ཀུན་མཁྱེན་ལྔ་བའི་ཡོངས་འཛིན་རྗེ་དངུལ་རྭའི་གྲགས་པ་རྒྱ་མཚོའི་གསུང་འབུམ།
སྟོད་ཆ།
རྗེ་བཙུན་གྲགས་པ་རྒྱ་མཚོ་དཔལ་བཟང་བོས་མཛད་པའི་འདུལ་སྡོམ་གཞི་སྟོད་ཀྱི་རྣམ་བཤད་བཞུགས་སོ། །
བཀའ་པོད་རྣམ་ལྔའི་གཞུང་དོན་ཕྲ་རགས་བསྲེས་པའི་རིན་ཆེན་སྒྲོམ་བུ་ཀུན་མཁྱེན་མཆོག་གི་བཀའ་ལུང་གསེར་གྱི་ཕྲ་མཚོའི་རྒྱན་ཞེས་བྱ་བ་བཞུགས་སོ། །
དོན་བདུན་ཅུའི་རྣམ་བཞག་མི་ཕམ་ཞལ་ལུང་གི་ཚིག་དོན་འགའ་ཞིག་ཟུར་རྒྱན་གྱི་ཚུལ་དུ་བཀོད་པ་བཞུགས་སོ། །
སྨད་ཆ།
རིགས་བརྒྱའི་ཁྱབ་བདག་ངེས་དོན་ཆོས་ཀྱི་རྒྱལ་བོ་རྗེ་དམེ་ཤུལ་རིན་པོ་ཆེ་མཉྫུ་གྷོ་ཥ་ཤཱི་ལའི་ཞལ་སྔ་ནས་ཀྱི་རྟོགས་བརྗོད་བཀྲ་ཤིས་འདབ་བརྒྱ་གཡས་འཁྱིལ་དུང་གི་རང་སྒྲ་ཞེས་བྱ་བ་བཞུགས་སོ། །
དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོའི་འཁྲུངས་རབས་དང་བཅས་པའི་རྣམ་པར་ཐར་བ་ཅུང་ཟད་གཏམ་དུ་བསྙད་པ་དད་པའི་ཆུ་གཏེར་འཕེལ་བའི་ཟླ་ཤེལ་ཞེས་བྱ་བཞུགས་སོ། །
རྒྱལ་མཁན་ཆེན་སྐུ་ཕྲེང་བཞི་བ་རྗེ་བཙུན་སྐལ་བཟང་གྲགས་པ་རྒྱ་མཚོའི་དཔལ་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་བཀྲ་ཤིས་དཔལ་འབར་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
ཐུགས་བཞེད་འགྲུབ་པའི་སྨོན་ཚིག་མཆོག་གསུམ་ཐུགས་རྗེ་བསྐུལ་བ་ལྷའི་རྔ་ཆེན་བཞུགས་སོ། །
རྩོམ་པ་བོའི་རྣམ་ཐར།
དེ་ཡང་སྲིད་ཞིའི་གཙུག་རྒྱན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་ཆེན་པོའི་ཡོངས་འཛིན་རབ་འབྱམས་གཞུང་བརྒྱའི་མངའ་བདག་རྗེ་བཙུན་གྲགས་པ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅོ་ལྔ་བའི་ལྕགས་རྟ་༡༨༧༠ཡས་མས་སུ་ཨ་མདོའི་འབྲོག་སྡེ་ཆེན་པོ་ཡུལ་དངུལ་རྭ་ལྷ་སྡེར་སྐུ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཡུམ་ལྷ་ཁོ་ཞེས་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ནར་སོན་པ་ན་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་མཁས་གྲུབ་ཆེན་པོ་རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་གྲགས་པ་རྒྱ་མཚོ་ཞེས་གསོལ། མཁས་པའི་འབྱུང་གནས་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ནས་མཁས་དབང་དམེ་ཤུལ་འཇམ་དབྱངས་ཚུལ་ཁྲིམས་ཚང་དགེ་རྒན་གྱི་གཙོ་བོར་བསྟེན་ནས་འཛིན་གྲྭ་རིམ་བགྲོད་ཀྱིས་བསྡུས་གྲྭ་ནས་མཛོད་འདུལ་གྱི་བར་ཞིབ་ཏུ་སྦྱངས་པས་མཚུངས་མེད་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་པར་མ་ཟད། མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། རྗེ་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་སོགས་བསྟེན་ནས་སྔགས་ཕྱོགས་ཀྱི་དབང་ལུང་མན་ངག་ཁྲིད་རྒྱུན་དཔག་ཏུ་མེད་པ་གསན་ཏེ་མན་ངག་རྒྱ་མཚོའི་གཏེར་མཛོད་དུ་གྱུར། ཀུན་མཁྱེན་སྐུ་ཕྲེང་བཞི་བ་མཆོག་གི་མཚན་ཞབས་དང་། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་མཆོག་གི་ཡོངས་འཛིན་དུ་བཞུགས་ནས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ། བཙུན་པའི་ཡོན་ཏན་བསླབ་གསུམ་ཉམས་བཞེས་གང་གི་ཆ་ནས་ཀྱང་མཁས་པ་མགུ་བ་སྐྱེད་པའི་དེད་དཔོན་དུ་གྱུར། ལྷག་པར་དུ་དབུས་གཙང་དང་མདོ་སྨད་ཀྱི་ཡུལ་གྲུ་དུ་མར་ཕེབས་ནས་དཔེ་ཁྲིད་དང་། དབང་རྗེས་གནང་། ཁྲིད་བཤད་ལུང་མང་དུ་སྩལ་བས་བུ་སློབ་ཀྱིས་ས་སྟེང་ཁྱབ་པར་གྱུར། མཐར་སྤྱི་ལོ་༡༩༥༡ལོའི་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཙ་ཡུས་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་པོད་སྟོད་སྨད་གཉིས་ད་ལྟ་པར་སྐྲུན་བྱས་ཟིན་ཀྱང་། ད་དུང་ལག་ཏུ་མ་ཆུད་པའི་གྲས་ལས་འདུལ་སྡོམ་གྱི་འགྲེལ་བའི་གཞི་སྨད་དང་། གནས་རི་པདྨ་ཅན་གྱི་རྟེན་གཙོ་འཇམ་པའི་དབྱངས་ཀྱི་སྐོར་ཚད་དང་གནས་བསྟོད། རྗེ་གུང་ཐང་བློ་གྲོས་ཚང་གི་རྟོགས་བརྗོད་ཚིགས་བཅད་མ་སོགས་ཡིན་ལ། ངག་རྒྱུན་ལ་ཁོང་གིས་མཛད་པའི་ཕར་ཕྱིན་ཆ་ཚང་ཞིག་ཡོད་པར་བཤད་ཀྱང་ད་སྔ་མཐོང་ཐོས་དཀོན་ཞིང་། ཆབ་ཤོག་ཀྱང་མི་ཉུང་བ་ཞིག་བཞུགས་པར་སྣང་ཡང་མཐོང་དཀོན་པས་འབྲེལ་ཡོད་དག་གིས་བྱ་བཞག་འདི་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་མ་ཆུང་ཞེས་ཞུ་བ་ལགས་སོ། །
ཞེས་འདུ་གསུམ་པ་སྐུ་བློ་བཟང་རྒྱ་མཚོས་སྤྱི་ལོ ༢༠༢༤ཟླ ༧པའི ༢ཚེས་ལ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་བྲིས་པའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn