སྐྱབས་འགྲོའི་ཁྲིད་ཡིག་ཐུབ་བསྟན་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-03 09:56:41     རྩོམ་པ་པོ།   དཀོན་མཆོག་རྒྱལ་མཚན་    ཀློག་ཐེངས།  

༄༅།།ན་མོ་གུ་རུ། གང་ལ་བརྟེན་ན་འཇིགས་པ་མཐའ་དག་ལས། །བདེ་བླག་སྐྱོབ་པའི་སྐྱབས་གནས་བླ་ན་མེད། །བསླུ་མེད་ཞིང་གི་དམ་པ་མཆོག་གསུམ་ལ། །བྱང་ཆུབ་སྙིང་བོའི་བར་དུ་བདག་སྐྱབས་མཆི། །སྐྱིད་སྡུག་ལེགས་ཉེས་ཇི་ལྟར་གྱུར་ཀྱང་རུང་། །ཐབས་གཞན་མི་འཚོལ་ལུས་དང་སྲོག་ལ་ཡང་། །ལྟོས་པ་མེད་པར་རང་ཉིད་མཆོག་གསུམ་གྱི། །བྲན་དུ་འཛིན་པ་དམ་པའི་ཕྱག་ལེན་ཡིན། །རང་དང་གཞན་གྱི་ཕན་བདེའི་གཞི་རྩ་ན། །མཆོག་གསུམ་ཐུགས་རྗེས་འཇུག་པར་རག་ལས་ཕྱིར། །ཐུགས་རྗེ་སྐུལ་བྱེད་སྐྱབས་འགྲོའི་ཉམས་ལེན་གནད། །ཧ་ཅང་རྒྱས་མིན་གོ་སླའི་ངག་གིས་འཆད། །

འདིར་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་ཞེས་སྔོན་བྱོན་དམ་པ་ཡོངས་ཀྱིས་ཐུགས་དམ་གྱི་མཐིལ་དུ་མཛད་པའི་ཉམས་ལེན་རྨད་དུ་བྱུང་བ་དེ་ཉིད་འཆད་པ་ལ། སྤྱིའི་རྣམ་པར་བཞག་པ་དང་། བྱེ་བྲག་ཉམས་ལེན་དམིགས་ཁྲིད་དུ་སྐྱོང་ཚུལ་གཉིས། དང་པོ་ལ། གང་གིས་སྐྱབས་སུ་འགྲོ་བའི་རྒྱུ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ།སྐྱབས་སུ་སོང་བའི་བསླབ་བྱའི་རིམ་པ་དང་བཞི། དང་པོ། ཁ་ཕྱིར་བལྟས་ཙམ་མ་ཡིན་པར་རང་རྒྱུད་ཀྱི་དགེ་སྡུག་གི་ལས་ལ་ལེགས་པར་བརྟགས་ནས་རང་ཉིད་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དང་། དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོའི་རྒྱུ་དང་། སྡུག་བདེན་གྱི་ཉེས་དམིགས་དང་ཀུན་འབྱུང་གི་འཇུག་རིམ་ལ་ལེགས་པར་བརྟགས་ནས་རང་ཉིད་འཁོར་བར་གནས་པ་ལ་མེ་མུར་གྱི་འོབས་སུ་ཚུད་པ་ལྟ་བུའི་འཇིགས་པའམ་སྐྱོ་ཤས་དང་། དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་ནི་སྐྱེས་བུ་འབྲིང་གི་སྐྱབས་འགྲོའི་རྒྱུ་དང་།འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བར་མ་ཟད། འཁོར་བ་ལས་གྲོལ་བའི་ཉན་རང་དགྲ་བཅོམ་བདག་ཀྱང་ཤེས་སྒྲིབ་ལས་མ་གྲོལ་བར་རལ་གྲི་གདེངས་པའི་གཤེད་མ་ལ་འཇུག་པ་ལྟ་བུའི་ཚུལ་དུ་གནས་པར་མཐོང་ནས་མི་བཟོད་པའི་སྙིང་རྗེ་དང་།དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་དད་པ་ནི་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་རྒྱུ་དང་། ཚེ་འདི་ཉིད་ལ་སེམས་ཅན་རྣམས་སྐྱོབ་པའི་ནུས་པ་རང་ཉིད་ཀྱིས་མ་ཐོབ་ན་སེམས་ཅན་རྣམས་ལ་བསྐལ་བ་དཔག་ཏུ་མེད་པར་སྡུག་བསྔལ་མནར་ཚུལ་ལ་མི་བཟོད་པའི་སྙིང་རྗེ་ཁྱད་པར་ཅན་དང་། དཀོན་མཆོག་གསུམ་ཚེ་འདི་ཉིད་དུའང་སངས་རྒྱས་ཀྱི་གོ་འཕང་སྟེར་བའི་ནུས་པ་ཡོད་པར་ཡིད་ཆེས་པ་ནི་གསང་སྔགས་པའི་སྐྱབས་འགྲོའི་རྒྱུ་ཡིན་ནོ། །དེ་ལ་ངན་སོང་གི་སྡུག་བསྔལ་ལ་འཇིགས་པར་འོས་ཏེ། སྡིག་པ་གཞན་ཕར་ཞོག་ངག་ཀྱལ་གཅིག་བུའི་སྒོ་ནས་དམྱལ་བར་ལན་གྲངས་མེད་པར་སྐྱུར་ནུས་པའི་ཚོད་དུ་ཡོད་པ། ངན་སོང་དུ་སྐྱེས་ན་ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་ཤིང་། དེ་ལ་བཟོད་ཐུབ་མི་ཐུབ་ད་ལྟའི་ཉིན་གཅིག་གི་ཚ་གྲང་དང་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་དཔག་ན་ཤེས་ནུས་པས་སོ། །འཁོར་བའི་སྡུག་བསྔལ་ལ་འཇིགས་པར་རིགས་ཏེ། འཁོར་བའི་གནས་མཆོག་ཏུ་གྱུར་བ་སྲིད་རྩེར་ཀྱང་དེ་ལག་ཉམས་ནས་སླར་ངན་སོང་དུ་ལྷུང་བར་འགྱུར་བས་སོ། །སེམས་ཅན་ལ་སྙིང་རྗེ་སྐྱེ་རིགས་ཏེ། འཁོར་བ་ལ་ཐོག་མ་མེད་པས། རང་གི་སྐྱེ་བ་ལ་གྲངས་མེད། དེ་ནས་སེམས་ཅན་རེ་རེའི་མངལ་དུ་སྐྱེས་པའང་གྲངས་མེད་པས། སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མ་ཤ་སྟག་ཡིན་པས་སོ། །དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ངེས་ཏེ། སངས་རྒྱས་ཀྱི་བཀའ་བཞིན་དུ་དགེ་བ་བཅུའི་བླང་དོར་སྒྲུབ་པ་ནི་ཆོས་ཀྱི་ཉམས་ལེན་དང་། དགེ་འདུན་གྱི་མཉམ་བཞེས་ཡིན་ལ། དེའི་མཐུས་ངན་འགྲོ་ལས་སྐྱོབ་ནུས་ཤིང་། དེ་བཞིན་དུ་བསླབ་པ་གསུམ་གྱིས་འཁོར་བ་ལས་སྐྱོབ་ནུས། ཕྱིན་དྲུག་གི་ཉམས་ལེན་གྱིས་སྒྲུབ་གཉིས་ལས་སྐྱོབ་ནུས། རིམ་གཉིས་ཀྱི་ལམ་གྱིས་ཚེ་འདི་ཉིད་ལ་སྒྲིབ་གཉིས་ལས་སྐྱོབ་ནུས་པའི་ཕྱིར།

གཉིས་པ་ནི། སངས་རྒྱས་བཅོམ་འདས་ནི་རང་འཇིགས་པ་མཐའ་དག་ལས་གྲོལ། གཞན་འཇིགས་པ་མཐའ་དག་ལས་སྒྲོལ་བ་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག། ཕན་བཏགས་མ་བཏགས་ལ་ལྟོས་པ་མེད་པར་འགྲོ་བའི་དོན་མཛད་པ་ཡིན་པའི་ཕྱིར་སྐྱབས་སུ་འོས་ལ། དེས་ན་དེས་བསྟན་པའི་ལུང་རྟོགས་ཀྱི་ཆོས་དང་། དེ་ཚུལ་བཞིན་ཉམས་སུ་ལེན་པའི་དགེ་འདུན་སྐྱབས་སུ་འོས་སོ། །བཅོམ་ལྡན་འདས་དེ་འཇིགས་པ་མཐའ་དག་ལས་གྲོལ་བ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་མཁྱེན་པའི་ཡོན་ཏན་ལ་མུ་སྟེགས་སྟོན་པ་དྲུག་སོགས་ཀྱིས་འགྲན་པར་མ་ནུས་པ་དང་། མི་དང་མི་མ་ཡིན་གཏུམ་པོ་དུ་མ་བཏུལ་བ་དང་། ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཀྱང་ཞབས་ཀྱི་པདྨོ་ལ་བཏུད་པ་སོགས་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཞན་འཇིགས་པ་ལས་གྲོལ་བའི་ཐབས་ལ་མཁས་པ་ཡིན་ཏེ། དགེ་རྩ་ཞན་པ་དཔལ་སྐྱེས་དང་། དབང་བོ་རྟུལ་བ་ལམ་ཆུང་དང་། སྡིག་པ་ཅན་སོར་འཕྲེང་ཅན་སོགས་འཇིགས་པ་ལས་བསྒྲལ་བའི་ལོ་རྒྱུས་ཀྱིས་ཤེས་པའི་ཕྱིར།ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་ཡིན་ཏེ། སྒྲ་གཅན་འཛིན་དང་ལྷས་སྦྱིན་གཉིས་ལའང་ཉེ་རུང་མེད་པའི་ཐུགས་ངལ་མངའ་ན་འདི་དང་འདི་ལྟར་གྱུར་ཅིག་ཅེས་བདེན་པ་བདར་བ་རྣམས་དེ་དང་དེ་བཞིན་དུ་གྲུབ་པའི་ཕྱིར། ཕན་བཏགས་མ་བཏགས་ལ་ལྟོས་པ་མེད་པར་འགྲོ་བའི་དོན་མཛད་པ་ཡིན་ཏེ། ཁ་བ་ཅན་དང་ཙི་ནའི་ཡུལ་སོགས་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་གཏམ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པ འི་ཡུལ་དག་དུའང་བསྟན་པ་དར་ཞིང་འཕྲིན་ལས་འཇུག་པར་མཛད་པའི་ཕྱིར། ཕྱི་རོལ་པའི་སྟོན་པ་སོགས་འཇིགས་པ་མཐའ་དག་ལས་གྲོལ་བ་མ་ཡིན་ཏེ། ཚངས་པ་དང་། ཁྱབ་འཇུག་དང་།དབང་ཕྱུག་དང་། ཉི་ཟླ་སོགས་རང་ཉིད་འཇིགས་པ་ལས་གྲོལ་བའི་ཕྱིར་དུ་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་སོང་བར་མདོ་དུ་མ་ལས་བཤད་པས་ཕྱིར། གཞན་འཇིགས་པ་ལས་སྒྲོལ་བ་ལ་མཁས་པའང་མ་ཡིན་ཏེ། མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་ལྟ་བུའི་ལམ་ནོར་བ་འབའ་ཞིག་བསྟན་པའི་ཕྱིར། ཉེ་རིང་མེད་པའང་མ་ཡིན་ཏེ། ཆགས་སྡང་གི་དབང་གིས་ཕན་ཚུན་འཐབ་པ་སོགས་བཤད་པའི་ཕྱིར། ཕན་བཏགས་མ་བཏགས་ལ་ལྟོས་པའམ་དེས་འགྲུབ་པོ། དཀོན་མཆོག་གསུམ་ནི་བློའི་མཐུ་ཆེ་བ་རྣམས་ཀྱིས་འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ལྡན་གྱི་སྐྱབས་གནས་མཐར་ཐུགས་སངས་རྒྱས་དཀོན་མཆོག། བསམ་མེད་གཉིས་མེད་སོགས་ཀྱི་ཡོན་ཏན་བརྒྱད་ལྡན་གྱི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ་ཆོས་དཀོན་མཆོག། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པའི་འཕགས་པའི་གང་ཟག་དགེ་འདུན་དཀོན་མཆོག་དང་། སངས་རྒྱས་སུ་བྱེད་པའི་ཆོས་རྣམ་དོན་དམ་པའི་སྐྱབས་གསུམ་ཀའི་གཞི་མཐུན་ཡིན་པ། དགེ་འདུན་དུ་བྱེད་པའི་ཆོས་རྣམ་དོན་དམ་པའི་ཆོས་དང་དགེ་འདུན་ཀྱི་གཞི་མཐུན་ཡིན་ཚུལ་བསམ་ནས་སྐྱབས་སུ་འགྲོ་བ་དང་། དེ་ཙམ་དམིགས་མི་ནུས་པ་རྣམས་ཀྱིས་ལོངས་སྤྲུལ་གྱི་སངས་རྒྱས་རྣམས་སངས་རྒྱས་དཀོན་མཆོག་དང་། དེ་དག་གི་ཐུགས་ལ་མངའ་བ་དང་དེ་དག་གི་གསུངས་པའི་ལུང་དང་རྟོགས་པའི་ཆོས་རྣམས་ཆོས་དཀོན་མཆོག་དང་། འཕགས་པའི་གང་ཟག་རྣམས་དགེ་འདུན་དཀོན་མཆོག་དུ་གོ་བར་བྱ་ལ། ཐ་སྙད་པའི་དབང་དུ་བྱས་ན་བྲིས་འབུར་གྱི་སྐུ་གཟུགས་རྣམས་ཐ་སྙད་པའི་སངས་རྒྱས་དང་། ལུང་གི་ཆོས་ཚིག་བཞི་བ་ཡན་ཆད་ཀྱི་གླེགས་བམ་རྣམས་ཐ་སྙད་པའི་ཆོས་དང་། ལམ་ལ་མ་ཞུགས་པའི་དགེ་འདུན་བཞི་སྡེ་ཡན་ཆད་ཐ་སྙད་པའི་དགེ་འདུན་དཀོན་མཆོག་གི་ནང་དུ་འདུ་བ་ཡིན་པས། དེ་དག་ལ་མཆོད་པ་སོགས་བྱས་ནའང་སངས་རྒྱས་དངོས་ལ་མཆོད་སོགས་དང་མཉམ་པའི་ཕན་ཡོན་ཐོབ་པར་གསུངས་སོ། །

གསུམ་པ་ལ་བཞི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་ལ།སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གསུང་གི་ཡོན་ཏན་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ཀྱི་ཡོན་ཏན་ལ་མཁྱེན་པའི་ཡོན་ཏན་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མ་འདྲེས་པར་གཟིགས་པ། བརྩེ་བའི་ཡོན་ཏན་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལྟར་བརྩེ་བ། འཕྲིན་ལས་ཀྱི་ཡོན་ཏན་སེམས་ཅན་གྱི་བློ་དང་འཚམ་པར་ལྷུན་གྱིས་གྲུབ་ཅིང་རྣམ་རྟོག་མི་མངའ་བ་སོགས་དང་། ཆོས་ནི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་དེ་ལྟ་བུ་སྒྲུབ་པའི་ཐབས་བླ་ན་མེད་པ་ཡིན་པ་དང་། དགེ་འདུན་ནི་ཆོས་བླ་ན་མེད་པ་དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་ལས་སངས་རྒྱས་ཡོན་ཏན་མཐའ་ཡས་པ་ཅན་དེའི་མྱུ་གུ་ལྟ་བུ་ཡིན་པ་སོགས་ཀྱི་ཡོན་ཏན་དྲན་པར་བྱེད་པའོ།།ཡང་ན་སངས་རྒྱས་ཉིད་འདུས་མ་བྱས་སོགས་ཀྱི་ཡོན་ཏན་བརྒྱད་ལྡན། ཆོས་ནི་བསམ་མེད་གཉིས་མེད་སོགས་ཀྱི་ཡོན་ཏན་བརྒྱད་ལྡན། དགེ་འདུན་ནི་རིག་གྲོལ་གྱི་ཡོན་ཏན་བརྒྱད་ལྡན་ནམ་གཉིས་ལྡན་གྱི་ཚུལ་སོགས་དྲན་པར་བྱ་སྟེ། དང་པོ་བརྒྱད་ནི། འདུས་བྱས་པའི་ཡོན་ཏན། ལྷུན་གྱིས་གྲུབ་པའི་ཡོན་ཏན། གཞན་གྱི་རྐྱེན་གྱིས་མི་རྟོགས་པའི་ཡོན་ཏན། མཁྱེན་པའི་ཡོན་ཏན། བརྩེ་བའི་ཡོན་ཏན། ནུས་པའི་ཡོན་ཏན། ཆོས་སྐུའི་ཡོན་ཏན། གཟུགས་སྐུའི་ཡོན་ཏན་བརྒྱད་ལ་བྱེད་པ་ཡིན། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །བར་བ་བརྒྱད་ནི། བསམ་མེད་ཀྱི་ཡོན་ཏན།གཉིས་མེད་གྱི་ཡོན་ཏན། རྟོག་མེད་ཀྱི་ཡོན་ཏན་ཏེ། འགོག་ལྡན་གྱི་ཡོན་ཏན་གསུམ། དག་པའི་ཡོན་ཏན། གསལ་བའི་ཡོན་ཏན། གཉེན་པའི་ཡོན་ཏན་ཏེ་ལམ་བདེན་གྱི་ཡོན་ཏན་གསུམ། འགོག་བདེན་གྱི་ཡོན་ཏན་དང་། ལམ་བདེན་གྱི་ཡོན་ཏན་སྤྱི་གཉིས་བགྲང་བས་བརྒྱད་ལ་བྱ་སྟེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །ཞེས་དང་། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །ཞེས་སོ། །ཐ་མ་བརྒྱད་ནི། རིག་པའི་ཡོན་ཏན་བཞི།གྲོལ་བའི་ཡོན་ཏན་བཞི་ལ་བྱ་སྟེ། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། སོ་སོར་རང་རིག་པ་གསུམ། ཆགས་སྒྲིབ་ཅི་རིགས་ལས་གྲོལ་བ། ཐོགས་སྒྲིབ་ཅི་རིགས་ལས་གྲོལ་བ་དམན་སྒྲིབ་ཅི་རིགས་ལས་གྲོལ་བ་གསུམ། རིག་པ་དང་གྲོལ་བའི་ཡོན་ཏན་སྤྱི་གཉིས་བགྲང་བས་བརྒྱད་ཡོད་པའི་ཕྱིར་ཏེ། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །ཞེས་སོ། །

གཉིས་པ་ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་ལ་དྲུག།མཚན་ཉིད་ལས་གྱུར་པའི་ཁྱད་པར། འཕྲིན་ལས་ཀྱི་ཁྱད་པར། མོས་པའི་ཁྱད་པར། སྒྲུབ་པའི་ཁྱད་པར། རྗེས་དྲན་གྱི་ཁྱད་པར། བསོད་ནམས་འཕེལ་བའི་ཁྱད་པར་དྲུག་གོ །དང་པོ་ནི། སངས་རྒྱས་ནི་མངོན་པར་བྱང་ཆུབ་པའི་རང་བཞིན་དང་། ཆོས་ནི་དེའི་འབྲས་བུ་ལུང་རྟོགས་ཀྱི་ཆོས་ཀྱི་འཁོར་ལོའི་རང་བཞིན་དང་། དགེ་འདུན་ནི་ཆོས་ལ་བརྟེན་ནས་སངས་རྒྱས་ཀྱི་ཡོན་ཏན་སྒྲུབ་པའི་རང་བཞིན་དུ་ཤེས་པའོ། །གཉིས་པ་ནི། སངས་རྒྱས་ནི་ཆོས་སྟོན་པའི་འཕྲིན་ལས་ཅན་དང་། ཆོས་ནི་ཉོན་མོངས་སོགས་སྤོང་བའི་འཕྲིན་ལས་ཅན། དགེ་འདུན་ནི་མངོན་པར་སྤྲོ་བར་བྱེད་པའི་འཕྲིན་ལས་ཅན་དུ་ཤེས་པའོ། །མངོན་པར་སྤྲོ་བར་བྱེད་ཚུལ་ནི། འབྲས་བུ་བཞི་སོགས་ཐོབ་པ་གཞན་གྱིས་མཐོང་ནས་འཇུག་པའི་སྤྲོ་བ་སྐྱེད་པའོ། །གསུམ་ནི། སངས་རྒྱས་བསྙེན་བཀུར་འདོད་དང་ཆོས་མངོན་དུ་བྱ་འདོད་དང་། དགེ་འདུན་དང་ལྟ་སྤྱོད་ཆོ་ག་མཐུན་པར་ལྷན་གཅིག་ཏུ་འགྲོགས་འདོད་ཀྱི་མོས་པ་སྐྱེད་པའོ། །བཞི་བ་ནི། སངས་རྒྱས་བསྙེན་བཀུར་དང་། ཆོས་ཉམས་སུ་ལེན་པ་དང་། དགེ་འདུན་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་འགྲོགས་པ་སྟེ། མོས་པ་སྔ་མ་གསུམ་གྱི་སྦྱོར་བ་ལ་གནས་པའོ། །ལྔ་བ་ནི། དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་ལས་འབྱུང་བའི་མཆོག་གསུམ་གྱི་ཡོན་ཏན་སོ་སོར་དྲན་པའོ། །དྲུག་པ་ནི། མཆོག་གསུམ་ལ་བརྟེན་ན་ཆོས་དང་གང་ཟག་ལ་བརྟེན་པའི་བསོད་ནམས་དཔག་ཏུ་མེད་པ་འཕེལ་ཚུལ་དྲན་པར་བྱེད་པའོ།།

གསུམ་པ་ཁས་ལེན་པའི་སྒོ་ནས་སྐྱབས་སུ་སོང་བ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་དང་།ཆོས་མྱང་འདས་ལ་སྐྱབས་དངོས་དང་། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་འགྲོ་བ་སྟེ། སྐྱབས་འགྲོའི་ཚིག་ངག་ཏུ་བརྗོད་པའང་ཁས་ལེན་པའི་སྒོ་ནས་སྐྱབས་སུ་སོང་བ་ཡིན་ནོ། །

བཞི་བ་གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་སོང་བ་ནི། ཕྱི་ནང་གི་སྟོན་པ་དང་བསྟན་པའི་མཆོག་དམན་གྱི་ཁྱད་པར་ཤེས་པར་བྱས་ནས། ཆོས་འདི་བའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་སྟོན་པ་དང་འཇིག་རྟེན་པའི་ལྷ་སོགས་རང་གི་སྐྱབས་སུ་མི་སྨྲ་ཞིང་། ཆོས་འདི་བའི་སྟོན་པ་སོགས་རང་གི་སྟོན་པ་མ་ཡིན་པ་སོགས་སུ་མི་སྨྲ་བའོ། །

བཞི་བ་སྐྱབས་སུ་སོང་བའི་བསླབ་བྱ་ལ་བསྡུ་བ་ལས་འབྱུང་བ་དང་། མན་ངག་ལས་འབྱུང་བ་གཉིས། དང་པོ་ལ་བཞི་ཚན་གཉིས་ཡོད་པའི་བཞི་ཚན་དང་པོ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བཞི་སྟེ། དང་པོ་སངས་རྒྱས་དང་། བར་མ་གཉིས་ཆོས་དང་། ཐ་མ་དགེ་འདུན་ལ་སྐྱབས་སུ་སོང་བའི་བསླབ་བྱ་ཡིན་ནོ། །བཞི་ཚན་གཉིས་པ་ནི། དབང་བོ་མི་རྒོལ་བར་བྱ་བ་དང་། བསླབ་པའི་གཞི་ཅི་ནུས་སུ་འཛིན་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་བཞིའོ། །མན་ངག་ལས་འབྱུང་བ་ལ། སྐྱབས་གསུམ་སོ་སོའི་བསླབ་བྱ་དང་། སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་གཉིས། དང་པོ་ལ་དགག་པའི་བསླབ་བྱ་གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ་མོ། ། དགག་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའི་བསླབ་བྱར་ལྷ་གཞན་ལ་སྐྱབས་སུ་མི་འགྲོ། ཆོས་ཀྱི་བསླབ་བྱ་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་གྱི་བསླབ་བྱ་གྲོགས་མི་རྟག་ཅན་དང་མི་འགྲོགས་པའོ། །སྒྲུབ་པའི་བསླབ་བྱ་གསུམ་ནི་སྐུ་གཟུགས་བཟོ་དང་རྒྱུ་ལེགས་ཉེས་ཅི་འདྲ་ལའང་སངས་རྒྱས་དཀོན་མཆོག་ལྟར་གུས་པ་དང་། ཆོས་ཚིག་བཞི་བ་ཞིག་ཡན་ཆད་ལའང་། ཆོས་དཀོན་མཆོག་ལྟར་གུས་པ་དང་། དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཡན་ཆད་ལའང་འཕགས་པས་གནས་བརྟན་ལྟར་གུས་པར་བྱེད་པ་དང་གསུམ་མོ། །སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་ནི། དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང་། བཀའ་དྲིན་དྲན་པའི་སྒོ་ནས་དུས་རྟག་ཏུ་མཆོད་པ་དང་། སྙིང་བརྩེ་བའི་སྒོ་ནས་འགྲོ་བ་གཞན་ཡང་སྐྱབས་འགྲོ་ལ་འགོད་པ་དང་། བྱ་བ་དང་དགོས་པ་ཅི་ཡོད་ཀྱང་མཆོག་གསུམ་ལ་གསོལ་བ་འདེབས་པ་ལས་འཇིག་རྟེན་པའི་ཐབས་གཞན་སྤོང་བ་དང་།ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་སུ་འགྲོ་བ་དང་།དཀོན་མཆོག་གསུམ་བཞད་གད་དང་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་དྲུག་གོ །འདིའི་བསླབ་བྱ་གཉིས་པའི་སྐབས་ཀྱི་མཆོད་པ་ལ་རྒྱུན་པོའི་མཆོད་པ་དང་། རྫོགས་པའི་མཆོད་པ་གཉིས་ཡོད་པའི་རྒྱུ་མཚན་ནི། ཅི་ཟ་ཅི་འཐུང་གི་ཕུད་པའི་མཆོད་པའོ། །རྫོགས་པའི་མཆོད་པ་ལ་སྐུ་ལ་མཆོད་པ། མཆོད་རྟེན་ལ་མཆོད་པ། མངོན་སུམ་དུ་མཆོད་པ། མངོན་སུམ་མ་ཡིན་པའི་མཆོད་པ། མངོན་དུ་གྱུར་མ་གྱུར་སྤྱིའི་མཆོད་པ། རང་གི་བྱ་བའི་མཆོད་པ། གཞན་ལ་བྱེད་དུ་བཅུག་པའི་མཆོད་པ། གཞན་བསྐུལ་ནས་གཉིས་ཀས་བྱེད་པའི་མཆོད་པ། རྙེད་པ་དང་བཀུར་བསྟིའི་མཆོད་པ། རྒྱ་ཆེ་བའི་མཆོད་པ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ། སྒྲུབ་པའི་མཆོད་པ་དེ་བཅུ་གཉིས་ལྟ་བུར་སྣང་ཡང་། མངོན་དུ་གྱུར་མ་གྱུར་སྤྱི་དང་། གཉིས་ཀས་བྱེད་པ་གཉིས་དོར་ནས་བཅུ་གསུངས། ཡང་ན་སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་མཆོད་པ་གཉིས་དོར་ནས་བཅུར་གསུངས་པ་གཉིས་སྣང་ངོ་།།

དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་བསྡུ་བ་ལས་འབྱུང་བའི་བརྒྱད་དང་། མན་ངག་ལས་འབྱུང་བའི་བརྒྱད་ཡོད་དེ། དང་པོ་བརྒྱད་ནི། བསོད་ནམས་རྒྱ་ཆེན་པོ་འཐོབ་པ་དང་། དགའ་བ་དང་མཆོག་ཏུ་དགའ་བ་འཐོབ་པ་དང་། ཏིང་ངེ་འཛིན་དང་། རྣམ་པར་དག་པ་འཐོབ་པ་དང་། སྲུང་བ་ཆེན་པོ་དང་ལྡན་པ་དང་། སྒྲུབ་པ་ཐམས་ཅད་བསྲབས་ཤིང་མཛད་པ་དང་།སྐྱེས་བུ་དམ་པ་ཚུད་པ་དང་། སྟོན་པ་དང་དགེ་འདུན་དགྱེས་ཤིང་ལྷ་རྣམས་ཀྱི་ཡིད་དུ་འོང་བ་དང་བརྒྱད་དོ། །མན་ངག་ལས་འབྱུང་བ་བརྒྱད་ནི། ནང་བ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་རྟེན་དུ་འགྱུར་བ་དང་། སྔོན་བསགས་པའི་སྒྲིབ་པ་མཛད་པ་དང་།བསོད་ནམས་རྒྱ་ཆེན་པོ་གསོག་པ་དང་། ངན་འགྲོར་མི་ལྟུང་བ་དང་། མི་དང་མི་མ་ཡིན་པའི་བར་གཅོད་ཀྱིས་མི་ཚུགས་པ་དང་། ཅི་བསམ་པ་ཐམས་ཅད་འགྲུབ་པ་དང་། མྱུར་དུ་འཚང་རྒྱ་བ་དང་བརྒྱད་དོ། ། དེ་དག་གི་དོན་བསྡུ་ན་ཐོག་མར་སྐྱབས་འགྲོའི་རྒྱུ་རང་ལ་ཡོད་པ་དང་། གཞན་ལ་ཡོད་པ་ངེས་པར་བྱས་ནས་སྐྱབས་སུ་འགྲོ་བའི་བློ་བསྐྱེད། དེ་ནས་སྐྱབས་འགྲོའི་ཡུལ་ཡང་དག་དང་ལྟར་སྣང་གི་ཁྱད་པར་ཤེས་པར་བྱས་ནས་ལེགས་པར་ངོས་བཟུང་དེ། དེ་ལ་ཡོན་ཏན་ཤེས་པ་སོགས་ཀྱི་ཁྱད་པར་བཞི་ལྡན་གྱི་སྒོ་ནས་སྐྱབས་སུ་སོང་ན་ཕན་ཡོན་གོང་དུབཤད་མ་ཐག་པ་དེ་རྣམ་འབྱུང་བ་ལ་ཐེ་ཚོམ་མེད་པའི་ངེས་པ་དྲངས་པར་བྱའོ། །

གཉིས་པ་ཉམས་ལེན་དམིགས་ཁྲིད་ཀྱི་རིམ་པ་ལ་གཉིས། དངོས་ཀྱི་དོན་དང་། མདོ་སྔགས་ཀྱི་ཉམས་ལེན་མཐའ་དག་སྐྱབས་འགྲོར་འདུལ་བའི་ཚུལ་ལོ། །དང་པོ་ནི། མདོ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་པ་ལྟར། རྡུལ་ཕྲ་རབ་གཅིག་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་འཕྲིན་ལས་འཇུག་པར་ནི་ངེས་ལ། དེས་ན་རྡུལ་ཕྲ་རབ་གཅིག་གི་ཚོགས་པ་ནས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབྱིངས་ནས་སྐུའི་བཀོད་པ་གྲངས་མེད་ལྷུན་གྱིས་གྲུབ་པ་སྟོན་པ་དང་། མདོ་ལས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་བ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། དབུ་མ་འཇུག་པ་ལས། རྡུལ་གཅིག་ཡུལ་ལ་བཀའ་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ནས་མདོ་ལུགས་ཀྱི་ལམ་ཁྲིད་འཇམ་དཔལ་ཞལ་ལུང་སོགས་ལས་ཚོགས་ཞིང་གསལ་འདེབས་ཀྱི་ཆོ་ག་མེད་པར། རང་གི་དད་མོས་ལྷང་ལྷང་བ་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་རྣམས་རང་གི་མདུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་ཞིང་བཞུགས་པར་བསམ་པའི་སྒོ་ནས་སྐྱབས་འགྲོ་བྱེད་པར་གསུངས་ཀྱང་འདིར་ནི་མདོ་སྔགས་ཟུང་འབྲེལ་གྱི་ཟབ་གནད་ཡོངས་སུ་རྫོགས་པ་ལམ་ཁྲིད་བདེ་ལམ་ལྟར་བྲི་བར་བྱའོ། །དེ་ཡང་རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་མོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེ་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་དང་། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨུག་གི་མདོག་ཅན་གསུམ་མཛེས་པར་གསོལ་བ། མཚན་དཔེས་རྒྱན་པའི་དྭངས་གསལ་འོད་ཀྱི་རང་བཞིན་ཅན། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་བོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དེའི་མདུན་དུ་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དེ་ཉིད་ཤེས་རབ་རྒྱས་པའི་ཕྱིར་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པ་ཅན་དང་།དད་གུས་བཅོས་མིན་སྐྱེ་བའི་ཕྱིར་དུ་ཞལ་མཇལ་དུས་ཀྱི་རྣམ་པ་ཅན། ཚེ་རྒྱས་པའི་ཕྱིར་ཚེ་དཔག་མེད་དང་། ནད་ཞི་བའི་ཕྱིར་སྨན་བླའི་རྣམ་པར་གསལ་འདེབས་པ་སོགས་སྐབས་དང་སྦྱར་ལ། དེའི་མཐའ་འཁོར་དུ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་གཅིག་ཀྱང་མ་ལུས་པར་གསལ་གདབ། དེ་དག་གི་མཐའ་འཁོར་དུ་རྒྱུད་སྡེ་བཞིས་བསྡུས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས།ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པའི་བྱང་སེམས། རང་རྒྱལ་བཅུ་གཉིས་ལ་སོགས་པའི་རང་རྒྱལ། གནས་བརྟན་བཅུ་དྲུག་ལ་སོགས་པའི་ཉན་ཐོས། ཡུལ་ཉེར་བཞི་སོགས་ན་བཞུགས་པའི་འཇིག་རྟེན་ལས་འདས་པའི་དཔའ་བོ་དང་མཁའ་འགྲོ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་དང་། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་སུམ་ཚོགས་པ་ལ་རང་རང་གིས་གསུངས་བའི་ལུང་གི་ཆོས་རྣམ་འོད་ཀྱི་རང་བཞིན་གྱི་པུ་ཏིའི་རྣམ་པར་གསལ་གདབ། རང་གི་རྨོངས་ཞེན་གྱི་ཡུལ་ལྷ་གཞི་བདག་སོགས་འཇིག་རྟེན་པའི་རིགས་ཚོགས་ཞིང་དུ་བཀོད་ན་སྐྱབས་འགྲོ་རྣམ་དག་མི་འོངས་པར་མ་ཟད་སྐྱབས་འགྲོ་གཏོང་བར་གསུངས་པས་ཤིན་ཏུ་གཟབ་པར་བྱའོ། །རང་གི་མཐའ་སྐོར་དུ་ཚེ་འདིའི་ཕ་མ་ལ་སོགས་པའི་གཉེན། གདོན་འགེགས་ལ་སོགས་པའི་གནོད་བྱེད། ཐོག་མེད་ནས་མར་གྱུར་པའི་སྡེ་བརྒྱད་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་འཁོར་བར་བསམ་ལ། སྔར་བཤད་པ་ལྟར་གྱི་སྐྱབས་འགྲོའི་རྒྱུ་དྲན་པར་བྱས་ནས། ཡུལ་གསལ་བཏབ་པ་ལྟར་ངོས་བཟུང་། ཡོན་ཏན་ཤེས་པ་སོགས་ཀྱི་ཁྱད་པར་བཞི་ལྡན་གྱི་སྒོ་ནས་རང་གིས་ཕྱིར་འདྲེན་གྱི་ཚུལ་དུ་ཕྱོགས་བཅུ་དུས་གསུམ་གྱི་ནས། བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་པའམ། བླ་མ་ལ་སྐྱབས་སུ་མཆིའོ་ཞེས་བསྡུས་པ་གང་རིགས་མང་དུ་བརྗོད་པས་ཚོགས་ཞིང་སྤྱི་དང་བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། རང་གཞན་གྱི་ལས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྤྱི་དང་བླ་མ་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་དག བླ་མ་རྣམས་ཀྱི་སྐྱབས་འོག་ཏུ་ཚུད་པར་བསམ། སངས་རྒྱས་ལ་སྐྱབས་སུ་འཆིའོ། །ཞེས་མང་དུ་བརྗོད་པས། རྒྱུད་སྡེ་བཞི་དང་སངས་རྒྱས་སྟོང་ལ་སོགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་དེ་རྣམས་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག། སངས་རྒྱས་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་བསམ། ཆོས་ལ་སྐྱབས་སུ་འཆིའོ། །ཞེས་པའི་སྐབས་སུ་ཆོས་པོ་ཏི་རྣམས་ལས་བདུད་རྩིའི་རྒྱུན་བྱུང་། ཆོས་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ཆོས་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་བསམ། དགེ་འདུན་ལ་སྐྱབས་འཆིའོ། །ཞེས་པའི་སྐབས་སུ་དཔའ་བོ་མཁའ་འགྲོ་ཉན་རང་ཆོས་སྲུང་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། དགེ་འདུན་ལ་བརྟེན་པའི་སྡིག་སྒྲུབ་ཐམས་ཅད་དག་ནས་ཆོས་དགེ་འདུན་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་བསམ། དེ་ནི་སྐྱབས་འགྲོ་བཞི་སྐོར་དུ་གྲགས་ལ། དྲུག་སྐོར་བྱེད་ན་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐབས་སུ་ཡི་དམ་ལྷ་ཚོགས་རྣམས་བདུད་རྩིའི་རྒྱུན་བབས། རྒྱུད་སྡེ་གོང་འོག་གི་རྩ་བ་དང་ཡན་ལག་གི་དམ་ཚིགས་ཉམས་ཆགས་དག་བའི་མོས་པ་བྱེད། ཆོ་གའི་སྔོན་འགྲོ་ཐུན་མོང་མ་ཡིན་པའི་ཚེ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་སྦྱར་ནས་དམིགས་པ་སྐྱོང་ཤེས་བ་བྱ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་འཆིའོ། །ཞེས་པའི་སྐབས་སུ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྐུ་ལུས་བདུད་རྩིའི་རྒྱུན་བབས། བསྙེན་སྒྲུབ་དང་བསྐང་བཤགས་གནད་དུ་མ་ཐེངས་པ་དང་། གཏང་རག་དང་མཆོད་གཏོར་ཆག་པའི་ཉེས་པ་སོགས་དག་པའི་མོས་པ་བྱེད། ཡང་ནད་ཞི་བ་སོགས་ཀྱི་ཆེད་དུ་སྐྱབས་ཡུལ་རྣམས་ཀྱི་སྐུ་ལུས་བདུད་རྩིའི་འོད་ཟེར་དང་བཅས་པའི་རྒྱུན་བྱུང་། གང་ན་བའི་ས་དེར་ཞུགས་པས་འོད་ཟེར་གྱིས་སྲེག་པ་དང་། བདུད་རྩིས་སྦྱོང་བ་སོགས་ཀྱི་དམིགས་པ་བྱེད། གདོན་བགེགས་ཀྱི་གནོད་པ་ཞི་བ་ལ་ཚོགས་ཞིང་རྣམས་ཀྱི་སྐུ་ལས་ཁྱུང་རིགས་ལྔའི་ཚོགས་སྤྲས་ཏེ། རང་ལ་གནོད་པའི་ཀླུ་གདོན་རྣམས་ཚར་བཅད་པའི་དམིགས་པ་དང་། དེས་གཞན་ལ་རིགས་འགྲེ། མི་དང་མི་མ་ཡིན་སྤྱིའི་གནོད་པ་ཞི་བ་ལ། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་བྱུང་ན་དེ་དག་ལ་ཞུགས་པས་གདུག་པའི་སེམས་དང་གནོད་པའི་སྦྱོར་བ་ཞི་ནས་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པར་བསམ། ཚེ་རྒྱས་པ་ལ་ཚོགས་ཞིང་ལས་འཕྲོས་པའི་འོད་གྱིས་རང་གི་ཚེ་མི་མ་ཡིན་སོགས་ཀྱིས་འཕྲོག་པ་བརྐུས་པ་ཡར་བ་འཐོར་བ་སོགས་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བཀུག་ནས་རང་ལ་བསྟིམ་པ་སོགས་ཚེ་ཁྲིད་ཀྱི་སྐབས་ནས་འབྱུང་བ་ལྟར་བྱ། ཤེས་རབ་འཕེལ་བའི་ཕྱིར་དུ། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་རབ་མ་ལུས་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་རྣམ་པར་སྤྱན་དྲངས་ནས་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་དུ་རང་གི་ལུས་ལ་ཐིམ་པས་འཇམ་དཔལ་དབྱངས་དང་མཉམ་པའི་ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་རྒྱས་པར་བསམ། སངས་རྒྱས་ཆོས་ཚོགས་མའི་ཚིག་དང་བོ་གཉིས་ཀྱི་སྐབས་སུ་སྐྱབས་ཡུལ་སྤྱི་ལས་བདུད་རྩི་འབེབས་སྦྱངས་བྱེད། ཚིག་ཐ་མ་གཉིས་ཀྱི་སྐབས་སུ་སེམས་བསྐྱེད་ཀྱི་དམིགས་རྣམ་གསལ་གདབ། ཡང་ན་ཚིག་རྐང་བཞི་ཐར་ཆགས་སུ་བརྗོད་དེ་སྐྱབས་འགྲོ་སྔོན་དུ་འགྲོ་བའི་སེམས་བསྐྱེད་གསལ་ཅི་ཐུབ་བྱེད།སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སྒོམ་ན་བླ་མའི་ཞལ་ལས་ཤེས་པར་བྱ།འཇུག་སྡོམ་འཛིན་འདོད་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད་ནས། དམིགས་རྣམ་འཕྲོད་པར་བྱ། གུར་ནས་འབྱུང་བའི་རྒྱུན་བཤགས་འདི་ལ་བདུན་རྣམ་དག་བཅས་ཡང་ཡང་འབྱུང་བ་ནི། སྐྱབས་འགྲོ། སྡིག་བཤགས། ཡི་རང་།སྨོན་སེམས། འཇུག་སེམས། སྤྱོད་པ་ཁས་ལེན་བསྔོ་བ་དང་བདུན་ལ་བྱེད་པར་ངེས་ན་དོན་གྱི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པཎྚི་ཏ་འཇིགས་མེད་དབང་བོའི་ཞལ་སྔ་ནས་ཀྱིས་གསུངས་སོ། །སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་བྲལ་འདོད་ཀྱི་སྙིང་རྗེ་ཚད་མེད་པ། སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དགེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཚད་མེད། མཐོ་རིས་དང་ཐར་བའི་བདེ་བ་དང་མི་བྲལ་བར་འདོད་པའི་དགའ་བ་ཚད་མེད། ཉེ་རིང་ཆགས་སྡང་གི་སེམས་སྙོམས་པར་གནས་པའི་བཏང་སྙོམས་ཚད་མེད་རྣམས་སྒོམ་པའི་རྗེས་སུ་ཚོགས་ཞིང་བསྡུས་ནའང་རུང་ལ། ཡོངས་གྲགས་ལྟར་བྱེད་འདོད་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་སོགས་ཀྱིས་ཚོགས་ཞིང་རྣམས་ཀྱི་དོན་དམ་པའི་ཡོན་ཏན་ནམ་ཟབ་མའི་ལམ་རིམ་དང་ཉན་ཐོས་ཞི་བ་སོགས་ཀྱིས་རྒྱ་ཆེ་བའི་ཡོན་ཏན་ནམ་ཀུན་རྫོབ་པའི་ལམ་རིམ་དང་། རྟོག་པའི་དྲ་བ་སོགས་ཀྱིས་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཡིན་ལ། བློ་རབ་ཀྱིས་ལམ་ཡོངས་སུ་རྫོགས་པའི་ཤར་སྒོམ་བྱས་ན་ལེགས་སོ། །མ་ལུས་སེམས་ཅན་སོགས་ཀྱིས་ཞིང་ཁམས་དཔག་ཏུ་མེད་པ་སྤྱན་དྲངས་སྔར་གྱི་ཚོགས་ཞིང་ལ་བསྟིམ་ནས་ཁྲུས་གསོལ་དང་མཎྜལ་སོགས་འབུལ་བ་ནི་ཚོགས་རྫོགས་པའི་ཐབས་བླ་མ་མེད་པ་ཡིན་ནོ། །མཇུག་ཏུ་སྐྱབས་ཡུལ་རྣམས་འུབས་ཀྱིས་བསྡུས་ནས་རང་གི་སྨིན་མཚམས་ནས་ཞུགས་ཏེ་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་དུ་སོང་བར་མོས་པ་ནན་ཏན་བསྐྱེད་པར་བྱའོ། །

མཇུག་ཏུ། བདག་ནི་དེང་བའི་བྱང་ཆུབ་སྙིང་བོའི་བར། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །དགེ་བའི་བཤེས་གཉེན་བསྟེན་ཅིང་དམ་ཆོས་ཉན། །ཚུལ་བཞིན་ཡིད་བྱེད་ཆོས་དང་མཐུན་པར་སྒྲུབ། །དབང་བོ་དུལ་ཞིང་བསླབ་གཞི་ཅི་ནས་འཛིན། །འགྲོ་ལ་སྙིང་བརྩེ་དཀོན་མཆོག་མཆོད་ལ་བརྩོན། ། ལྷ་གཞན་མི་བསྟེན་སེམས་ཅན་གནོད་འཚེ་སྤོང་། །མུ་སྟེགས་ཅན་གྱི་གྲོགས་དང་མི་འགྲོགས་ཞིང་། །དཀོན་མཆོག་གསུམ་གྱི་གཟུགས་བརྙན་ཙམ་ལ་ཡང་། །མཆོག་གསུམ་ལྟ་བུར་གུས་ཤིང་སྤྱི་བོར་འཛིན། །ཁྱད་པར་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ། །བཀའ་དྲིན་དྲན་པའི་མཆོད་པ་བཅུ་ལ་བརྩོན། །སྙིང་བརྩེས་འགྲོ་བ་གཞན་ཡང་སྐྱབས་འགྲོར་འགོད། །བྱ་དགོས་ཐབས་ཀུན་སྐྱབས་འགྲོ་ཉིད་ལ་དྲིས། །ཕན་ཡོན་དྲན་པས་དུས་དྲུག་སྐྱབས་སུ་འགྲོ། །བཞད་གད་ཙམ་དང་སྲོག་ཕྱིར་སྐྱབས་མི་གཏོང་། །བཅུ་ཕྲག་གཉིས་ཀྱི་གྲངས་ལྡན་བསླབ་བྱ་ལ། །བརྩོན་བཞིན་རྟག་ཏུ་སྐྱབས་སུ་འགྲོ་བར་ཤོག །དེ་ཡི་མཐུ་ལས་ཕན་ཡོན་བརྒྱད་ཚན་གཉིས། ། མངོན་དུ་གྱུར་པའི་སྐལ་བཟང་ཐོབ་གྱུར་ཏེ། །གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ། །མྱུར་དུ་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག། །ཅེས་བསླབ་བྱ་དང་ཕན་ཡོན་རྣམས་དྲན་བཞིན་དུ་བསྔོ་སྨོན་ལ་བརྩོན་པར་བྱའོ། །གང་གི་བརྟེན་ཅིང་འབྲེལ་བར་འབྱུང་། །ཞེས་སོགས་མན་ཆད་གཞན་གྱིས་ཅི་རིགས་པར་བསྣན་པ་ཡིན་སྟབས་ཁྲིད་ཀྱི་སྐབས་སུ་གསུང་བཤད་ཆེར་མི་འབྱུང་བའི་དོན་གྱི་ཐོབ་ཚད་ཙམ་ཡིན་ལ། གཞན་ནམ་བླ་མའི་ཞལ་ལས་ཐོས་པ་བཞིན་བྲིས་པའོ། །

གཉིས་པ་ཚུལ་དེར་མདོ་སྔགས་ཐམས་ཅད་འདུ་བའི་ཚུལ་ནི། དེ་ལ་གང་གིས་སྐྱབས་སུ་འགྲོ་བའི་ཚུལ་བསམ་པའི་ནང་དུ་སྡེ་སྣོད་ཐམས་ཅད་ཀྱི་དོན་འདུ་བ་ཡིན་ཏེ། རང་ཉིད་འཇིགས་པས་མནར་ཚུལ་བསམ་པའི་ནང་དུ་སྤང་བྱ་ཀུན་ཉོན་ཕྱོགས་ཀྱི་ཉེས་དམིགས་ཐམས་ཅད་འདུས། དཀོན་མཆོག་ལ་དེ་ལས་སྐྱོབས་པའི་ནུས་པ་ཡོད་ཚུལ་བསམ་པའི་ནང་དུ་བླང་བྱ་རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཐམས་ཅད་འདུ་བའི་ཕྱིར། གང་ལ་སྐྱབས་སུ་འགྲོ་བའི་དཀོན་མཆོག་གསུམ་གྱི་རང་བཞིན་བསམ་པའི་ནང་དུ་སྡེ་སྣོད་ཐམས་ཅད་འདུ་བ་ཡིན་ཏེ། ཚོགས་གཉིས་དང་ཕྱིན་དྲུག་སོགས་སངས་རྒྱས་ཀྱི་རྒྱུའི་ཚུལ་དུ་འདུ། མཐོང་སྒོམ་སོགས་ལམ་གྱི་ཚུལ་དུ་འདུ། སྟོང་བ་ཉིད་སོགས་ལམ་གྱི་དམིགས་པའི་ཚུལ་དུ་འདུ། སྒྲིབ་གཉིས་སོགས་ལམ་གྱི་སྤང་བྱའི་ཚུལ་དུ་འདུ། སྐུ་གསུམ་སོགས་ངོ་བོའི་ཚུལ་དུ་འདུ། གཞན་གྱིའི་བདེ་སོགས་འབྲས་བུའི་ཚུལ་དུ་འདུ་བའི་ཕྱིར། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་ནང་དུ་སྡེ་སྣོད་ཐམས་ཅད་འདུ་བ་ཡིན་ཏེ། མཆོག་གསུམ་གྱི་ཡོན་ཏན་མཐོང་ཚུལ་གྱི་གཙོ་བོ་ནི་སྟོན་པ་སྐྱོན་མེད་དང་།བསྟན་པ་སྐྱོན་མེད་དུ་མཐོང་བ་ཡིན་ལ། ཕྱི་རོལ་པའི་སྟོན་པ་དང་བསྟན་པ་སྐྱོན་དང་བཅས་པ་དང་དྲི་མ་དང་བཅས་པར་ཤེས་ནས་དེའི་རྗེས་སུ་མི་འབྲང་བར། སྟོན་པ་ཉག་གཅིག་ཐར་འདོད་ལ་མི་བསླུ་བ་དང་། བསྟན་པ་ཐར་འདོད་ཀྱི་འཇུག་ངོགས་སུ་མཐོང་ནས་རིགས་ཅན་གསུམ་གྱི་རྟོགས་རིག་མཐའ་དག་ཉམས་སུ་ལེན་པའི་ནང་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དགོངས་འགྲེལ་དང་བཅས་པར་འདུ་བའི་ཕྱིར། དཀོན་མཆོག་གསུམ་གྱི་ཁྱད་པར་ཤེས་པའི་ནང་དུ་ཆོས་ཕུང་ཐམས་ཅད་འདུ་བ་ཡིན་ཏེ། ཁྱད་པར་ཤེས་ཚུལ་དྲུག་པོ་རེ་རེའི་ནང་དུ་འདུ་བའི་ཕྱིར། མཚན་ཉིད་ཀྱི་ཁྱད་པར་གྱི་ནང་དུ་འདུ་བ་བསྒྲུབས་ཟིན་ལ། འཕྲིན་ལས་ཀྱི་ཁྱད་པར་ཤེས་པའི་ནང་དུ་ཆོས་ཐམས་ཅད་འདུ་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས་ཉེར་བདུན་བཤད་པའི་ནང་དུ་ས་ལམ་མཐའ་དག་འདུ་བའི་ཕྱིར། མོས་པ་དང་སྒྲུབ་པའི་ཁྱད་པར་གྱི་ནང་དུ་ཐམས་ཅད་འདུ་བ་ཡིན་ཏེ། རྒྱུད་བླ་མར་ཐེག་པ་གསུམ་དང་བྱེད་པ་གསུམ་ལ་མོས་པ་གསུམ་གྱི་དབང་དུ་བྱས་ནས་སྐྱབས་གསུམ་བཞག་པར་གསུངས་པས་ཤེས་པའི་ཕྱིར། རྗེས་དྲན་གྱི་ཁྱད་པར་གྱི་ནང་དུའང་དེ་ལྟར་འདུ་བ་ཡིན་ཏེ། དཀོན་མཆོག་རྗེས་དྲན་གྱི་མདོ་དང་འགྲེལ་བ་ལས་ཤེས་པར་བྱའོ། ། བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་གྱི་ནང་དུ་འདུ་བའང་ཡིན་ཏེ། གཞི་བདེན་གཉིས་དང་། ལམ་ཐབས་ཤེས། འབྲས་བུ་སྐུ་གཉིས་ཀྱི་རྣམ་བཞག་ཐམས་ཅད་བསོད་ནམས་འཕེལ་བའི་ཁྱད་པར་ལ་བཞག་པའི་ཕྱིར།མཆོག་གསུམ་གྱི་ཡོན་ཏན་བརྒྱད་ཚན་གསུམ་གྱི་ནང་དུའང་སྡེ་སྣོད་ཐམས་ཅད་འདུ་བ་ཡིན་ཏེ། སྐྱེ་འགག་གནས་གསུམ་གྱིས་བསྡུས་པའི་ཐོག་མཐའ་དབུས་གསུམ་བདེན་པར་མེད་པ་འདུས་མ་བྱས་པའི་ཡོན་ཏན། ཀུན་སློང་གི་རྟོག་པ་སྤངས་ཏེ་འབད་རྩོལ་ཞི་བའི་ལྷུན་གྲུབ་གཉིས་ནི་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་ལ་གོ་དགོས། ཇི་ལྟ་བ་མཁྱེན་པ་ནི་སོ་སོར་རང་རིག་པའི་ཚུལ་གྱིས་གཞན་གྱི་རྐྱེན་གྱིས་མི་རྟོགས་པ་དང་། ཇི་སྙེད་པ་མཁྱེན་པ་ཤེས་བྱའི་སྒྲིབ་པ་སྤོངས་པའི་སྟོབས་ཀྱིས་ཆགས་ཐོགས་མེད་པའི་ཡེ་ཤེས་ལ་མངའ་བརྙེས་པ་དང་། མཁྱེན་བརྩེ་གཉིས་ཀྱང་གྲངས་མེད་གསུམ་དུ་གོམས་པའི་སངས་རྒྱས་ཀྱི་ཡོན་ཏན་དང་། ཆོས་ཀྱི་ཡོན་ཏན་ནི་མཐའ་བཞི་གང་དུ་ཡང་བརྟག་པར་མི་ནུས་པ་དང་། ངེས་ཚིག་གིས་ཇི་ལྟ་བ་བཞིན་བརྗོད་པར་མི་ནུས་པ་དང་། འཕགས་པའི་མཉམ་གཞག་གིས་གཉིས་སྣང་དང་བྲལ་བའི་ཚུལ་གྱིས་མཁྱེན་དགོས་པ་གསུམ་ནི་བསམ་མེད་ཀྱི་ཡོན་ཏན་རང་བཞིན་རྣམ་དག་གི་ཆ་ཡིན་ལ། སྡུག་བསྔལ་གྱི་རྩ་བ་ལས་ཉོན་དང་། གཞི་ཚུལ་མིན་ཡིད་བྱེད་ཞིབ་གཉིས་ནི་གཉིས་མེད་དང་རྟོག་མེད་ཀྱི་ཡོན་ཏན་ཏེ་གློ་བུར་རྣམ་དག་ལ་བྱེད་དགོས། དག་གསལ་གཉེན་གསུམ་གྱིས་ལམ་གྱི་སྤང་བྱ་སྤོང་ཚུལ་དཔྱིས་ཕྱིན་བར་གོ་དགོས་པ་དང་། དགེ་འདུན་དཀོན་མཆོག་གི་ཇི་ལྟ་བ་རིག་པ་དང་། སོ་སོ་རང་རིག་པ་གཉིས་གོ་སླ་ལ། ཇི་སྙེད་པ་རིག་པ་ནི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་བོ་ཅན་དུ་གཟིགས་པ་ལ་བྱེད་ཅིང་། གྲོལ་བའི་ཡོན་ཏན་གསུམ་ནི་ཡེ་ཤེས་གསུམ་ལ་རག་ལས་པ་སོགས་རེ་རེ་ནས་གཞི་ལམ་འབྲས་གསུམ་ལ་སྦྱར་ནས་གཏན་ལ་ཕབ་ཏེ་ཤེས་དགོས་པས་སོ། །གཞན་ཡང་མདོ་སྡེ་རྒྱན་ལས། ཀུན་དུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པ། །ཞེས་གསུངས་པ་ལྟར། ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་ཅན་ལ་ཁྱད་པར་དེ་བཞི་ཚང་དགོས་པ་ཡིན་ལ། ཀུན་འགྲོའི་དོན་ལ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཞུགས་པའི་སེམས་ཅན་ཀུན་འགྲོ། ཐེག་པ་ཐམས་ཅད་ལ་མཁས་པའི་ཐེག་པ་ཀུན་འགྲོ།བདག་མེད་ཕྲ་རགས་ལ་མཁས་པའི་ཡེ་ཤེས་ཀུན་འགྲོ། འཁོར་འདུས་ཉམས་མེད་དུ་གཟིགས་པས་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་ཀུན་འགྲོ་བཞི་དང་། ཁས་ལེན་པའི་དོན་ལ་བསམ་པ་སེམས་བསྐྱེད་པ། སྦྱོར་བ་དེ་དང་མཐུན་པར་ཚོགས་གཉིས་སྒྲུབ་པ།འབྲས་བུ་ཚོགས་གཉིས་དང་མཐུན་བར་སངས་རྒྱས་ཐམས་ཅད་དང་མཉམ་པའི་ཡོན་ཏན་བརྙེས་པ་གསུམ་དང་། དེ་གསུམ་ཞིབ་པར་དགྲོལ་ན་འཁོར་བསྒྱུར་གྱི་སྲས་དེ་འཁོར་བསྒྱུར་གྱི་སྲས་སུ་སྐྱེས་པ་ནས་རྒྱལ་སྲིད་ལ་མངའ་བསྒྱུར་བའི་བར་དང་ཆོས་མཚུངས་པར། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ནས་རྒྱལ་ཚབ་ཀྱི་མཛད་པའི་བར་ལ་སྦྱར་དུ་ཡོད་ལ། རྟོགས་པའི་དོན་ལ་ཐེག་ཆེན་ལ་མོས་པའི་དུས་དང་གསར་དུ་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ། འབྲས་བུ་མཐར་ཐུག་པའི་བར་གྱི་ཡོན་ཏན་མངོན་དུ་འགྱུར་ཚུལ་བསམ་གྱིས་མི་ཁྱབ་པ་བཤད་དུ་ཡོད་ལ། ཟིལ་གནོན་གྱི་ཁྱད་པར་ལ་གསར་དུ་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དུ་ཉན་རང་ཟིལ་གྱིས་གནོད་ཚུལ་གྱི་ཁྱད་པར་དག་ཤེས་པར་བྱར་ཡོད་པས་དེས་ཀྱང་སྡེ་སྣོད་ཐམས་ཅད་ཀྱི་དོན་བདེ་བླག་ཏུ་སྡུད་པས་སོ། །གཞན་ཡང་མདོ་སྔགས་ཀྱི་ཉམས་ལེན་ཐམས་ཅད་སྐྱབས་འགྲོའི་ཁུངས་སུ་འདུ་བ་ཡིནཏེ། མདོ་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་འབྲས་བུ་སྐུ་གཉིས་ཐོབ་པའི་ཆེད་དུ་གཞན་རྒྱུད་ཀྱི་དཀོན་མཆོག་གསུམ་ལ་བརྟེན་ནས་རྒྱུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་འཇུག་པ་ཤས་ཆེ་བས་རྒྱུ་སྐྱབས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་དང་། སྔགས་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་ཐོབ་བྱའི་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་འབྲས་དུས་ཀྱི་ཡོངས་དག་བཞི་དང་རྣམ་པ་མཐུན་པར་སྒོམ་པའི་འབྲས་སྐྱབས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བའི་ཁོངས་སུ་འདུ་བའི་ཕྱིར། འོ་ན་མདོ་ཕྱོགས་ལ་འབྲས་སྐྱབས་ཀྱི་སྐྱབས་འགྲོ་མེད་དམ་ཞེ་ན་ཡོད་དེ།འཇུག་སེམས་ཙམ་ལའང་སངས་རྒྱས་རང་གི་ཐོབ་བྱར་འཛིན་པའི་ཆ་ནས་འབྲས་སྐྱབས་དང་། སེམས་ཅན་ལ་ཕན་བདེ་སྒྲུབ་པ་དང་དེའི་རྒྱུ་སྤྱོད་པ་ལ་འཇུག་པའི་ཆ་ནས་རྒྱུ་སྐྱབས་ཀྱི་ཉམས་ལེན་ཚང་བའི་ཕྱིར། ཕར་ཕྱིན་བསྡུས་པ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང་། ། བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པ་ལྟར་རོ། ། དེ་བཞིན་དུ་བླ་མེད་ཀྱི་བསྐྱེད་རིམ་ལའང་དང་པོའི་སྦྱོར་བ་ནི་འབྲས་སྐྱབས་དང་། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གཉིས་རྒྱུ་སྐྱབས་ཀྱི་ཉམས་ལེན་གཙོ་ཆེ་བ་དང་། མདོར་ན་སངས་རྒྱས་ཀྱི་ལམ་ཐམས་ཅད་རང་གིས་འབྲས་སྐྱབས་དང་། གཞན་གྱི་རྒྱུ་སྐྱབས་སྒྲུབ་པ་ཤ་སྟག་ཡིན་པ་ཤེས་དགོས་སོ། ། དེ་ཡང་རྒྱུད་བླ་མ་དར་ཊིཀ་ལས། སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་སྐྱབས་འགྲོ་ཡུལ་དང་བཅས་པའི་ཡན་ལག་ཏུ་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། སྡེ་སྣོད་ཐམས་ཅད་ཀྱི་དོན་སྐྱབས་འགྲོའི་ཉམས་ལེན་གྱི་ནང་དུ་འདུ་ཚུལ་ཀུན་མཁྱེན་བླ་མའི་ལེགས་བཤད་ལ་བརྟེན་ནས་ཟུར་ཙམ་སྨོས་པ་ཡིན་གྱི། ལུང་འདྲེན་དང་བཅས་པ་རྒྱས་པར་བཤད་ན་མང་བས་འཇིགས་ནས་མ་བྲིས་ཏེ། བློ་ལྡན་དོན་གཉེར་ཅན་རྣམ་ཀྱིས་དམ་པའི་གསུང་རབ་ལ་གཟུ་བོའི་བློས་ཐོས་བསམ་གནད་དུ་འགྲོ་བ་བཙལ་ཏེ་གསུང་རབ་གདམས་ངག་ཏུ་ཤར་བའི་བཤད་སྒྲུབ་ལ་འབད་པར་བྱའོ། །

སྨྲས་པ། བསྟན་པའི་འཇུག་སྒོ་དམ་པ་སྐྱབས་འགྲོ་ཞེས། །ཡང་ཡང་བསྔགས་ཅིང་དེ་དོན་མི་སེམས་པར་། །ཟབ་ཟབ་ཆོས་ལ་མཐོ་སྙེགས་བྱེད་པ་ཡི། །བདག་འདྲའི་འགྲོ་ལ་མཆོག་གསུམ་ཐུགས་རྗེས་གཟིགས། །ཚུལ་འདི་སྐྱབས་འགྲོའི་མཚན་ཉིད་དབྱེ་བ་ཞེས། །ཐལ་ཕྱིར་སྟོང་འུར་འབྲུག་སྒྲ་ཆེར་གྲགས་ཀྱང་། །སེམས་ཀྱི་ཞིང་ས་དམ་ཆོས་ཆར་ཆེན་གྱི། །བརླན་བྲལ་ཆེས་ཆེར་གྱོང་བ་བདག་འདྲ་དང་། །སྙིང་ནས་མཆོག་གསུམ་བླ་མའི་འཛིན་བྱེད་ཀྱང་། ། སྐྱབས་འགྲོའི་གནད་དོན་གསལ་བར་མི་ཤེས་པའི། །དང་པོའི་ལས་ཅན་འགའ་ལ་ཕན་ཕྱིར་དུ། །བླ་མའི་གསུང་བཞིན་འགོད་པའི་ངལ་བ་བསྟེན། །གང་འདིར་རང་བློའི་སྐྱོན་གྱིས་གྲགས་པའི་ཚོགས། །མཆོག་གསུམ་སྤྱན་སྔར་བསམ་པ་ཐག་པས་བཤགས། །ལེགས་སྤྱད་ཅི་མཆིས་ཐུབ་བསྟན་རྒྱས་པ་དང་། །འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །སྐྱེ་ཞིང་སྐྱེ་བར་བསླུ་མེད་མཆོག་གསུམ་དང་། །ནམ་ཡང་མི་འབྲལ་རྒྱལ་བའི་དམ་ཆོས་ཀུན། །ཚུལ་བཞིན་བཟུང་ནས་འགྲོ་ཀུན་སྒྲོལ་བ་ལ། །མི་ཕམ་འཇམ་པའི་དབྱངས་དང་མཚུངས་པར་ཤོག། །ཅེས་སྐྱབས་འགྲོའི་ཁྲིད་ཡིག་ཐུབ་བསྟན་སྒོ་འབྱེད་ཅེས་བྱ་བ་འདི་ནི་རང་གི་སློབ་བུ་ལུང་རིགས་སྨྲ་བ་ཨུ་ཅུ་མུ་ཆིན་དགེ་སློང་དཀོན་མཆོག་ཡར་འཕེལ་གྱིས་ཡང་ཡང་ནན་གྱིས་བསྐུལ་ངོར། རིགས་བརྒྱའི་ཁྱབ་དབང་རྡོ་རྗེ་འཆང་འཇམ་དབྱངས་བཞད་པ་པཎྚིཏ་དཀོན་མཆོག་འཇིགས་མེད་དབང་བོའི་སྡེ་ཡབ་སྲས་རྣམས་ཀྱི་བཀའ་འབངས་ཐ་ཤལ་བ། པཎ་ཆུང་རིགས་སྨྲ་༧དཀོན་མཆོག་རྒྱལ་མཚན་གྱིས་དགེ་ལྡན་བསྟན་པ་འཕེལ་རྒྱས་གླིང་དུ་སྦྱར་བའི་ཡི་གེ་བ་ནི་དཔྱོད་ལྡན་དགེ་སློང་འཇིགས་མེད་གྲགས་པས་བགྱིས་པའོ། ། འདིས་ཀྱང་འགྲོ་ཀུན་བསྟན་པའི་སྒོར་འཇུག་བར་གྱུར་ཅིག། ། །འདི་ཡང་ཆོས་སྡེ་ཆེན་མོ་དགའ་ལྡན་ཆོས་འཁོར་གླིང་ནས་པར་དུ་བསྒྲུབས་པའོ།། །།མངྒ་ལམ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།