སྨྲ་པའི་དབང་ཕྱུག་ཤཱ་ས་ན་དྷྭ་ཛའི་གསུང་འབུམ་གྱི་དཀར་ཆག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས།
༄༅། །ཨོཾ་སྭ་སྟི། ཟབ་ཡངས་བློ་གྲོས་བཟ༷ང་པོའི་དཀྱིལ་འཁོར་ལས། །ཕྱོགས་ལས་རྣམ་རྒྱལ་ལེགས་བཤད་སྣང་བ་འབུམ། །སྤྲོ་མཛད་མཚ༷ན་ལྡན་བཤེས་གཉེན་རྒྱུ་སྐར་དང་། །སྨྲ་བའི་སེ༷ངྒེ༷་དེ་ཡི་ཞབས་པད་མཆོད། །ཐུབ་བསྟན་ཁང་བཟང་མཛེས་པའི་རྩེ་མོ་རུ། །ཟླ་བྲལ་སྤོབས་པ་གཟེངས་སུ་མཐོ་བ་ཡིས། །ཆོས་སྲིད་འཕྲིན་ལས་རྒྱ༷ལ་མཚ༷ན་བསྒྲེངས་མཁས་པ། །ཡོན་ཏན་གཏེར་མཛོད་གང་དེ་བསྔགས་པར་འོས། །བློ་གྲོས་ཡིད་འོང་སྐྱེད་ཚལ་ལས་བྱུང་བའི། །ངོ་མཚར་ལེགས་བཤད་མེ་ཏོག་སིལ་མའི་ཚོགས། །གཟུར་གནས་རྣ་བའི་རྒྱན་དུ་འོས་པ་དག །ཕྱོགས་བསྡེབས་དཀར་ཆག་སྲད་བུར་བསྟར་བར་བྱ། །
དེ་ཡང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་ཆེན་ང་བཞི་བའི་སྤྲུལ་པའི་སྐུ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྡོ་རྗེ་འཆང་སུ་མ་ཏི་དྷྭ་ཛ་སིངྷ་ཞེས་སྙན་པའི་བ་དན་སྲིད་པའི་བླ་ན་གཡོ་བ་དེ་ཉིད་ཀྱི་འཕྲིན་ལས་རླབས་པོ་ཆེ་ཆོས་སྲིད་ཟུང་འབྲེལ་དུ་སྤེལ་བའི་བྱེད་པོ་མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་སྨྲ་བའི་དབང་ཕྱུག་འཚོ་བྱེད་ཆེན་པོ་མཛོད་པ་བསྟན་པ་རྒྱལ་མཚན་ཞེས་མཁས་པའི་གྲགས་པས་མདོ་སྨད་ནོར་འཛིན་གྱི་ཁྱོན་ཁྱབ་པ་འདི་ཉིད། ལས་སྨོན་རྣམ་པར་དག་པའི་དབང་གིས་རིགས་རུས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཏེ་ ༧ ཡབ་རྗེ་རྡོ་རྗེ་འཆང་གི་ཞབས་རྡུལ་གཙུག་གི་རྒྱན་དུ་ཐོབ་ཅིང་ཆུང་ངུ་ཉིད་ནས་མདོ་སྔགས་ནས་བཤད་པའི་བཤེས་གཉེན་བསྟེན་ཚུལ་ཇི་ལྟ་བར་ལག་ལེན་དུ་ཐེབས་པར་མཛད་དེ་རྟེན་འབྲེལ་གྱི་སྒོ་ཕྱེ་བའི་སྟོབས་ཀྱིས། བླ་མའི་བྱིན་རླབས་འཇུག་ཚུལ་ཡང་གཞན་དང་ཐུན་མོང་མ་ཡིན་པ་ཞིག་འབྱུང་བ་ཆོས་ཉིད་ཡིན་པས། བསླབ་སྦྱངས་སོགས་ལ་ཆེར་མ་ལྟོས་པར་མདོ་སྔགས་ཀྱི་དཀའ་གནད་ཕྲ་ཞིབ་དང་། གྲུབ་མཐའ་རིས་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནད་འགག །རྒྱུད་སྡེ་གོང་འོག་གི་སྒྲུབ་འཕྲིན་ཕྱག་བཞེས་ཕྲ་མོ་ཚུན་ཆད། སྒྲ་ཚད་བཟོ་གསོ་རྩིས་དཀར་ནག་སྙན་ངག་སྡེབ་སྦྱོར་སོགས་ཐུན་མོང་གི་རིག་པའི་གནས་སོ་སོར་མཁྱེན་པ་ཕུལ་ཕྱིན་དུ་རྒྱས་ཤིང་། བྱེ་བྲག་གསོ་བ་རིག་པའི་སྒོ་ནས་ཕྱོགས་འདིའི་སྐྱེ་བོ་ཉམ་ཐག་ཡོངས་ཀྱི་རེ་ས་གཅིག་བུར་གྱུར་བས་མདོ་སྨད་ལྗོངས་ཀྱི་ལྷ་རྗེ་མ་ལུས་པའི་གཙུག་རྒྱན་དུ་གྱུར་ཅིང་། རིས་མེད་ཀྱི་དད་ལྡན་སློབ་མའི་ཚོགས་ལ་དབང་ཁྲིད། རྗེས་གནང་ལུང་སོགས་གང་འདོད་དུ་སྩལ་བ་དང་། བསྟན་བཅོས་ཀྱི་རྩོམ་པ་སྤེལ་བ། ནད་ཀྱིས་གདུང་བ་ལ་སྨན་དཔྱད། དགེ་ཕྲུག་མང་བོར་རིག་གནས་སྣ་ཚོགས་ཀྱི་དཔེ་ཁྲིད། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། བླ་བྲང་རང་གི་སྐུ་དོན་དང་དགོན་གྲོང་གི་འགྲིག་ལམ་ལས་དོན་རྒྱ་ཆེན་པོ་རྣམས་ལ་བཀོད་ཁྱབ་སོགས་ཆོས་སྲིད་ཀྱི་བྱ་བ་རླབས་ཆེན་མང་བོ་དུས་གཅིག་ཏུ་འགྲུབ་པར་མཛད་པའི་འབྲས་བུའི་རྟགས་ཀྱིས་སྐྱེས་མཆོག་དམ་པ་མང་བོའི་སྤྲུལ་བའི་ཟློས་གར་ཟམ་མ་ཆད་པར་བྱོན་པ་ཞིག་ཏུ་དཔོག་ནུས་ལ། དེ་ལྟར་རྣམ་དཔྱོད་དང་སྤོབས་པ་ཕུལ་དུ་བྱུང་བའི་དབང་གིས་ ༧ སྐྱབས་མགོན་དམ་པའི་བཀའ་དང་། དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བ་སོགས་ལ་བརྟེན་ནས་བརྩམས་ཆོས་སྔ་ཕྱི་ཅི་རིགས་སྤེལ་བ་འདི་དག་ཀྱང་མདོ་རྒྱུད་མན་ངག་གི་ཁུངས་དང་འབྲེལ་ཞིང་། རིགས་པས་དཔྱད་བཟོད་པ། སྙན་འགྱུར་གྱི་ཉམས་ཀྱིས་སྤྲས་ཤིང་། ཆོ་ག་ཕྱག་ལེན་ཆོག་བསྒྲིགས་རྣམས་ལག་ཏུ་བླང་བདེ་ཞིང་ངོས་གཙང་བ་སོགས་བསྔགས་པའི་འོས་ཤ་སྟག་ཏུ་ཡོད་པ་ནི་རྣམ་དཔྱོད་དང་ལྡན་ཞིང་གཟུ་བོར་གནས་པ་རྣམས་ཀྱིས་བློ་གྲོས་ཀྱི་མིག་གིས་བརྟགས་ན་ཤེས་པར་འགྱུར་བ་ཡིན་ནོ། །
འདིར་སྐབས་སུ་བབས་པ་བསྟན་བཅོས་དེ་དག་རིགས་མཐུན་ཕྱོགས་བསྡེབས་སུ་བསྒྲིགས་པའི་མཚན་བྱང་དགོད་པ་ལ། གླེགས་བམ་དང་བོ། ༼ཀ༽ བར་རྣམ་ཐར་དང་དཀར་ཆག་གི་སྐོར་བཞུགས་པ་ལ། སྟོན་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་རྟོགས་པ་བརྗོད་པ་ཡོངས་འདུས་འཁྲི་ཤིང་ལ་ (༣༥) མདོ་སྔགས་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོ་རྗེ་བཙུན་ངག་དབང་ཆོས་འཕེལ་པའི་རྣམ་ཐར་དད་པའི་ལྗོན་ཤིང་ལ་(༤༨)འཕགས་མཆོག་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་བ་ལ་ (༦༤)བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་དད་པའི་ཆུ་གཏེར་གཡོ་བའི་རྦ་རླབས་ལ་(༤༢)ཆོས་རྒྱལ་གཏེར་བདག་གླིང་བའི་རྣམ་ཐར་མདོར་བསྡུས་པད་དཀར་ཆུན་པོ་ལ་ (༨) མཆོད་སྡོང་མཐོང་བ་དོན་ལྡན་གྱི་དཀར་ཆག་དད་པའི་རྒྱ་མཚོ་འཕེལ་བའི་རབ་དཀར་ཟླ་གཞོན་ལ་(༥༧) རྟ་མགྲིན་ལྷ་ཁང་གི་དཀར་ཆག་ལ་ (༡༦)རྗེ་བཙུན་མི་ཕམ་མགོན་པོའི་སྐུ་བརྙན་གྱི་དཀར་ཆག་ལ་ (༦)ཁྱོན་ཤོག་གྲངས་ (༢༧༦)
གླེགས་བམ་གཉིས་པ། ༼ཁ༽ བར་སྔགས་ཕྱོགས་ཀྱི་བསྙེན་ཡིག་སྒྲུབ་འཕྲིན་སྐོར་བཞུགས་པ་ལ། བླ་མའི་རྣལ་འབྱོར་སོགས་ལེ་ཚན་འགའ་ཞིག་ལ་ (༡༢)པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་བསྙེན་པའི་ཐོག་མཐའ་བར་གསུམ་གྱི་ཆོ་གའི་ལག་ལེན་དམིགས་རིམ་དང་བཅས་པའི་རྣམ་བཞག་དབང་ཆེན་དགྱེས་པའི་མཆོད་སྤྲིན་ཀུན་གསལ་མེ་ལོང་ལ་ (༦༩)པདྨ་ཡང་གསང་ཁྲོས་པའི་སྦྱིན་སྲེག་གི་ཟུར་རྒྱན་མེ་འོད་རབ་གསལ་ལ་ (༡༥)དབང་གི་ལྷ་མོ་ཀུ་རུ་ཀུལླེ་ཕྱི་སྒྲུབ་ཀྱི་སྒྲུབ་ཐབས་འཁྱེར་བདེར་བཀོད་པ་སྙན་བརྒྱུད་ཞལ་ལུང་ལ་ (༡༢)རྡོ་རྗེ་བྲག་རྫོང་མའི་བསྙེན་ཡིག་ལ་ (༤)བྲག་རྫོང་མའི་སྦྱིན་སྲེག་ལ་(༤)རྡོ་རྗེ་གུར་གྱི་མགོན་པོ་འཁོར་བཅས་ལ་གཤེགས་གཏོར་འབུལ་ཚུལ་ལ་ (༥)ཁྲོ་བཅུའི་གཏོར་བཟློག་གི་ཟུར་རྒྱན་སྤུ་གྲིའི་དར་འདོགས་ལ་ (༡༣)སངས་རྒྱས་སུམ་ཅུ་སོ་ལྔ་ལ་བརྟེན་ནས་སྟོང་མཆོད་འབུལ་བའི་ཆོ་ག་སྡིག་ལྟུང་མུན་སེལ་ལ་(༩) སྨན་བླའི་སྟོང་མཆོད་བྱེད་ཚུལ་རིན་ཆེན་ཕྲེང་བ་ལ་ (༥)སྐྱེས་མཆོག་དམ་པ་རྣམས་ཀྱི་སྐུ་གདུང་མཆོད་ཅིང་སྦྱངས་པའི་ཆོ་ག་རིན་ཆེན་འོད་འབར་ལ་(༡༡)ལྷོ་སྒོའི་འདོན་བསྒྲིགས་ཐར་བའི་ལམ་སྟོན་ལ་ (༡༣)གཤིན་པོའི་ཕུང་བོ་སྲེག་ཆོག་བྱེད་ཚུལ་སྡིག་སྒྲིབ་སྲེག་པའི་ཡེ་ཤེས་མེ་འོད་ལ་ (༦)རིགས་དྲུག་གནས་སྦྱོང་གི་འདོན་བསྒྲིགས་སྡིག་སྒྲིབ་མུན་པ་སེལ་བའི་ཉི་ཟེར་ལ་ (༣)སྒྲུབ་པ་བཀའ་བརྒྱད་སོགས་སྔགས་རྙིང་མའི་ཡི་དམ་རྣམས་ཀྱི་བསྙེན་པའི་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་འབུལ་ཚུལ་སྡིག་སྒྲིབ་ཉེས་པ་དག་བྱེད་ལ་ (༡༡)ཡང་གསང་དང་ཕྱག་རྡོར་གྱི་རིལ་བུ་བྱིན་རླབས་བྱེད་ཚུལ་ལ་ (༥)འཕགས་མཆོག་ཛམ་ལྷ་རིགས་ལྔ་གཏེར་གྱི་གའུ་ལ་བརྟེན་ནས་སྒྲུབ་ཚུལ་ཕུན་ཚོགས་ཆར་འབེབས་ལ་ (༡༧)ས་བདག་སྙིང་གཏེར་གྱི་བདག་བསྐྱེད་དོན་ཡོད་ལྕགས་ཀྱུ་ལ་ (༣)ས་བདག་སྙིང་གཏེར་གྱི་སྒྲུབ་ཐབས་བཀླགས་པས་དོན་གྲུབ་ལ་ (༧)ས་བཅུད་གསོ་བྱེད་ཀྱི་ཆོ་ག་འདོད་དགུ་འཁྱིལ་བ་ལ་ (༩)ཀླུང་རྟའི་ཀྭ་འཛུགས་ཀྱི་ཆོ་ག་ལེགས་ཚོགས་ཡར་རྒྱས་ལ་ (༢༨)དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ་ལ་ (༡༩)དེའི་ཟུར་རྒྱན་དགྲ་ལས་རྒྱལ་བའི་འཁོར་ལོ་ལ་(༡༣)ཀླུང་རྟའི་བསང་མཆོད་བྱེད་ཚུལ་བཀྲ་ཤིས་དུང་དཀར་གཡས་འཁྱིལ་དང་སྤྱི་བསང་སོགས་ལ་ (༧)ནོར་ལྷའི་རྒྱལ་པོ་ཐོད་ཆིངས་ཀྱི་གསོལ་མཆོད་ཡིད་བཞིན་ཆར་འབེབས་ལ་ (༤)ཁྱོན་ཤོག་གྲངས་(༢༩༠)
གླེགས་བམ་གསུམ་པ་ལ། ༼ག༽ བར་གཞུང་བཤད་དང་ཁྲིད་ཀྱི་སྐོར་བཞུགས་པ་ལ། བདེ་གཤེགས་སོ་ལྔ་ལ་འདོད་དོན་གསོལ་འདེབས་བྱ་ཚུལ་གྱི་དགོངས་འགྲེལ་ཐར་འདོད་འཇུག་ངོགས་ལ་ (༢༥)ཡབ་རྗེ་ཆོས་ཀྱི་རྒྱལ་བོས་མགོན་པོ་འོད་མི་འགྱུར་བའི་འཕོ་ཁྲིད་གནང་བའི་གསུང་རྒྱུན་ཟིན་བྲིས་སུ་བཀོད་པ་ལ་ (༡༠)གསང་བདེ་འཇུག་གསུམ་གྱི་བློས་བསླང་བཞེངས་ཚུལ་གྱི་རྣམ་བཞག་རིན་ཆེན་ཀེ་ཏ་ཀ་ལ་ (༢༤)ཐིག་རྩའི་རྣམ་བཞག་མེ་ཏོག་ཕྲེང་མཛེས་ལྟར་བཀོད་པ་ལ་(༧)སྨན་གྱི་སྡེབ་སྦྱོར་ཉུང་ངུ་རྣམ་གསལ་འཆི་མེད་བདུད་རྩིའི་ཐིག་པ་ལ་ (༣༠)སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་རྩ་བ་ལ་ (༡༢)སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་དོན་འགྲེལ་བློ་གྲོས་རྒྱ་མཚོ་འཕེལ་བའི་ཟླ་བ་ལ་(༢༨)རྩིས་ཀྱི་མན་ངག་དཔག་བསམ་ཡོངས་འདུའི་སྙེ་མ་ལ་(༩༥)གཤིན་རྩིས་ཀྱི་རྣམ་བཞག་ཀུན་གསལ་མེ་ལོང་ལ་(༡༧)དེང་དུས་ཀྱི་བླ་སྔགས་ཀྱི་གཟུགས་བརྙན་རྣམས་ཀྱི་མཚང་ལ་རྒོལ་བའི་གདམས་པ་ངོ་མཚར་དྲང་གཏམ་ལ་(༡༡)ཁྱོན་ཤོག་གྲངས་(༢༥༧)
གཞན་ཡང་༧ ཡབ་རྗེ་མཆོག་གི་རྣམ་ཐར་ཉིན་མོའི་འོད་ཀྱི་སྨད་ཆ་སོགས་བཀའ་རྩོམ་འཕྲོ་ལུས་པ་རྣམས་ཁ་སྐོང་བར་མཛད་པ་འགའ་ཟུང་མཆིས་པ་འདིར་མ་བཀོད་དོ། ། སྨྲས་པ། རྨད་བྱུང་ཆོ་རིགས་གཙང་མའི་དགའ་ཚལ་དུ། །རྒྱ་ཆེན་རྣམ་དཔྱོད་འདབ་སྟོང་གྲོལ་བའི་དབུས། །ངོ་མཚར་ལེགས་པར་བཤད་པའི་སྦྲང་རྩིའི་རོས། །བློ་གསལ་རྐང་དྲུག་ཚིམ་མཛད་ཨེ་མ་རྨད། །བླ་མའི་བྱིན་རླབས་ཡིད་བཞིན་ཏོག་འཆང་ཞིང་། །ཟླ་བྲལ་བསོད་ནམས་རིན་ཆེན་ཡུ་བ་ཅན། །ཡོན་ཏན་དར་གྱི་ཤམ་བུས་ཉེར་མཛེས་པ། །ཐུབ་བསྟན་ཁང་བཟང་རྒྱན་དུ་མངོན་པར་འཕགས། །བློ་མིག་ཕྱོགས་ལྷུང་རབ་རིབ་དང་བྲལ་ཞིང་། །མཁས་པའི་ཡོན་ཏན་མཐོང་བའི་དཔྱོད་ལྡན་དག །དད་མོས་ཤེས་རབ་བརྩོན་འགྲུས་ཟུང་འབྲེལ་བས། །དལ་བ་དོན་ལྡན་རྣམ་ཐར་རྗེས་སུ་སློབ། །འདིར་འབད་དགེ་བས་དམ་པའི་བཞེད་དགོངས་ཀུན། །ཡོངས་སུ་རྫོགས་ཤིང་ཁྱད་པར་མདོ་སྔགས་ཀྱི། །ཆོས་ཚུལ་སྙིང་བོ་དྲི་མེད་དུས་ཀྱི་མཐར། །བཤད་དང་སྒྲུབ་པས་འཕེལ་ཞིང་རྒྱས་གྱུར་ཅིག །འགྲོ་ཀུན་ཐེག་མཆོག་ལམ་སྟོན་བཤེས་གཉེན་དང་། །མི་འབྲལ་བསམ་དང་སྦྱོར་བས་ཚུལ་བཞིན་དུ། །བསྟེན་ཅིང་ཟབ་རྒྱས་གདམས་པས་རྟག་བསྐྱངས་པས། །ཟག་མེད་ཡོན་ཏན་ལུས་སྟོབས་རྒྱས་གྱུར་ཅིག །ཅེས་པ་འདི་ནི་མཁས་པའི་དབང་བོ་གང་གི་གསུང་གི་བདུད་རྩིའི་འཚོ་བའི་དཔྱོད་ལྡན་འགའ་ཞིག་ནས་ལྷ་རྫས་བཅས་བསྐུལ་ངོར། ༧ རོང་བོ་ཆོས་རྗེའི་སྐྱེ་བར་བཏགས་པའི་བཙུན་གཟུགས་བློ་བཟང་འཕྲིན་ལས་ཀྱིས་གཙོས་བླ་བྲང་དབང་ལྡན་ལྷུན་པོའི་གཟིམ་ཁང་དུ་སྦྱར་པ་ཛ་ཡནྟུ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
