དབུས་གཙང་ལ་མཇལ་སྐོར་དུ་འགྲོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-06-19 08:31:55     རྩོམ་པ་པོ།   གནམ་ལྷ་བཀྲ་ཤིས།    ཀློག་ཐེངས།  

1、བྱང་གི་གཉན་ཆེན་ཐང་ལྷ།

微信图片_20230619083106.jpg

བྱང་གི་གཉན་ཆེན་ཐང་ལྷ།

2、གནས་ཆེན་ཁམས་བཟང་གངས་རི།

微信图片_20230619083610.jpg

微信图片_20230619083309.jpg

3、དབེན་གནས་ཡང་དགོན།

༤.jpg

༥.jpg

བྱང་རྭ་སྒྲེང་རྒྱལ་བའི་འབྱུང་གནས་ཀྱི་ཡང་དགོན་འདི་ནི། ༧རྗེ་བླ་མ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་གནང་ས་རེད་ལགས།

4、རལ་ཁ་བྲག


རལ.jpg

རྭ་ཁ་བྲག་འདི་རེད།རྗེ་རིན་པོ་ཆེ་དགུང་ལོ་༥༡བཞེས་དུས།མཁས་གྲུབ་རིན་པོ་ཆེ་དགུང་ལོ༤༢བཞེས་དུས་ཐོག་མར་སེ་ར་ཆོས་ལྡིངས་སུ་ཞལ་མཇལ་ཤིང་། མཚན་དགོང་གསང་སྟབས་ཀྱིས་བྲག་དབེན་གནས་འདིར་ཕེབས་པའི་ཚུལ་གྱིས་རྗེ་བླ་མའི་ལྕགས་གཞུ་ལྕགས་མདར་གྲགས་པའི་དྲང་ངེས་ལེགས་བཤད་སྙིང་བོ་བྲག་ཕུག་འདིའི་ནང་བརྩམས་པར་རྣམ་ཐར་ཆེན་མོར་གསུང་འདུག་ལགས།

5、རིན་ཆེན་སྒང་།

6.jpg


ལྷ་སའི་ལྷོ་ཕྱོགས་འོལ་ཁ་ཆོས་ལུང་གི་རིའི་འདབས་སུ་རྨིད་4100་ཙམ་གྱི་སར། རིན་ཆེན་སྒང་དུ་འབོད་པའི་གྲོང་ཚོར་ལྗོན་རྩི་སྨན་གྱི་མེ་ཏོག་སྡུག་གུར་བཀྲ་བའི་དབུས་སུ། བྱམས་པ་གླིང་ཞེས་དབེན་གནས་རི་ཁྲོད་ཉམས་དགའ་བ་ཞིག་མཇལ་བ་འདི་ནི། ༧རྗེ་བླ་མ་ཙོང་ཁ་བ་ཆེན་པོས་སྔགས་རིམ་ཆེན་མོ་དང་འཇིགས་བྱེད་དཔའ་བོ་གཅིག་པ། དེའི་སྦྱིན་སྲེག་ཆོ་ག་སོགས་གསང་སྔགས་ཀྱི་ཟབ་ཆོས་མང་པོ་ལྗགས་རྩོམ་གནང་ས་རེད་ལགས།

6、འོལ་ཁ་ཆོས་ལུང་།

微信图片_20230623075240.jpg微信图片_20230623075248.jpg

༧འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོ་དགུང་གྲངས་སོ་དྲུག་པའི་དགུན་དང་སོ་བདུན་པའི་དཔྱིད་དུས་སུ་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁ་ཆོས་ལུང་དུ་འབོད་པའི་གནས་འདིར་ཕྱག་ཕེབས་གནང་སྟེ། སྟོབས་བཞིའི་སྒོ་ནས་ལྟུང་བཤགས་བརྒྱ་ཕྱག་དང་བཅས་ཏེ་རྐྱང་ཕྱག་འབུམ་ཐེར་སོ་ལྔ་འཚལ་ནས་སྡིག་བཤགས་མཛད་པ་དང་། དེ་ནས་རྡོ་ནག་པོ་འདིའི་སྟེང་ནས་མནྜལ་མང་དུ་ཕུལ་ཏེ་ཕྱག་སོར་སེར་ཀར་གྱུར་ཅིང་། ཤ་ཟད་རུས་ཐུག་ཏུ་སོང་བས་ཕྱག་ངར་ལ་ཁྲག་མཚལ་བབས་ཞེས་བསགས་སྦྱངས་མཛད་པའི་རྣམ་ཐར་རྨད་དུ་བྱུང་བའི་གནས་འདི་ལགས་སོ།།

微信图片_20230624065203.jpg

སྣེ་ཤན་པའི་གསུང་བ་ལྟར་ན།༧ འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་ཆོས་ལུང་ཡིད་དགའ་ཆོས་འཛིན་གཙོར་བྱས།ཆོས་བསམ་ཐེག་ཆེན་ཕོ་བྲང་སོགས་སུ་བསགས་སྦྱངས་ལེགས་གྲུབ་ཟིན་པའི་རྗེས་ཐོག་ཏུ།རྡོ་འཆང་བུ་མཛད་པའི་བྱིན་རྟེན་སྲིད་ན་མཇལ་དཀའ་གནས་འདིའི་རྟེན་དུ་སྐལ་དུ་མསྩལ་པར་གྲགས་སོ།།

7、རྫིང་ཕྱིའི་བྱམས་པ།

微信图片_20230624065620.jpg

微信图片_20230624065522.jpg

༧འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་མཛད་ཆེན་བཞིའི་དང་པོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་ཞེས་པ་དེ་ནི། ༧རྗེ་བླ་མ་དགུང་གྲངས་སོ་བདུན་བཞེས་པའི་དབྱར་དུས་སུ་འཁོར་དག་པ་རྣམ་བརྒྱད་དང་བཅས་རྫིང་ཕྱིར་ཕེབས་ཏེ་མཆོད་སྨོན་མང་དུ་མཛད།ཕྱི་ལོའི་དཔྱིད་དུས་ནས་བཟུང་ཞིག་གསོའི་དབུ་བརྩམས།དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་གནང་བ་ལ་བརྟེན་ནས་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་ཐམས་ཅད་ལེགས་པར་མཛད། དེ་སྔ་གར་མི་ཡོན་ཏན་གཡུང་དྲུང་ལ་བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་གནང་བར་གྲགས་པའི་བྱམས་སྐུ་བྱིན་ཅན་དང་ཁོང་གི་དབུ་ཞྭ་སྙིང་བོར་བཞུགས་པའི་བྱམས་སྐུ་མི་ཚད་མ་དེ་ཉིད།བྱ་རྡུལ་གྱི་ཁྲོད་དུ་འོ་བརྒྱལ་བར་བཞུགས་པ་ལ་ཐུགས་ཀྱིས་མ་བཟོད་པར་སྤྱན་ཆབ་བྱུང་སྟེ་ཉམས་གསོར་དགོངས་ཀྱང་།ཁོང་དཔོན་གཡོག་ལ་དངུལ་ཞོ་བཅུ་གཉིས་ཙམ་ལས་མ་འདུས་པ་དང་། ཕྱི་ཉིན་བཙུན་པ་ཞིག་གིས་མར་གྲོད་པུ་གང་ཕུལ་བ་དེས་རྣམ་སྲས་ལ་འཛིན་གཏོར་ཕུལ་ཏེ་འཕྲིན་བཅོལ་མཛད་པས་སྔ་རྗེས་སུ་དངོས་འབུལ་ཆར་དུ་སྙིལ་བ་བྱུང་། གཙུག་ལག་ཁང་རྟེན་བརྟེན་པ་གསར་བཞེངས་དགོངས་བཞེད་ཀྱི་ནང་བར་འོལ་ཁ་སྟག་རྩེ་དང་ཡར་ཀླུང་སོགས་ནས་རིམ་པས་དད་འདུས་མང་པོས་ཤིང་ཆས་བཟོ་ལས་པ་དང་ལྷ་བྲིས་རི་མོ་བ། གྱན་ཐང་འཁེབ་བཟོ་བ་བཅས་ཀྱིས་མཁོ་དགུའི་རྒྱུ་ཆ་གང་འཛོམ་བསྣམ་སྟེ་ཕེབས་པར། ཕྱིའི་གཙུག་ལག་གི་བཟོ་བཀོད་དང་།ནང་བྲིས་འབུར་གྱི་ལྷ་སྐུའི་སྐྱ་ཐིག་ནས་ཚོན་རྩིའི་སྡེབ་སྒྲིག་གི་བར་དུ་རྗེ་བདག་ཉིད་ཆེན་པོས་གཟིགས་རྟོག་ཞིབ་ཏུ་མཛད་ཅིང་།ལྷ་བཟོ་རྣམས་ཀྱང་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པར་བཀོད་དེ་འབྲིར་བཅུག་པ་དང་།ལྷ་སྐུ་རེ་རེ་བྲིས་ཚར་རྗེས་དེ་འཕྲལ་ཐུགས་སྨོན་དག་པས་རབ་གནས་མཛད་པ་བཅས་རྟེན་གཙོ་བྱམས་སྐུ་བྱིན་ཅན་གསུང་བྱོན་མ་གཙོ་བོར་བཞུགས་པའི་འཇམ་དབྱངས་ཞིང་བཀོད་དང་། བཤགས་ལྷ་སོ་ལྔ།རིགས་གསུམ་མགོན་པོ།ཚེ་ལྷ་རྣམ་གསུམ།བདེ་གསང་འཇིགས་གསུམ།སྨན་བླ་བདེ་གཤེགས་བརྒྱད་སོགས་སངས་རྒྱས་བྱང་སེམས་མང་པོའི་བྲིས་འབུར་གྱི་ལྷ་སྐུ་དང་གྱན་ཐང་།ལྡེབས་བྲིས་ཇི་སྙེད་ཅིག་ལ་ལྷ་ཡེ་ཤེས་པ་དངོས་སུ་ཐིམ་པའི་གཟིགས་སྣང་ན་མར་བྱུང་བ་ཀུན་ལ་མཐོང་གྲུབ་ཏུ་གྱུར་བ་དང་།མདོ་སྨད་ཕྱོགས་ནས་ཀྱང་དར་གོས་སྤུས་ལེགས་ཀྱིས་ན་བཟའ་དང་སྙན་ཤལ་སྒྲོན་མི་མང་དུ་བྱོན་པ་དང་། ལྷག་པར་དུ་རབ་གནས་ཆོས་སྟོན་གྱི་ཚེ་ནའང་།ལྷ་ཡེ་ཤེས་པ་བསྟིམ་པའི་བྱིན་རྟེན་མང་པོས་བདེན་པའི་གསུང་འབྱོན་པ་དང་། ཉིན་ཞག་བདུན་ཙམ་གྱི་ཡུན་དུ་བར་སྣང་དང་ས་གཞི་ཀུན་ལ་འཇའ་ཟམ་འོད་གུར་གྱི་དཀྱིལ་འཁོར་འཛུམ་པ་ལྟ་བུས་ཀུན་ནས་མཛེས་ཤིང་།མར་མེ་མཆོད་འབུལ་སྒྲོན་ཞུའི་ཕྲེང་བ་མཚར་དུ་དངར་བ་ལྟ་བུས་ཡུལ་ལུང་ཀུན་ཁྱབ་པ། དེ་དུས་བླ་མ་ཕྱག་རྡོར་བ་ནམ་མཁའ་རྒྱལ་མཚན་མཆོག་ལ་སངས་རྒྱས་རབ་བདུན་རྫིང་ཕྱིའི་བྱམས་པ་ལེགས་གྲུབ་ཀྱི་ཆོས་སྟོན་ལ་འགྲོ་ཞེས་ནམ་མཁར་འཕུར་ནས་བྱང་དུ་ཕེབས་པའི་གཟིགས་སྣང་བྱུང་སྟེ།འཇམ་མགོན་བླ་མར་ལྷོ་བྲག་པྲ་བོ་དགོན་དུ་ཅི་ནས་ཀྱང་ཕེབས་དགོས་ཀྱི་རེ་ཞུས་བཀའ་ཡིག་ཕུལ་བ་དང་། རབ་གནས་གྲུབ་པའི་རྗེས་ཐོག་ཏུ་བྱམས་བསྟོད་བརྩམས་ཏེ་བསྟོད་སྨོན་རྒྱ་ཆེར་མཛད། དེ་ནས་རྗེ་བདག་ཉིད་ཆེན་མོའང་ལྷོ་བྲག་ཕྱོགས་སུ་ཕྱག་ཕེབས་གནང་སྟེ། དཔོན་སློབ་གཉིས་ཐོག་མར་བྲ་བོ་དགོན་དུ་ཞལ་མཇལ་བྱུང་བའི་ཚེ་ན། མཁན་ཆེན་པ་ལ་རྗེ་བཙུན་བྱམས་པ་མགོན་པོ་སྐུ་དངོས་དང་དེའི་ཕྲག་གོང་གཡས་གཡོན་དུ་ལྷ་མོ་དབྱངས་ཅན་མ་དང་གདུགས་དཀར་མོ་བཞུགས་པའི་གཟིགས་སྣང་བྱུང་བ་དང་། རྗེ་བདག་ཉིད་ཆེན་པོར་མཁན་ཆེན་ཕྱག་ན་རྡོ་རྗེ་སྐུ་དངོས་སུ་སྣང་བ་བཅས་ཀྱི་གཟིགས་སྣང་ཡ་མཚན་ཅན་བྱུང་བ་ནས་ཕན་ཚུན་ལ་ཆོས་འབྲེལ་བཞག་པ།ཆོས་ཀྱི་བགྲོ་གླེང་ཡང་མང་དུ་མཛད་དེ་ཟླ་ངོ་བདུན་ཙམ་ལ་བཞུགས་ཏེ།རྗེ་བཙུན་འཇམ་པའི་དབྱངས་དང་མཁན་ཆེན་ཕྱག་རྡོར་བའི་ནན་གྱིས་སྐུལ་བ་ལ་བརྟེན་ནས་བྱམས་བསྟོད་ཚངས་པའི་ཅོད་པན་ཞེས་པའི་བསྟོད་ཆེན་བཞིའི་ཐོག་མའང་གནས་དེར་མཛད་པ་བཅས། རྫིང་ཕྱིའི་བྱམས་མགོན་ལ་མཇལ་བའི་རེག་ཟིན་འདི་ཙམ་གྱིས་འཐུས་པར་བྱའོ།།

8、ཚལ་གུང་ཐང་དགོན།

微信图片_20230630171115.jpg

微信图片_20230630171308.jpg

༄༅༎སྔར་དབུས་སུ་བཞུགས་པའི་བཀའ་གདམས་པའི་གདན་ས་ཆེན་པོ་དྲུག་ནི། ཚལ་བདེ་གསང་གསུམ། དགའ་སྐྱོར་ཟུལ་གསུམ་དུ་གྲགས་ཤིང་།དེ་ལས་ཚལ་གུང་ཐང་གི་དགོན་པ་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པའི་དཔལ་གྱིས་རབ་བྱུང་གསུམ་པའི་ཤིང་ལུག་སྟེ་སྤྱི་ལོ་༡༡༧༥་ལོར་ཐོག་མར་ཕྱག་བཏབ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཆེ་བཞིའི་ནང་གྲས་ཚལ་པ་བཀའ་བརྒྱུད་ཅེས་པ་འདིའོ།། དེ་ནས་ལོ་བཅུ་གསུམ་སོང་བའི་མེ་ལུག་སྟེ་སྤྱི་ལོ་༡༡༨༧་ལོར་ད་བཟོད་གུང་ཐང་གི་དགོན་པ་ཕྱག་བཏབ།ཚལ་དང་གུང་ཐང་གི་མིང་འདོགས་ཀྱི་ཐད་དུ་མཚར་གཏམ་མང་དུ་མཆིས་ཀྱང་འདིར་མ་བྲིས། དགོན་དེ་ཚལ་པ་དཔོན་རབས་ཀྱིས་བསྐྱངས་པར་བཤད། ཚལ་བའི་ཁྲི་དཔོན་ཀུན་དགའ་རྡོ་རྗེ་དགུང་ལོ་བཅུ་བདུན་བཞེས་དུས་སེ་ཆེན་རྒྱལ་པོས་འཇའ་ས་གནང་སྟེ་གཟིགས་པའང་ཤིན་ཏུ་ཆེ།དེས་ཚལ་དང་གུང་ཐང་གི་གཙུག་ལག་ཁང་གཉིས་རྒྱ་བསྐྱེད་གསར་བཞེངས་མང་དུ་མཛད་པ་ནས་ལྷ་སའི་གཙུག་ལག་ཁང་གི་རྟེན་བརྟེན་པ་དང་། རྩེ་པོ་ཏ་ལའང་ཉམས་གསོ་བྱས་པ་མ་ཟད། བུ་སྟོན་རིན་པོ་ཆེ་ཚལ་གུང་ཐང་དུ་གདན་དྲངས་ཏེ་སྣར་ཐང་བཀའ་འགྱུར་ལ་ཞུས་དག་ཞིབ་ཏུ་མཛད་མཐར། མཁས་མང་མགུ་བའི་སྤུས་དག་གི་དཔེར་འཛིན་ཅིང་། རིན་པོ་ཆེ་དུ་མས་སྦྱངས་པའི་མཚལ་དཔར་གྱི་བཀའ་བསྟན་སྐད་གྲགས་ཅན་དེ་གསར་བཞེངས་ལེགས་གྲུབ་མཛད། ཀརྨ་རོལ་བའི་རྡོ་རྗེ་རྒྱ་ནག་ནས་ཕྱིར་ཕེབས་དུས་གནས་འདིར་ཞུས་ཏེ་བཀའ་ཆོས་མང་དུ་མནོས། གདན་ས་ལོ་༢༨་ལ་བསྐྱངས། བསྟན་པ་ལ་ཞབས་ཏོག་ལེགས་པོ་མཛད་ཅེས་ལོ་རྒྱུས་སུ་གསལ། ཁོང་དགུང་ལོ་བཞི་ཅུའི་ནང་ཞིག་རབ་ཏུ་བྱུང་སྟེ་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་དེ་བཞུགས། ༧རྗེ་ཙོང་ཁ་བ་ཆེན་པོ་དགུང་ལོ་༡༨་བཞེས་དུས་གནས་འདིར་སྨན་པ་དཀོན་མཆོག་སྐྱབས་ལས་གསོ་བྱེད་ཡན་ལག་བརྒྱད་པ་གསན་ཏེ་ཐུགས་འཛིན་མཛད།དེར་རྒྱལ་བའི་གསུང་རབ་མང་དུ་བཞུགས་པར་བཀའ་བསྟན་གྱི་དཔེ་གཟིགས་ཀྱང་གནས་འདི་ནས་གནང་། རྗེ་དགུང་ལོ་སོ་གཉིས་ཙམ་ལ་ལེགས་བཤད་གསེར་ཕྲེང་གནས་འདིར་བརྩམས་པར་བཤད། དགའ་ལྡན་ཁྲི་ཐོག་དགུ་བ་ཆེན་མོ། རྗེ་དབོན་བློ་བཟང་ཉི་མའི་སྐབས་ནས་དགེ་ལུགས་པས་བདག་སྐྱོང་གཙོ་བོར་མཛད་པར་གྲགས།དེ་ནས་རབ་བྱུང་དགུ་བའི་མེ་ཡོས་ཏེ་སྤྱི་ལོ་༡༥༠༧་ལོར་དགོན་པ་མེ་སྐྱོན་བྱུང་སྟེ་གཙུག་ལག་ཁང་ཕལ་ཆེར་མེ་དགྲས་བཞེས། པེ་ཧར་རྒྱལ་བོའང་དགོན་དེས་ཆོས་སྐྱོང་དུ་བསྟེན་པ་ལ་མེ་དགྲ་འགོག་མ་ནུས་པར་ཁས་བཏེགས་ཏེ་གོ་གཉེར་གྱིས་ཤིང་སྒམ་ཆུང་བའི་ནང་ཕུག་རོན་ཞིག་གི་ཤི་རོར་བསྟིམ་སྟེ་སྐྱིད་ཆུར་སྤྱུགས་པར།འབྲས་སྤུངས་བདེ་གཡང་མཁན་ཆེན་ལྕོག་པ་བློ་བཟང་དཔལ་བས་མཁྱེན་ཏེ་ཉེ་གནས་ལ། སང་སྐྱིད་ཆུའི་ནང་དངོས་པོ་གལ་ཆེན་ཞིག་ཆུས་ཁྱེར་ནས་ཡོང་ངེས་ལ། ཁྱོད་ཀྱིས་དངོས་པོ་དེ་ཁ་མ་ཕྱེས་པར་ཇི་བཞིན་ངའི་དྲུང་དུ་ཁྱེར་ཡོང་དགོས་ཞེས་བཀའ་ནན་བསྩལ།ཕྱི་ཉིན་ཏག་ཏག་ཤིང་སྒམ་ཆུང་བ་ཞིག་སྐྱིད་ཆུས་ཁུར་ཡོང་བ་དེས་བླངས་ཏེ་འབྲས་སྤུངས་དགོན་འདབས་སུ་ཁ་ཕྱེས་པ་ན།སྒམ་ནང་དུ་ཕུག་རོན་ཞིག་ལས་གཞན་ཅི་ཡང་མ་རྙེད་ཅིང་། ཕུག་རོན་དེ་གསོན་ནས་འཕུར་ཏེ་སྦྱར་ཤིང་ཞིག་གི་རྩེར་བབས་པའི་ཚུལ་རྣམས་མཁན་པོར་ཞུས་པ་ན། དེས་ལེ་བདའ་དང་བཅས་ཤིང་སྡོང་གི་རྩར་མདོས་མཁར་ཆུང་བ་ཞིག་བརྩིགས། བྱ་དེ་གནས་ཁང་ཆུང་བ་དེར་གནས་རྒྱུ་ཡིན་པ་ནས་གནས་ཆུང་ཞེས་པའི་མིང་དེ་ཡང་དེ་ལྟར་ཐོགས་པར་བཤད་སྲོལ་ཡོད་དོ།།རྒྱལ་དབང་ལྔ་བའི་སྐབས་ཁོང་གི་དབུ་བླ་ཟུར་བ་ཆོས་དབྱིངས་རང་གྲོལ་གྱིས་ལོ་ཤས་རིང་ཞལ་འཛིན་མཛད། ལྷ་སའི་དུས་གཟེར་སྐབས་རྒྱལ་བོ་ལྷ་བཟང་གི་བཀས་བསྐུལ་ཏེ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས་གུང་ཐང་དགོན་པ་བདག་སྐྱོང་མཛད་ཁུར་བཞེས་པ་ནས་བཟུང་དེའི་སྐུ་ཕྲེང་རིམ་བྱོན་གྱིས་སྐྱོང་བཀུར་ཞུས།གུང་ཐང་ཚང་ཞེས་པའི་བླ་མའི་མཚན་སྙན་དེ་ཡང་གནས་མིང་ལས་ཐོགས་པར་བཤད།དེ་ལྟར་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་དེ་བདག་སྐྱོང་གནང་བར་གྲགས་སོ།། ད་ལྟའི་ཆར་ཡང་དེ་ལྟར་ལགས་ཤིང་། ཚལ་དགོན་པ་ནི་བཀའ་བརྒྱུད་པས་འཛིན་སྐྱོང་དང་། གུང་ཐང་དགོན་པ་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་གིས་འཛིན་བདག་གནང་བ་བཅས་གནས་བཤད་མདོར་བསྡུས་འདི་ཙམ་ཕྲན་གནམ་བཀྲས་གུས་པས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།