱི་སེར་སྐྱ་ཀུན་ལ་ཚེ་ལྷ་རྣམ་གསུམ་སོགས་ཀྱི་ལུང་དང་། ཕྱག་དབང་བསྩལ།
2025ལོའི་ཧོར་ཟླ་དྲུག་པའི་ཚེས་དྲུག་ལ་གསེར་ལག་དགོན་པའི་རྒྱ་བཟའི་ཁྲི་རིན་པོ་ཆེའི་ཐུགས་བཀོད་ལྟར་འཇིགས་བྱེད་དཔའ་བོ་གཅིག་པའི་ཆོ་ག་ཞོགས་ཚོགས་སུ་བཙུགས། ཆོས་ཐོག་གི་རིམ་པ་ལ་ཧོར་ཟླ་གསུམ་པའི་ནང་རྗེ་བྱམས་པ་རྣམ་གྲོལ་ཚང་གི་གདུང་མཆོད་ཉིན་བདུན་དང་། ས་ག་ཟླ་བའི་ནང་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཉིན་གསུམ། ཧོར་ཟླ་བརྒྱད་པའི་ནང་རྟ་མགྲིན་ཆོས་ཐོག་ཉིན་བདུན། ཧོར་ཟླ་བཅུ་བའི་ནང་དགའ་ལྡན་ལྔ་མཆོད་ཆེན་མོ་ཉིན་གསུམ་བཅས་ཡོད།
(བློ་བཟང་ཚུལ་ཁྲིམས།)
བརྒྱུད་འགོད།
