ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་བཞུགས་སོ།།

    སྤེལ་དུས།  2015-12-07 09:00:25         ཀློག་ཐེངས།  

སྐྱབས་འགྲོ་སེམས་བསྐྱེད།   
                 སངས་རྒྱས་ཆོས་དང་ཚོགས་མཆོག་ལ།།བྱང་ཆུབ་བར་དུ་སྐྱབས་སུ་མཆི།།བདག་དང་གཞན་དོན་བསྒྲུབ་སླད་དུ།།བདག་གིས་བྱང་ཆུབ་སེམས་བསྐྱེད་དོ།།ཕྱོགས་བཅུ་དག་ན་བཞུགས་པ་ཡི།།སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན།།བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར།།དེང་ནས་བྱང་ཆུབ་སེམས་བསྐྱེད་དོ།།ཞེས་ལན་གསུམ།
མཆོད་པ་འབུལ་ཚུལ།
           ཐམས་ཅད་དུ་ནི་ས་གཞི་དག།གསེག་མ་ལ་སོགས་མེད་པ་དང༌།།ལག་མཐིལ་ལྟར་མཉམ་བཻ་ཌཱ་ཡའི།།རང་བཞིན་འཇམ་པོར་གནས་གྱུར་ཅིག།ལྷ་དང་མི་ཡི་མཆོད་པའི་རྫས།།དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ།།ཀུན་བཟང་མཆོད་སྤྲིན་བླ་ན་མེད།།ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག།
             ཨོཾ་ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོ་ངྷཱི་ཙིཏྟ་བཛྲེ། མཧཱ་བོ་ངྷཱ་མནྜ་བ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་ངྷི་ན་བཛྲེ་སྭཱ་ཧཱ། ལན་གསུམ།
              དཀོན་མཆོག་གསུམ་གྱི་བདེན་པ་དང༌།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌།ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌།ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་ཉིད་དུ་གྱུར་ཅིག།
             མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌།། འདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ།།དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི།།བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།ཅེས་རང་གི་དྲིན་ཅན་རྩ་བའི་བླ་མ་སྟོན་པ་ཐུབ་པའི་དབང་པོར་གསལ་བ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ།
           སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ།།དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་མ་ལུས་འབུལ།།ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།།སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌།།འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས།།འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌།།བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ།།
     
དངོས་གཞི།
            ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌།བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ།གླང་པོ་ཆེན་པོ།བྱ་བ་བྱས་ཤིང་བྱེད་པ་བྱས་པ།ཁུར་བོར་བ།རང་གི་དོན་རྗེས་སུ་ཐོབ་པ།སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ།ཡང་དག་པའི་བཀའ།ལེགས་པར་རྣམ་པར་གྲོལ་བའི་ཐུགས།ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས།སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར།ཕན་པར་བྱ་བའི་ཕྱིར་དང༌།གྲོལ་བར་བྱ་བའི་ཕྱིར་དང༌།མུ་གེ་མེད་པར་བྱ་བའི་ཕྱིར་དང༌།ནད་མེད་པར་བྱ་བའི་ཕྱིར་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ།བདག་མིང་འདི་ཞེས་བགྱི་བས་ཀྱང༌།དུས་འདི་ནས་བཟུང་སྟེ།ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ།སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌།ཕན་པར་བྱ་བའི་ཕྱིར་དང༌།གྲོལ་བར་བྱ་བའི་ཕྱིར་དང༌།མུ་གེ་མེད་པར་བྱ་བའི་ཕྱིར་དང༌།ནད་མེད་པར་བྱ་བའི་ཕྱིར་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ།།ཞེས་ལན་གསུམ་བརྗོད།
 བསླབ་བྱ་ངོས་བཟུང་།
            དེང་ནས་སྲོག་གཅོད་མི་བྱ་ཞིང༌།།གཞན་གྱི་ནོར་ཡང་བླང་མི་བྱ།།འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང༌།།རྫུན་གྱི་ཚིག་ཀྱང་མི་སྨྲའོ།།སྐྱོན་ནི་མང་པོ་ཉེར་བསྟེན་པའི།།ཆང་ནི་ཡོངས་སུ་སྤང་བར་བྱ།།ཁྲི་སྟན་ཆེ་མཐོ་མི་བྱ་ཞིང༌།།དེ་བཞིན་དུས་མ་ཡིན་པའི་ཟས།།དྲི་དང་ཕྲེང་བ་རྒྱན་དང་ནི།།གར་དང་གླུ་སོགས་སྤང་བར་བྱ།།ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི།།སྲོག་གཅོད་ལ་སོགས་མི་བྱེད་ལྟར།།དེ་བཞིན་སྲོག་གཅོད་ལ་སོགས་སྤང༌།།བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདིར།།སྲིད་པའི་མཚོ་ལས་སྒྲོལ་བར་ཤོག།ཅེས་ལན་གཅིག་བརྗོད།   
 
ཚུལ་ཁྲིམས་རྣམ་དག་གི་གཟུངས།
            ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུད་དྷ་སྭ་ཏྭ། པད་མ་བི་བྷུ་ཏྲུཾ་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མན་ཏ། ཨ་བ་ལོ་ཀེ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ།ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་ཉེར་གཅིག་བཟླས་རྗེས།
         ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌།།ཚུལ་ཁྲིམས་རྣམ་པར་དག་དང་ལྡན།།རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།།ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག།
     

བརྒྱུད་འགོད།