དགག་དབྱེའི་ཆོ་ག་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-09 21:41:08         ཀློག་ཐེངས།  

     ༄༅། །ལས་བྱེད་པར་བསྐོས་པའི་དགེ་སློང་གིས་རྩྭ་དུར་བ་དགེ་འདུན་རྣམས་ལ་ཁྱབ་པར་བཀྲམ། གྲལ་ན་གནས་པ་རང་རང་གིས་ཚན་པ་གཉིས་བྱས་ལ་བསྣོལ་ཏེ་བཅིངས་ནས་རྩེ་མོ་གཅིག་ དང་རྩ་བ་གཅིག་ཡུལ་ལ་བསྟན། གཅིག་རང་ལ་བསྟན་ཏེ། གཉིས་ཀས་རང་རང་གི་ཕྱོགས་ཀྱི་རྩ་བ་རྡོག་པས་མནན། རྩེ་མོ་རང་རང་གི་ལག་པས་བཟུང་ནས། གསུམ་མན་ཆད་དགག་དབྱེ་བྱེད་པར་བསྐོས་པའི་དགེ་སློང་གི་མདུན་དུ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་བ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དགག་དབྱེའི་ཆོ་ག་ལ་ཐུགས་གཏད་པར་ཞུ།ཞེས་ཙོག་པུར་འདུག་ལ། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་བ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་བ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ།


གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

 

བརྒྱུད་འགོད།