མདོ་སྨད་ཤིང་ཀུན་སྡེ་གསར་རམ་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་དུ་ཉར་བའི་ཤར་བ་བརྩོན་འགྲུས་རིན་ཆེན་གྱི་རྣམ་ཐར་ཚིགས་བཅད་མ་དང་སྒོ་མོ་ཆེའི་བླ་རབས་ཀྱི་ཡིག་ཆ་འོས་སྦྱོར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-01-04 23:31:10     རྩོམ་པ་པོ།   གཙོས་ཤེས་རབ་རྒྱ་མཚོས་འོས་སྦྱོ    ཀློག་ཐེངས།  

མདོ་སྨད་ཤར་གྲུ་གུའི་ཡུལ་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དངོས་སློབ་ཤར་བ་བརྩོན་འགྲུས་རིན་ཆེན་གྱི་རྣམ་ཐར་ཚིགས་བཅད་མ་འདི་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་ཀ་ཇུ་ཧེ་རིགས་རང་སྐྱོང་ཁུལ།ཁང་ལད་རྫོང་གི་མེན་ལོ་ཡུལ་ཚོའི་ཝ་ཐན་སྲིད་འཛིན་སྡེ་བའི་ཝ་ཏི་ཧྲད་གོང་མའི་སྡེ་བའི་རི་ངོས་སུ་ཆགས་པའི་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་དུ་ཉར་ཡོད་ལ། དགོན་པ་འདིའི་ཐོག་མ་ནི་རྒྱའི་ཡིག་ཚང་ལྟར་ན་སྤྱི་ལོ་༨༤ལོར་བཏབས་ཏེ་ད་བར་ལོ་ངོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ལྷག་སོན་པར་བཤད་ཅིང་། རྒྱའི་ལོ་རྒྱུས་ཐོག་ཏཱ་ཧྥོ་ཟི། ཏཱ་ཧྲིན་ཧྲོའི་པོ་ཅི་ཟི། ཀྲིན་ཀྱོ་ཟི། ཞི་ཧྥིན་ཝོ་ཟི་སོགས་འབོད་སྲོལ་དུ་མ་བྱུང་ཡོད།  བོད་རྣམས་ཀྱིས་འདི་ལ་ཤིང་ཀུན་སྡེ་གསར་དང་།  རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ་མ་གལ་དགོན།  དགའ་ལྡན་ཆོས་འབྱུང་དང་མདོ་སྨད་ཆོས་འབྱུང་སོགས་སུ་ཤར་ཡུལ་དང་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་། ཀུན་མཁྱེན་བཞི་བས་༡༩༠༨ལོར་གནང་བའི་བཀའ་ཤོག་ཅིག་ཏུ་དགོན་མོ་ཆེ་ཞེས་ཀྱང་འབོད།  དེ་ཡང་ཧོར་གྱི་དུས་སུ་ས་སྐྱ་བས་ཀླུ་ཆུའི་སྟོད་སྨད་བར་གསུམ་དུ་ཤིང་ཀུན་སྡེ་གསར་འདི་དང་།ད་ལྟའི་ལེན་ཐོ་རྫོང་གི་པཱོ་ཐ་ཟིའམ་ཤིང་ཀུན་སྡེ་ཆེན། ཅོ་ནེ་དགོན་ཆེན་སོགས་ཀྱིས་གཙོས་དགོན་མ་ལག་བརྒྱ་ཕྲག་ལྷག་བཏབས་པ་ལས་ཤིང་ཀུན་དགོན་གོང་འོག་གམ་ཆོས་སྡེ་ཕན་ཚུན་དུ་འབོད་པའི་དགོན་པ་འདི་གཉིས་ནི་མདོ་སྨད་ཀྱི་བསྟན་པའི་གནས་གཞི་ཆེན་པོར་ཆགས་ཏེ་དབུས་གཙང་གཉིས་པའི་མཚན་སྙན་འབར།དེ་རྗེས་ས་ཆ་འདི་ནས་འཁྲུངས་པའི་ཤར་བ་བརྩོན་འགྲུས་རིན་ཆེན་པས་དགེ་དགོན་དུ་བསྒྱུར་ཏེ་དབོན་རྒྱུད་རིམ་བྱུང་གིས་ཤིང་ཀུན་དགོན་གོང་འོག་གཉིས་ཀ་བསྐྱངས་ཤིང་ཆོ་འཕྲུལ་སྨོན་ལམ་བཙུགས་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས།དེའི་ཚུལ་རྣམ་ཐར་ཚིགས་བཅད་མ་འདིར་ཤིན་ཏུ་གསལ་ཞིང་།དེ་ཡང་དགའ་ལྡན་ཆོས་འབྱུང་དུ་ཆོས་རྗེ་བརྩོན་འགྲུས་རིན་ཆེན་པས་ཤར་ཡུལ་དུ་བསྟན་པ་བསྐྱངས།སྒྲུབ་པ་མཛད་པས་འགྱོད་མེད་ཀྱི་གདེངས་བརྙེས།ཞེས་དང་།མདོ་སྨད་ཆོས་འབྱུང་དུ།སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་ནི་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དངོས་སློབ་ཤར་བ་བརྩོན་འགྲུས་རིན་ཆེན་གྱི་གདན་ས་ཡིན་ལ།ཞེས་དང་།ཡང་དེར་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་གསུངས་ཡོད་པ་དེའི་རྩོམ་གདན་ཡང་རྣམ་ཐར་ཚིགས་བཅད་མ་འདི་ཡིན་ཞིང་།ཡིག་ཆ་དཀོན་གྲས་ཡིན་པས་ད་ཐེངས་འདིར་ཆེར་བསྐྱོད་ཀྱིས་ཏཱ་མེང་དུས་ཀྱི་བཀའ་ཤོག་(༡༤༡༢)དང་རྣམ་ཐར་ཚིགས་བཅད་མ།གཞན་དབོན་རབས་སམ་བླ་རབས་རིམ་བྱུང་གི་ལོ་རྒྱུས་བཅས་ཀྱི་ཡིག་ཆ་དེ་དག་ཨེ་རྙེད་ཀྱི་ཐབས་ཤེས་བཙལ་བས་ཕྱི་མོ་དངོས་ནི་བལྟ་མ་ཐུབ་མོད།སྤྱི་ལོ་༡༩༨༣ལོར་དེ་སྔའི་ཀ་ཇུའི་ཡིག་ཚགས་ཁང་གི་མགོ་གཙོ་ཧྥན་ཀྲིན་གོས་(范振国)པར་ལེན་བསྐྱར་བཤུས་བརྒྱབ་པའི་བསྐྱར་པར་དག་མ་ཞིག་དགོན་པ་འདིར་ཉར་ཡོད་པ་ལས་བཤུས་ཏེ་ཕྱོགས་འདི་ལ་ཞིབ་འཇུག་གནང་མཁན་དག་ལ་ཕན་ཕྱིར་མཚམས་སྦྱོར་བཞུས་པ་ཡིན།

དང་པོ།  ཤར་པ་བརྩོན་འགྲུས་རིན་ཆེན་གྱི་རྣམ་ཐར་ཚིགས་བཅད་མ། (འདི་རང་རྣམ་ཡིན།)

༄༅། །ན་མོ་གུ་རུ། གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི།  །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།  །བརྩོན་རིན་བདག་གི་རྣམ་ཐར་མདོར་བསྡུས་ན།  །སྐྱེས་ཡུལ་མདོ་སྨད་ཤར་ཡུལ་མཐིལ་དུ་སྐྱེས།  །ཕ་ནི་དེ་གུ་ཧོར་ཕན་ཞེས་བྱ་དང་།  །མ་ནི་འབྲོ་བཟའ་བསོད་ནམས་འཚོ་ཞེས་བྱ།  །སྐྱེས་ནས་ལོ་བརྒྱད་ལོན་ཚེ་ཚེགས་མེད་པར།  །གསུང་རབ་ཀློག་པ་སོགས་ལ་མཁས་གྱུར་པས།  །ཤེས་རབ་རང་རྡོལ་བྱུང་ཞེས་མཁས་རྣམས་གླེང་།  །དེ་ཚེ་ཡུལ་དེར་བཞུགས་པའི་བླ་ཆེན་ནི།  །དབུས་གཙང་ཕྱོགས་སུ་ལོ་གྲངས་བཅོ་བརྒྱད་བར།  །མཚན་ཉིད་གསང་སྔགས་ཀུན་ལ་སྦྱངས་པ་ཡི།  །བསྟན་འཛིན་ཆེན་པོ་ལྷ་བླ་མ་ཞེས་པས།  །ཁྱེའུ་ཤེས་རབ་ཅན་ཞིག་འདུག་གོ་ཞེས།  །གསན་ནས་ཁྱེའུའི་མྱེས་པོ་ལས་སོགས་ལ།  །ཅིས་ཀྱང་ངེད་ཀྱི་སློབ་མར་འབུལ་དགོས་ཞེས།  །ཞ་ད་(ཞལ་ཏ་)ནན་ཆེར་གནང་བ་ལ་བརྟེན་ནས།  །ལོ་གྲངས་བཅུ་གཅིག་ལོ(ན)་ཚེ་ཁོང་ལ་ཕུལ།  །ཁོང་གིས་བུ་གཅིག་པ་བཞིན་གཅེས་པར་བསྐྱངས།  །རབ་ཏུ་བྱུང་ཞིང་ཐོག་མར་ཕར་ཕྱིན་གཞུང་།  །འཛིན་དུ་བཅུག་ནས་སྦྱོར་བ་བརྩི་བ་དང་།  །གཞུང་བཤད་ཐོག་(ཏོག་)ཙམ་མཛད་ཅིང་དེ་རྗེས་སུ།  །སྔགས་ཀྱི་སྒྲུབ་དཀྱིལ་དུ་མ་འཛིན་བཅུག་ནས།  །བཀའ་ལུང་འགྲིག་ཆགས་ལ་སོགས་ལེགས་པར་གནང་།  །དེ་ནས་ཁོང་གིས་བདག་རྐྱེན་མཛད་པ་དང་།  །རང་གི་ཤུགས་དྲག་དད་པས་ཡིད་བསྐྱོད་པས།  །ལོ་གྲངས་ཉི་ཤུ་རྩ་དྲུག་ལོན་པའི་ཚེ།  །འབད་རྩོལ་ཆེན་པོས་བོད་ཡུལ་དབུས་སུ་ཕྱིན།  །དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ཏུ།  །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།  །རྒྱལ་ཚབ་ཆོས་རྗེ་དར་མ་རིན་ཆེན་དང་།  །ཆོས་རྗེས་(རྗེ་)འདུལ་བ་འཛིན་པ་རྣམ་གཉིས་ཀྱིས།  །མཁན་སློབ་མཛད་ཅིང་འདུལ་འཛིན་བཅུ་ཕྲག་གཅིག །ཚོགས་པའི་དབུས་སུ་གཞི་ནས་རབ་བྱུང་དང་།  །བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་མནོས།  །བསླབ་པ་ཚུལ་བཞིན་སྲུང་བ་གཞིར་བཞག་ནས།  །རྡོ་རྗེ་འཛིན་པ་དུ་མའི་སྤྱན་སྔ་རུ།  །སྨིན་བྱེད་དབང་དང་རྗེས་གནང་(མང་དུ་)ཞུས།  །མཁས་པའི་དབང་པོ་དུ་མའི་སྤྱན་སྔ་རུ།  །ལོ་གྲངས་བཅོ་ལྔར་གཞུང་ལུགས་དུ་མ་བསླབས།  །ཕར་ཚད་གཉིས་དང་རྩ་འཇུག་གཞི་(བཞི་)གསུམ་དང་།  །འདུལ་བ་མངོན་པ་གོང་འོག་རྒྱུད་བླ་དང་།  །སྤྱོད་འཇུག་རྣམས་ལ་གཙོ་བོར་ཞིབ་ཏུ་སྦྱངས།  །གཞན་ཡང་ཚད་མ་སྡེ་བདུན་མདོ་དང་བཅས།  །དབུ་མ་རིགས་ཚོགས་དྲུག་དང་བྱམས་ཆོས་ལྔ།  །བསླབ་བཏུས་ལ་སོགས་བསྟན་བཅོས་ཕལ་ཆེར་ཉན།  །ཁྱད་པར་གསང་བ་འདུས་པའི་རྒྱུད་རྒྱལ་དང་།  །བདེ་མཆོག་རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད།  །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལ་སོགས་པ།  །ལེགས་པར་སྦྱངས་ཤིང་ཐེ་ཚོམ་ཆོད་པར་བྱས།  །འདུས་པའི་རྫོགས་རིམ་རིམ་པ་ལྔ་བ་དང་།  །བདེ་མཆོག་ལོ་(ལཱུ་)དྲིལ་གཉིས་ཀྱི་རྫོགས་རིམ་དང་།  །ན་རོའི་ཆོས་དྲུག་སྦྱོར་དྲུག་ལ་སོགས་པའི།  །བསྐྱེད་རྫོགས་མན་ངག་རྣམས་ལ་ལན་མང་དུ།  །ཐོས་བསམ་སྒོ་ནས་སྒྲོ་འདོགས་བཅད་བྱས་ཤིང་།  །སྒོམ་པས་ཉམས་སུ་ལེན་པའི་ཁུར་ཡང་བཟུང་།  །གསང་འདུས་དུས་འཁོར་རྡོར་དབྱིངས་ལ་སོགས་པ།  །རྒྱུད་སྡེའི་ཆོ་ག་ཆེན་པོ་དུ་མ་ཡི།  །ལག་ལེན་གོ་དོན་བྲི་ཐིག་གར་དབྱངས་སོགས།  །ཀུན་ལ་གཞན་དྲིང་མི་འཇོག་སྤོབས་པ་བརྙེས།  །མདོ་རྒྱུད་མན་ངག་འཆད་རྩོད་རྩོམ་ཀུན་ལ།  །མཁས་མང་འདུན་སར་མཁས་པའི་གྲགས་པ་ཐོབ།  །དེ་མས་ལོ་གྲངས་བཞི་བཅུ་ལོན་པའི་ཚེ།  །སླར་ཡང་མདོ་སྨད་ཤར་ཡུལ་ཕྱོགས་འདིར་འོང་།  །རང་གིས་རྟོགས་པའི་ལེགས་བཤད་གཏམ་འདི་དག །སྐལ་ལྡན་འགའ་ལ་ལེགས་པར་བསྟན་བྱས་ཏེ།  །རྒྱལ་བའི་བསྟན་པ་འཕེལ་ན་ཅི་མ་རུང་།  །སྙམ་པའི་བསམ་པས་ལོ་གྲངས་དུ་མའི་བར།  །སྡེ་སྣོད་རྒྱུད་སྡེ་གཞུང་ཆེན་དུ་མ་དང་།  །ལམ་གྱི་རིམ་པ་རྣམས་དང་བསླབ་བྱ་རྣམས།  །འབད་པས་བཤད་ཅིང་གང་ལ་གང་འཁོ་(མཁོ་)བའི།  །བཀའ་ལུང་རྗེས་གནང་ལག་ལེན་འགྲིག་ཆགས་དང་།  །སྐྱེད་(བསྐྱེད་)རྫོགས་མན་དག་(ངག་)ལས་ཚོགས་སྦྱིན་བསྲེག་སོགས།  །ཀུན་ལ་ཉེར་འཁོའི་(མཁོའི)ཆོས་རྣམས་རྒྱ་ཆེར་བསྟན།  །ལྷག་པར་བསྟན་པའི་རྩ་བ་ཚུགས་ཕྱིར་དུ།  །འདུལ་བའི་གཞུང་ལུགས་རྣམས་ནས་བཤད་པ་བཞིན།  །སྒྲུབ་(བསྒྲུབ་)བྱ་རྣམས་ལ་རབ་བྱུང་བསྙེན་རྫོགས་ཀྱི།  །ཆོ་ག་རྣམ་པར་དག་པས་སྡོམ་པ་བྱིན།  །སོ་སོའི་བསླབ་བྱ་རྣམས་དང་ལས་འབྲས་ཀྱི།  །འདོར་ལེན་བྱེད་ཚུལ་རྒྱས་པར་ཡང་ཡང་བཤད།  །ཐ་ན་ཁྱིམ་པ་རྣམས་ལ་བསྙེན་གནས་ཀྱི།  །སྡོམ་པ་བྱིན་ནས་སྐྱབས་འགྲོ་ཡིག་དྲུག་དང་།  །གསུང་རབ་འབྲི་འདོན་སྦྱིན་གཏོང་ལ་སོགས་པ།  །དགེ་བ་དུ་མའི་ལས་ལ་ལེགས་པར་སྦྱར།  །ཁ་ཡི་ཆོས་བཤད་ཙམ་ལ་མ་བཞག་པར།  །རང་གི་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས།  །ཅི་ནུས་ཉམས་སུ་ལེན་པ་གཞིར་བཞག་ནས།  །གཙུག་ལག་ཁང་དང་མཆོད་རྟེན་བརྩིག་(བརྩིགས་)པ་དང་།  །སྐུ་གཟུགས་བཞེངས་དང་གསུང་རབ་འབྲི་འདོན་དང་།  །དཀྱིལ་འཁོར་སྒྲུབ་མཆོད་སྦྱིན་བསྲེག་དུས་གཏོར་དང་།  །སྦྱིན་གཏོང་ལ་སོགས་དགེ་བའི་བྱ་བ་རྣམས།  །དུས་རྣམས་ཀུན་ཏུ་གཡེལ་བ་མེད་པར་བྱས།  །མདོར་ན་ལུས་ཀྱིས་ཕྱག་དང་བསྐོར་བ་དང་།  །ངག་གི་(གིས་)བཟླས་བརྗོད་བསྟོད་པ་སྨོན་ལམ་དང་།  །ཡིད་ཀྱིས་ལྟ་བ་སྙིང་རྗེ་སྒོམ་པ་སོགས།  །སྒོ་གསུམ་དགེ་ལ་བརྩོན་པས་མི་ཚེ་བསྐྱལ།  །ད་དུང་ཚེ་ཡི་ལྷག་མ་གང་ཡོད་དེ།  །བཤད་སྒྲུབ་བསྟན་པའི་བྱ་བ་འབའ་ཞིག་གིས།  །ཉིན་མཚན་འདས་པར་བྱས་ནས་འཆི་བའི་ཚེ།  །འགྱོད་པ་མེད་པར་དགའ་བཞིན་ཚེ་འཕོས་ཏེ།  །རྒྱལ་བའི་ཞིང་ཁམས་མཆོག་ཏུ་སྐྱེས་གྱུར་ནས།  །རྒྱལ་བ་སྲས་བཅས་མཉེས་པར་བྱེད་པར་སྨོན།  །རང་གི་རྣམ་ཐར་མདོར་བསྡུས་འདི།  །རང་གི་ཡིད་རང་འཕེལ་ཕྱིར་དང་།  །རང་གི་ཡོན་ཏན་བསྟན་ཕྱིར་དུ།  །རང་གི་གནས་ལུགས་བརྗོད་པའོ།  །ཆོས་རྒྱུས་མེད་པའི་སྐྱེ་བོ་རྣམས།  །འཇིག་རྟེན་པ་ཡི་བར་བིར་འགའ།  །ཐོས་ན་ངོ་མཚར་སྐྱེ་འགྱུར་གྱི།  །འདི་ལ་ངོ་མཚར་ཅི་ཡང་མེད།  །ཆོས་རྒྱུས་ཆེ་བས་འདི་མཐོང་ནས།  །གཟུ་བོར་གནས་པའི་བློས་བསམ་ན།  །འདི་ལ་ངོ་མཚར་སྐྱེ་བར་འགྱུར། །        ། །མངྒ་ལཾ།    བྷ་ཝནྟི།།     །།

གཉིས་པ།  ཤིང་ཀུན་སྡེ་གསར་རམ་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་གི་བླ་རབས་རིམ་བྱུང་། 

བླ་རབས་ཡིག་ཆ་འདིར་ཤར་བ་བརྩོན་འགྲུས་རིན་ཆེན་གྱིས་ཤིང་ཀུན་སྡེ་གསར་འདི་ཉིད་དགེ་དགོན་དུ་བསྒྱུར་བ་ནས་བརྩིས་པའི་བླ་རབས་ཡིན་པ་ལས་དེའི་གོང་གི་ས་སྐྱའི་བླ་རབས་དག་བགྲངས་མེད་དོ།། འདིར་ཤར་བ་བརྩོན་རིན་པ་ནས་བླ་རབས་བཅོ་ལྔ་བའི་བར་དང་།དེ་རྗེས་ཁ་བསབ་ཀྱི་བླ་རབས་བཞི་དང་།དེ་ནས་ཡང་ཁ་བསབ་ཀྱི་བླ་རབས་གཉིས་བཅས་བསྡོམས་པས་བླ་རབས་ཉེར་གཅིག་བྱུང་བ་ཡིག་མཁན་མི་འདྲ་བས་དུས་སྐབས་སོ་སོར་བྲིས་པར་བལྟས་པས་ཤེས་ལ།མ་ཟད་མདོ་སྨད་ཆོས་འབྱུང་མཛད་དུས་བླ་རབས་བཅོ་ལྔ་བ་ངག་དབང་དོན་གྲུབ་བར་ཙམ་ལས་སོན་མེད་པ་མདོ་སྨད་ཆོས་འབྱུང་དུ་བླ་རབས་དེའི་བར་མ་གཏོགས་བྲིས་མེད་པས་ཤེས།དེས་ན་ཡིག་ཚགས་འདིར་ཁ་བསབ་བླ་རབས་དྲུག་ཙམ་བྱུང་བ་འདི་ཡང་ཤིན་ཏུ་རྩ་ཆེ་བར་འདུག་པས་ཇི་བཞིན་བཤུས་ཏེ་མཚམས་སྦྱོར་ཞུས་པ་ཡིན།

   ༄༅།།      །།དེ་ནས་རིམ་པར་བླ་རབས་བརྒྱུད་པ་ནི། མཁས་བཙུན་བཟང་པོ། ཆོས་ཀྱི་དབང་ཕྱུག །ཆོས་བཟང་། དོན་གྲུབ་རྒྱལ་པོ། ཆོས་དབང་གྲུགས་(གྲགས་) པ། དཔལ་འབྱོར་སེངྒེ། རྣམ་རྒྱལ་རྒྱལ་མཚན། མཚན་བརྗོད་པར་དཀའ་བ་རྒྱལ་བའི་སྲས་པོ་དཔལ་འབྱོར་སེང་གེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་གཞན་དོན་དུ་གཤེགས་ཁར་ཞལ་ཆེམས་ཕྱག་བྲིས་སུ་གནང་བ་འདི་ལྟར། བདག་དཔལ་ལྡན་སེང་གེ་འཇིག་རྟེན་གྱི་གདུལ་བྱའི་སྣང་བ་ད་ལྟ་རྫོགས་པ་ཡིན། ད་འདི་ནས་ཚེའི་འདུ་བྱེད་བཏང་ལ། དགའ་ལྡན་དུ་རྒྱལ་བ་བྱམས་པའི་དྲུང་དུང་། གནས་ཡིད་དགའ་ཆོས་འཛིན་དུ་པདྨ་སྟོང་ལྡན་གྱི་སྟེང་དུ་ལྷའི་བུ་རྣམ་དཔྱོད་མཆོག་ཏུ་གྱུར་བ་ཞིག་ཏུ་སྐྱེ་བ་བླངས་ནས་རྗེ་བཙུན་གྱི་གསུང་གི་བདུད་རྩི་ངོམས་པ་མེད་པར་ལོངས་སྤྱོད། ཨ་ལ་ལ་ཧོ་ཞེས་གསུངས་སོ། ། དཔལ་འབྱོར་གངས་ེིའི་སྤོ་ལ་གནས་བཅས་ཤིང་།  །ཕུན་ཚོགས་དགེ་ལེགས་དུ་མའི་རལ་ཁུལ་(ཁུར་)འཛིན།  །རྣམ་དཀར་མཛད་པའི་སྡེར་ཕྲེང་ཆེར་གཡོ་བའི།  །མཁས་ཆོག་སྨྲ་བའི་སེང་གེ་དེ་ལ་འདུད།  །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྐབས་དོན་རྣམ་ཐར་གྱི་ཚིག་འགའ་བརྗོད་པ་ལ། བདག་ཅག་གི་རྗེ་བླ་མ་དེ་ནི་དྲུང་བ་རིན་པོ་ཆེའི་གདུང་རྒྱུད་དྲུག་པ་ཡིན་ལ། གཞོན་ནུའི་དུས་ནས་རྒྱལ་བའི་ཆོས་སྒོར་ཞུགས་ཏེ། ཐོས་བསམ་ལ་ཤིན་ཏུ་བརྩོན་པར་མཛད་ཅིང་། དགུང་ལོ་ཉི་ཤུ་རྩ་བདུན་གྱི་ཐོག་དབུས་སུ་བྱོན་ནས་ཐུགས་སྦྱོང་མཛད། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་ཐུགས་སྦྱོང་རྒྱ་ཆེན་པོ་མཛད། བྱང་ངམ་རིང་། གངས་ཅན་ཆོས་འཕེལ། དཔལ་དགོན་(འཁོར་)སྡེ་(བདེ་)ཆེན་སོགས་སུ་ཕེབས་ཏེ་མཁས་མང་མགུ་བར་བྱེད་པའི་གྲ་(གྲྭ་)སྐོར་ཟླ་མེད་པ་མཛད་མས་རབ་འབྱམས་སྨྲ་བའི་མཚན་གསོལ། སླར་ཡང་དབུས་སུ་བྱོན་ནས་སྔགས་ཀྱི་གྲྭ་ཚང་རྒྱུད་སྟོད་སྨད་རྣམས་སུ་འབྲས་བུ་རྡོ་རྗེ་ཐེག་པའི་རྣམ་བཞག་མ་ལུས་པ་ཐུགས་སུ་ཆུད། དེ་ནས་གདུལ་བྱ་སྨིན་ཕྱིར་དུ་མདོ་སྨད་དུ་བྱོན་ནས་སྡེ་དཔོན་ཅོའུ་སྤེ་ཆན་པེ་གདུང་རྒྱུད་བརྒྱད་པ་གན་ཅུ་ཡོ་གི་ཅོ་ཏུང་རྫུང་གིས་གཙོ་བྱས། །མ་གལ་གྱི་དཔོན་ཡབ་སྲས་ལ་སོགས་པའི་དད་ལྡན་གྱི་འགྲོ་བ་རྣམས་དགེ་བའི་ལམ་ལ་བཀོད། སྡེ་ཕ་(ཕན་)ཚུན་གྱི་གཙུག་ལག་ཁང་ཞིག་གསོས་མཛད།  དེ་ནས་བན་ལིས་རྒྱལ་པོས་གདན་དྲངས་ནས་རྒྱ་ནག་ཕོ་བྲང་དུ་བྱོན། རྒྱལ་པོ་ལ་དབང་ལུང་རིམ་འགྲོ་(གྲོ)སོགས་མང་བོ་མཛད། དེ་ནས་འཇམ་པའི་དབྱངས་ཀྱི་གནས་རི་བོ་རྩེ་ལྔར་བྱོན་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྨོན་ལམ་རྣམ་པར་དག་པས་འཚམ་(མཚམས་)སྦྱར། སླར་རྒྱལ་བོ་ལ་གནང་བ་ཞུས་ནས་རང་གི་གདན་སར་ཕེབས། རྒྱལ་བའི་གསུང་ེབ་བཀའ་འགྱུར་ལ་སོགས་པ་སྐུ་གསུང་ཐུགས་རྟེན་མང་བོ་བཞེངས།  །རྩང་(གཙང་)དབུས་སུ་རྒྱལ་བ་ཡབ་སྲས་ལ་བསྙེན་བཀུར་དང་། གྲྭ་ས་སོ་སོར་མང་འགྱེད་སོགས་གཏོང་སྒོ་བྱེད་པའི་འགྲུལ་བ་སྔ་ཕྱི་ལན་མང་བོ་བརྫང་(བརྫངས)། སྡེ་ཕན་ཚུན་དུ་སྨོན་ལམ་ཆེན་མོ་བཙུགས། རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་བར་མཛད། དེ་ནས་དགུང་ལོ་དྲུག་བཅུ་(ཅུ་)རེ་ལྔ་ལ་སྐུ་ཚེ་དེའི་གདུལ་བྱ་རྣམས་འདུལ་བའི་ཕེན་(འཕེན་)པ་རྫོགས་ནས་གཞན་དོན་དུ་གཤེགས། སྐྱེས་རབས་ཀྱི་གདུལ་བྱ་རྣམས་བསོད་ནམས་བསོགས་པའི་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་ལ་སོགས་པ་རིང་བསྲེལ་རིགས་ལྔ་བྱོ། དེ་རྣམས་ལ་ཆོས་སྡེ་ཕན་ཚུན་ནས་གསེར་བཟང་(ཟངས་)ལས་གྲུབ་པའི་མཆོད་རྟེན་གཉིས་བཞེངས། ཞལ་ཆེམ་(ཆེམས་)ནས་བྱང་ཆུབ་རྒྱ་(རྒྱན་)འབུམ་གྱིས་བཀྲ་ཤིས་མཆོད་རྟེན་བཞེངས་པར་བྱ་གསུངས། དེ་ལྟར་བཞེངས་པའི་དགེ་བ་མ་ལུས་པ། (།)ཕྱོགས་གཅིག་བསྡོམས་པ་དེ་ཡིས་བདག་ཅག་རྣམས། (།)སྐྱེས་(སྐྱེ་)དང་སྐྱེ་བའི་ཚེ་རབས་ཐམས་ཅད་དུ། (།)ཁྱོད་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་གྱུར་ཅིག།   །།

   དེ་ནས་བླ་རབས་ཕྱི་མ་རྣམས་རིམ་པར། རྣམ་རྒྱལ་རྒྱལ་མཚན། བློ་བཟང་རྒྱལ་མཚན། བློ་བཟང་ཐོས་མིང་(མང་)། བློ་བཟང་ཚུལ་ཁྲིམས། བློ་བཟང་ཆོས་འབྱོར།  བློ་བཟང་མགོན་པོ། བློ་བཟང་ཆོས་འཕེལ། ངག་དབང་དོན་གྲུབ་རྣཾས་སོ།།   །།རྣམས་བསོད་(བསོད་ནམས་ཡིན་ངེས)བླ་མ།  །  སརྦ་མངྒ་ལཾ།།     །།རབ་འབྱམས་པ་བློ་བཟང་སེང་གེ། །རམ་(རབ་)འབྱམས་པ་བློ་བཟང་ཆོས་འཕེལ་། །རམ་(རབ་)འབྱམས་པ་དར་གྱིས(རྒྱས་)། །བཀའ་(དཀའ་)བཅུ་བཟོད་པ་རྒྱམ་(རྒྱ་)མཚོ།  ། རབ་འབྱམས་པ་སྦྱིན་པ་རྒྱ་མཚོ།  །སརྦ་མངྒ་ལཾ།།     །།ཆོས་རྗེའི་(རྗེ་)བློ་བཟང་ཤེས་རབ་རྒྱ་མཚོ། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།