ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པའི་《སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་》ཆེ་ལོང་ཙམ་གླེང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-09-29 15:54:29     རྩོམ་པ་པོ།   སྔོ་དེའུ་སྒོམ་པ་བཀྲ་ཤིས།    ཀློག་ཐེངས།  

ནང་དོནགནད་བསྡུས།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་ནི་སྙན་ངག་གི་རྩོམ་ལུས་སུ་བརྩམས་པའི་རྩོམ་ཡིགགྲགས་ཆེན་ཞིག་སྟེབརྩམས་ཆོས་དེ་ནི་བོད་དུ་ནང་བའི་ཆོས་ལུགས་ལ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་བ་ལས་ཕྱི་དར་ཐོག་མའི་སྐབས་བོད་བརྒྱུད་ནང་བསྟན་ལ་བསྲེ་བསླ་བྱུང་བསུན་འབྱིན་དང་དགག་ཞག་བྱེད་པའི་ཆེད་དུ་བརྩམས་ཤིང་།སྐབས་དེའི་སྤྱི་ཚོགས་སུ་ནང་བསྟན་ལ་དག་ཐེར་བྱེད་པའི་བྱ་བ་རྒྱ་ཆེན་པོ་བདེ་བླག་ཏུ་སྤེལ་བར་བསམ་བློའི་རྨང་གཞི་བསྐྲུན་པར་ཕན་ནུས་གལ་ཆེན་ཐོན་པ་དང་།བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འདས་པའི་ལོ་རྒྱུས་ཐོག་ཏུ་ལེགས་སྤེལ་ཉེས་འགོག་གི་ནུས་པ་ཆེན་པོ་ཐོན་པའི་བསྟན་བཅོས་ཧ་ཅང་འགངས་ཆེན་ཞིག་ཡིན་པར་མ་ཟདདེང་གི་དུས་སུའངང་ཚོས་འཚོ་བའི་ཁྲོད་ནས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་ཐད་ལམཛུབ་སྟོན་གྱི་དོན་སྙིང་ལྡན་པའི་སྙན་རྩོམ་གལ་ཆེན་ཞིག་ཡིན་ནོ།

གནད་ཚིགབསྟན་པ་ཕྱི་དར།ལྷ་བླ་མ་ཡེ་ཤེས་འོདསྔགས་ལོག་སུན་འབྱིན



བཙན་པོའི་གདུང་རྒྱུད་མངའ་རིས་གུ་གེའི་རྒྱལ་བོལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཁུ་དབོན་རྣམ་གཉིས་ནི།བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གལ་བོ་ཆེ་གཉིས་ཡིན་ཏེ།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་གསར་བཞེངས་མཛད་ཅིང་ལོ་ཆེན་རིན་ཆེན་བཟང་བོ་དང་ལོ་ཆུང་ལེགས་པའི་ཤེས་རབ་སོགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དུ་མ་སྐྱེད་སྲིང་བྱས་ནས་མདོ་སྔགས་ཀྱི་ཆོས་མང་བོབོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་དྲངས་ནསབོད་བརྒྱུད་ནང་བསྟན་ལ་དག་ཐེར་མཛདདཔལ་ན་ལེན་དྲའི་ཆོས་རྒྱུན་དང་ཕྱག་སྲོལ་དྲི་མ་མེད་པ་གངས་རིའི་ལྗོངས་སུ་ཁྱབ་གདལ་དུ་ཕྱིན་པར་ཕྱག་རྗེས་འགྲན་ཟླ་བྲལ་བ་བཞག།དེར་མ་ཟད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ད་དུང་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཏེ་རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་སྤྱི་དོན་དང་།བསྟན་པ་སྤྱིའི་ཁོག་ཕུབསམཆོད་སྦྱིན་ཆེན་མོའི་ཡིག་ཆདཀོན་མཆོག་མཆོད་པའི་གཞུང་རྟེན་ཐིག་རྩདཔལ་མངོན་པར་རྟོགས་པའི་ཊཱིཀ་དངརབ་གནས་ཀྱི་སྡོམ་སོགས་བསྟན་བཅོས་དུ་མ་མཛད་འདུག་ལ།བསྟན་བཅོས་དེ་དག་གི་ནང་ནས་ཀྱང་ཁོང་གིབརྩམས་ཆོས་གྲགས་ཆེན་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་[1]ནི།བོད་དུ་ནང་བའི་ཆོས་ལུགས་ལ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་བ་ལས་ཕྱི་དར་ཐོག་མའི་སྐབས་བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་ལ་ཚད་དང་རིམ་པ་མི་འདྲ་བའི་བསྲེ་བསླ་བྱུང་བའི་དངོས་ཡོད་གནས་སྟངས་ལ་སུན་འབྱིན་དང་དགག་ཞག་བྱེད་པའི་ཆེད་དུབརྩམས་ཤིང་།དེས་ཁོང་གི་སྐུ་དབོན་ལྷ་བཙུནབྱང་ཆུབ་འོད་ཀྱིསཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་ནས་བོད་བརྒྱུད་ནང་བསྟན་ལ་དག་ཐེར་བྱེད་པའི་བྱ་བ་རྒྱ་ཆེན་པོ་བདེ་བླག་ཏུ་སྤེལ་བར་སྤྱི་ཚོགས་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་བསྐྲུན་པབསྟན་བཅོས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འདས་པའི་ལོ་རྒྱུས་ཐོག་ཏུ་ལེགས་སྤེལ་ཉེས་འགོག་གི་ནུས་པ་ཆེན་པོ་ཐོན་པའི་བསྟན་བཅོས་ཧ་ཅང་འགངས་ཆེན་ཞིག་ཏུ་ཆགས་ཡོད་པ་སུས་ཀྱང་བསྙོན་དུ་མེད་། དེང་གི་དུས་སུའངང་ཚོས་འཚོ་བའི་ཁྲོད་ནས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་ཐད་ལམཛུབ་སྟོན་གྱི་དོན་སྙིང་ལྡན་པའི་བསྟན་བཅོསརིན་ཐང་དཔོག་པར་དཀའ་བ་ཞིག་ཡིན་མོད་ཀྱང་།ད་སྔ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཟེར་བ་སོགས་སུསྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་ཀྱིས་མཚོན་པའི་ལོ་རྒྱུས་ཐོག་གིསུན་འབྱིན་སྙན་ངག་གི་བརྩམས་ཆོས་གྲགས་ཆེན་གང་མང་ཞིགརྒན་པོ་སོ་མེད་ཀྱིས་ཡོས་འཆའ་བ་དང་།གཡག་ཞར་བས་རྩྭ་ཟ་བ་ལྟར་སྣང་མེད་ཟོམ་འཇོག་བྱས་འདུག་འི་རྐྱེན་གྱིབོད་ཀྱི་རྩོམ་རིག་ལ་དགའ་མོས་ཡོད་པའི་བློ་གསར་བུ་བ་ཚོས་བསྟན་བཅོས་དེ་རིགས་ཀྱི་གལ་ཆེན་རང་བཞིན་དང་དོན་སྙིང་ཤེས་རྟོགས་བྱེདཐུབ་ཀྱི་མི་འདུག་པའི་དངོས་ཡོད་གནད་དོན་ལ་དམིགས་ནསའདིར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་ཞེས་བྱ་བ་དེ་སྙན་ངག་གི་རྩོམ་ལུས་སུ་བརྩམས་པའི་བསྟན་བཅོསགལ་ཆེན་ཞིག་ཡིན་པའི་སྐོར་རང་བློས་ལྕོགས་ཚོད་ལྟར་ཆེ་ལོང་རགས་བསྡུས་ཙམཞིག་གླེང་བ་ལ།

དང་བོ།སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་མཛད་པའི་ལོ་རྒྱུས་རྒྱབ་ལྗོངས

བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་བོའི་མཐའ་མ་དར་མ་འུ་དུམ་བཙན་གྱིས་ཡུལ་དབུས་ཀྱི་བསྟན་པ་བསྣུབས་ཏེ་བོད་སིལ་བུར་ཐོར་རྗེས།མཐའ་དབུས་ཀུན་ཏུ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་ཅིང་།ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་པར་གྱུར་པའི་གནས་སྟངས་བྱུང་ནས།བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་མདོ་སྔགས་གཉིས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ལ་ཆག་ཆེ་ཉམ་ང་ཚབས་ཆེན་བྱུང་།ཆོས་འདུལ་བའི་བཅས་ཁྲིམས་དང་ལག་ལེན་ཉམས་ནས་དམ་ཆོས་ལྟར་སྣང་གིས་བོད་ཡུལ་གང་ཞིང་།གསང་སྔགས་ལ་ཁ་གཡར་བ་དང་གསང་སྔགས་ཀྱི་ཚིག་སྒྲ་ཇི་བཞིན་པར་བཟུང་ནས་འདོད་ཡོན་ལ་འཇོལ་ཉོག་ཏུ་སྤྱོད་པ་དང་།ལྷག་པར་དུ་ཕྱི་ནས་དར་བའི་ཆོས་ལོག་སྣ་ཚོགས་སྤྱི་ཚོགས་སུ་དར་ཁྱབ་ཏུ་ཕྱིན་པ་ནི།ལོ་ཙཱ་བ་རིན་ཆེན་བཟང་བོས་མཛད་པའི་དོན་གསལ་བསྡུས་པ་ཞེས་བྱ་བ་སྔགས་ལོག་སུན་འབྱིན་པའི་བསྟན་བཅོས་ལས། “དེ་ལྟར་གསང་སྔགས་ཀྱི་སྒོ་བཞི་གསུངས་པ་ལས་རྣལ་འབྱོར་ཆེན་པོའི་རྒྱུད་ད་ལྟ་ནང་པས་ཐབས་ཀྱི་རྒྱུད་དུ་བཏགས་པ་ནི།སྟོན་པས་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་ལ་བསྟན་པ་མ་མཛད་དེ།ཤིན་ཏུ་གསང་བ་ཉིད་དུ་གསུངས་ལ།ཤེས་རབ་ཤིན་ཏུ་ཆེ་བ་ལྡན་པའི་སྤྱོད་ཡུལ་དུ་གསུངས་ཤིང་།གསང་བའི་དོན་སྦས་ཏེ་བཀའ་སྩལ་པས།དགོངས་པས་གསུངས་པ་ཡང་ཤིན་ཏུ་མང་བའི་ཕྱིར་ཀུན་གྱི་ཐུན་མོང་མ་ཡིན་ཞིང་རྟོག་རྟོགས་པར་དཀའ་ལ། དགོངས་པའི་དོན་མ་ཤེས་ཏེ།སྒྲ་ཇི་བཞིན་པའི་རྗེས་སུ་འབྲངས་ནས། འཕགས་པའི་ལམ་དང་གོལ་ཞིང་ལོག་པར་སྤྱོད་པར་འགྱུར་བའི་ཉེས་པ་ཡང་ཆེན་པོ་ཡོད་པས།དམ་པའི་ཆོས་བོད་དུ་བསྒྱུར་བའི་སྐབས་སུ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་བསྒྱུར་བ་དང་།སྤྱོད་པ་ཡང་གཏན་བཀག་པ་ལས།ཕྱིས་བསྟན་པ་གནས་པའི་ཆ་ཉམས་ཤིང་།ལྷ་དང་མིའི་གཞུང་ལུགས་བཟང་པོ་ཕལ་ཆེར་ནུབ་པའི་སྐབས་སུ།སྔར་གསངས་ཏེ་རྒྱུད་ཀྱི་རྩ་བ་འགའ་ཙམ་བསྒྱུར་ནས་སྦས་པ་འཕེལ་བ་ལ།ལུང་དང་མན་ངག་མེད་པར་སྒྲ་ཇི་བཞིན་དུ་བཟུང་བ་དང་།ལོག་པར་སྤྱོད་པའི་གང་ཟག་གཞན་གྱིས་རང་བཟོར་བརྩམས་པ་དུ་མས་ཀྱང་ལྷད་པར་གྱུར་པས།གསང་སྔགས་ཀྱི་སྤྱོད་པ་སྐྱོན་མེད་པ་ལམ་གྱི་དམ་པར་གྱུར་པ་དེ་ཚུལ་མ་ཡིན་པར་སྤྱད་པའི་རྒྱུས་འགྲོ་བ་མང་པོ་ཆུད་ཟ་ཞིང་གསང་སྔགས་ལ་ཡང་ལོག་པར་སྤྱོད་པར་གྱུར་པས།”[2]ཞེས་དང་།ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་བ་ཅན་གོན།སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང་།དེ་ནས་དགག་དབྱེ་བྱེད་ཟེར་ཏེ་གྲོང་དུ་ཁྱིམ་ཐབ་བྱེད།མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་མཆོད་གནས་བྱེད།མི་དར་མ་ཤི་ན་འབུམ།གཞོན་པ་ལ་ཉི་ཁྲི།བྱིས་པ་ལ་བརྒྱད་སྟོང་བ་འདོན།ཀློག་མཁན་ཤེས་རབ་ཆེ་བ་འགའ་ཟུང་གིས་ཊཱིཀ་བཀླགས་ནས་དམར་པོ་འདི་དོན་བསྡུས་པ་དེ་ཡིན་པར་འདུག།ནག་པོ་འདིས་དེ་རྒྱས་སུ་འཆད་པར་འདུག།ཡིག་ཆུང་འདིས་དེ་ལ་དོགས་པ་དཔྱད་པར་འདུག་ཟེར་ནས་རྩལ་བཤད་བྱེད་པ་བག་རེ་བྱུང་།སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ།གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ།སྦྱོར་དགྲོལ་དང་བམ་སྒྲུབ་དར་བས་མི་ལ་གསོན་དགྲོལ་བྱེད་པ་ཅིག་བྱུང་།”[3]ཞེས་གསུངས་པ་ལྟར་ལ།རྒྱ་བལ་གྱི་ས་ནས་པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་དང་།ཙར་ཡ་དམར་བོ་ཟེར་བ་སོགས་བོད་དུ་འོངས་ཏེ་སྦྱོར་སྒྲོལ་དང་།སྨན་སྒྲུབ། བམ་སྒྲུབ།མཆོད་སྒྲུབ་ཟེར་བ་སོགས་ཀྱི་ཆོས་ལོག་སྤེལ་ནས།འབངས་ཕལ་བ་རྣམས་ཀྱིས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་དཀའ་བར་ཆགས་པའི་དངོས་ཡོད་གནས་སྟངས་ལ་དམིགས་ནས།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས》(འདི་མན་དུ་སྔགས་ལོག་སུན་འབྱིན་ཞེས་བརྗོད་རྒྱུ།ཞེས་བྱ་བའི་བསྟན་བཅོས་གྲགས་ཆེན་དེ་བརྩམས་ཤིང་།མདོ་དབུས་ཁམས་གསུམ་ཀུན་ཏུ་བཀྲམ་པ་ལ་སྐབས་དེའི་མཁས་ཤིང་གྲུབ་པའི་སྐྱེ་བོ་མཐའ་དག་གིས་དགའ་མགུ་ཡི་རང་ཞུས་ཏེ་རྒྱལ་བའི་བཀའ་ལྟར་ཚད་མར་བཟུང་ཚུལ་ནི།ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས། “སྡིག་པར་སྤྱོད་ཅིང་ལོག་པར་སྨྲ་བར་རྣམས།དེ་དག་ལས་བཟློག་པའི་ཕྱིར། སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་བརྩམས།ཞེས་དང་།སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་ཆེན་པོ་མཛད་ཅིང་།འདི་ནི་མདོ་དབུས་ཁམས་རྣམས་ཀྱི་མཁས་ཤིང་གྲུབ་པ་བརྙེས་པ་མཐའ་དག་གི་ཡིད་ཀྱི་ཤིང་རྟ་གང་བར་བྱེད་པ།བཅོམ་ལྡན་འདས་ཀྱི་བཀའ་ལྟར་ཚད་མར་གྱུར་ཏོ།།”[4]ཞེས་གསུངས་པ་བཞིན་ཏེ།དེ་ཕྱིར་སྔགས་ལོག་སུན་འབྱིན་ཞེས་པའི་བསྟན་བཅོས་དེ་ཉིད་བོད་ཀྱི་ལོ་རྒྱུས་ཐོག་གི་སྨད་སིལ་བུའི་དུས་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་འགོ་སྟོད་དུ་བྱུང་བའི་སྙན་ངག་རྩོམ་རིགས་ཀྱི་མཚོན་དཔེར་བརྩི་ཆོག་པའི་བརྩམས་ཆོས་ཤིག་དང་།ཕྱིས་སུ་བརྗོད་བྱ་དེ་མཚུངས་ཀྱི་བརྩམས་ཆོས་དུ་མ་འབྱུང་བའི་རུ་འདྲེན་དུ་གྱུར་པའི་བསྟན་བཅོས་ཤིག་ཡིན་པར་ངོས་གཟུང་ཆོག་སྟེལྷ་བླ་མ་ཡེ་ཤེས་འོད་ཀྱིསྔགས་ལོག་སུན་འབྱིན་བརྩམས་རྗེས་སུ།སྔ་ཕྱིར་ཕོ་བྲང་ཞི་བ་འོད་ཀྱི་སྔགས་ལོག་སུན་འབྱིན་དང་།ལོ་ཙཱ་བ་རིན་ཆེན་བཟང་བོའི་སྔགས་ལོག་སུན་འབྱིན་པའི་བསྟན་བཅོསའགོས་ཁུག་པ་ལྷས་བཙས་ཀྱི་སྔགས་ལོག་སུན་འབྱིནརྔོག་ལེགས་པའི་ཤེས་རབ་ཀྱི་སྔགས་ལོག་སུན་འབྱིན་པའི་བསྟན་བཅོས་གཟེ་མ་ར་མགོ》།ཆག་ལོ་ཆོས་རྗེ་དཔལ་གྱི་སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི། བུ་སྟོན་རིན་ཆེན་གྲུབ་ཀྱི་ཆོས་ལོག་སུན་འབྱིན》། འབྲི་གུང་དཔལ་འཛིན་གྱི་《ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བསོགས་གཅིག་འཕྲོར་གཅིག་མཐུད་དེ་བྱུང་ངོ་།

གཉིས་པ།ལྷ་བླ་མ་ཡེ་ཤེས་འོད་ཀྱིསྔགས་ལོག་སུན་འབྱིན་གྱི་བརྗོད་དོན་དབྱེ་ཞིབ་མདོར་བསྡུས།

སྙན་ངག་གི་གཞུང་དུ། “སྔོན་བྱུང་གཏམ་ལས་གྱུར་པ་འམ།།ཅིག་ཤོས་ལེགས་པ་ལ་བརྟེན་པ།།”ཞེས་བསྟན་པ་ལྟར།སྙན་ངག་ལ་སྔོན་བྱུང་གི་དོན་དག་བརྗོད་བྱ་བྱས་པ་དང་།ད་ལྟ་བའི་དོན་དག་བརྗོད་བྱ་བྱས་པ་གཉིས་ཡོད་ལ།སྔགས་ལོག་སུན་འབྱིན་གྱི་བརྗོད་བྱའི་ནང་དོན་ནིབོད་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་བྱུང་བ་ལས་ཕྱི་དར་ཐོག་མའི་སྐབས་སུཕྱི་ཕྱོགས་ནས་བོད་དུ་ནང་བའི་ཆོས་ལུགས་སུ་སྒྲོ་བཏགས་པའི་ཆོས་ལོག་སྣ་ཚོགས་དར་ཞིང་།ཆོས་པབརྫུས་པའི་གྲོང་སྔགས་ཁ་ཤས་ཀྱིས་ཆོས་མིན་གྱི་སྤྱོད་པ་སྣ་ཚོགས་ཀྱིས་འབངས་མི་སྡུག་ལ་སྦྱར་ཞིང་རྒྱལ་ཁམས་ཕུང་ལ་སྦྱོར་བཞིན་པའི་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངསརྩོམ་པ་བོ་ཁོང་གིས་ཐུགས་ཀྱིས་མ་བཟོད་པར།ལུང་རིགས་དཔེ་གསུམ་རྐྱ་བསྒྲིལ་ཅིང་སྡེབ་ལེགས་ཚིག་གི་རྟ་ལ་དྲངས་ནསཚུལ་དེསུན་འབྱིན་དང་ཐེར་འདོན་ནན་མོ་བྱས་ཤིང་བོད་འབངས་རྣམས་ཀྱིས་སྤང་བླང་དང་འཇུག་ལྡོག་མ་ནོར་བ་བྱ་ཤེས་པའི་སྒོ་ནས་སྟོན་པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་མདོ་སྔགས་ཀྱི་ཆོས་རྣམ་དག་ཉམས་སུ་ལེན་པར་ཐུགས་བརྩེ་བས་གདམས་པའོ།

བསྟན་བཅོས་ཀྱི་ཐོག་མར “པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མའི་ཞལ་སྔ་ནས་བོད་ཡུལ་དབུས་ཀྱི་སྔགས་པ་རྣམས་ལ་བརྫངས་པ།” ཞེས་པས། བསྟན་བཅོས་དེ་ཐོབ་ཐང་ཇི་ལྟ་བུ་ལྡན་པའི་གང་ཟག་སུ་ཞིག་གིས་མཛད་པ་དང་།གང་གི་ཆེད་དུ་མཛད་པ་གསལ་བར་བསྟན་ལ། “གཉེན་པོ་མཛད་ཅིང་ལྟ་བ་བསྲང་བར་ཞུའོ། །”ཞེས་པའི་ཚིག་གིས། སྟོན་པས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་སྤང་བྱ་ཉོན་མོངས་སྣ་ཚོགས་ཀྱི་གཉེན་པོར་འགྲོ་བར་བྱེད་པ་དང་། ཕྱི་ནང་གི་ཆོས་རྣམས་སྒྱུ་མ་དང་རྨི་ལམ་བཞིན་དུ་སྣང་ཡང་བདེན་པར་མ་གྲུབ་པའི་སྟོང་བ་དང་རྟེན་འབྱུང་གི་ལྟ་བ་རྟག་ཆད་ཀྱི་མཐའ་གཉིས་སུ་མ་ལྷུང་བར་བསྲང་བར་ཞུ་བ་ཡིན་ནོ་ཞེས་བསྟན་བཅོས་ཀྱི་བརྗོད་བྱའི་སྙིང་བོ་མདོར་བསྡུས་སུ་བསྟན།

“འོ་ཀོལ་མི་མཇེད་ལྷོ་ཡི་འཛམ་གླིང་འདིར། །སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ཏེ། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་གཉེན་པོ་རུ། །སྡེ་སྣོད་གསུམ་ལ་བརྒྱད་ཁྲི་བཞི་སྟོང་གསུངས། །རྒྱུ་དང་གཉེན་པོ་དོན་དུ་གསུངས་པ་ནི། །མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །དེ་ལས་བཟློག་པའི་ཆོས་ཀྱི་རྒྱུ་འབྲས་ནི། །བདེན་བཞིའི་སྒོར་ཞུགས་ཉིས་བརྒྱ་ལྔ་བཅུགསུངས། །མཐོང་དང་གོམས་པས་ཉོན་མོངས་བརྒྱད་བཅུ་གཉིས། །ཉན་ཐོས་ཐེག་པར་ཉི་མའི་གཉེན་གྱིས་གསུངས། །ཕྱི་ནང་ཆོས་རྣམས་རྟེན་འབྲེལ་བཅུ་གཉིས་སུ། །རྟོགས་ནས་རང་གིས་བྱང་ཆུབ་རིམ་གྱིས་སྒྲུབ། །ཡ་མ་ཟུང་གི་རྫུ་འཕྲུལ་མཐུ་ལྡན་པ། །རང་རྒྱལ་ཐེག་པར་འགྲོ་བའི་མགོན་པོས་བསྟན། །བདེན་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་། །ཕྱི་ནང་ཆོས་རྣམས་སྟོང་པའི་ངོ་བོར་མཁྱེན། །ཕ་རོལ་ཕྱིན་རྣམས་རིམ་གྱིས་རྫོགས་མཛད་པ། །བླ་ན་མེད་པའི་ཐེག་པར་སྟོན་པས་གསུངས། །”ཞེས་ཐེག་པ་གསུམ་དུ་ཕྱེའི་ཉམས་སུ་བླང་བྱའི་ཆོས་དང་། ཉམས་སུ་ལེན་ཚུལ། ཉམས་སུ་བླངས་པའི་འབྲས་བུ་བཅས་མདོར་བསྡུས་སུ་བསྟན་ཅིང་།སྐབས་དེའི་གྲོང་སྔགས་ཕལ་མོ་ཆེས་ཐེག་པ་གསུམ་དུ་བསྡུས་པའི་ཆོས་ཉམས་སུ་མི་ལེན་པར།རང་ཉིད་ཐེག་ཆེན་པར་ཁས་འཆེས་པ་ལ་དཔེ་དོན་སྦྱར་ནས་སུན་འབྱིན་ནན་མོ་མཛད་པ་ནི། “གྲོང་ན་གནས་པའི་མཁན་པོ་སྔགས་པ་རྣམས། །ཐེག་པ་དེ་གསུམ་གང་དང་འབྲེལ་མེད་པར། །ངེད་ཅག་ཐེག་ཆེན་ཡིན་ཞེས་ཟེར་བ་ནི། །ཐེག་པ་ཆེན་པོའི་ཚུལ་སྤྱོད་གཏན་མེད་པར། །ཐེག་པ་ཆེན་པོ་ཡིན་ཞེས་ཟེར་བ་ནི། །སྤྲང་པོ་རྒྱལ་པོ་ཡིན་ཞེས་ཟེར་བ་འདྲ། །ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ་བ། །བོང་བུས་སེང་གེའི་པགས་པ་གྱོན་པ་འདྲ། །གཟུང་འཛིན་གཉིས་སྤངས་ཚོགས་ཆེན་གཉིས་རྫོགས་པའི། །ས་བཅུའི་རྒྱལ་ཚབ་འཕགས་པ་བྱམས་པ་ཡང་། །ཤེས་བྱའི་སྒྲིབ་པ་ད་དུང་མ་བྱང་ན། །དེ་བས་སྙིགས་མའི་སེམས་ཅན་འཕགས་སམ་ཅི། །འདོད་ལྔ་བུད་མེད་རྫབ་ལས་མ་ཐར་པར། །ཆོས་ཀྱི་སྐུ་ཡིན་ཟེར་བ་ཡ་མཚན་ཆེ། །མི་དགེ་བཅུ་སྤྱོད་ཁྱི་ཕག་བརྟུལ་ཞུགས་ཅན། །མུ་སྟེགས་འབའ་འཇི་བ་ཡི་ཆོས་སྤྱོད་ཁྱེད། །ངེད་ཅག་སངས་རྒྱས་ཡིན་ཅེས་ཟེར་བ་ནི། །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོ་བར་ངེས། །”ཞེས་པ་སྟེ། “གནའ་སྔོན་བོད་ཡུལ་དབུས་སུ་ཆོས་བྱུང་བ། །ངན་སོང་སྒོ་གཅོད་ཐར་པའི་ལམ་སྟོན་པ། །སྡེ་སྣོད་རིན་ཆེན་གསུམ་པོ་དར་ཞིང་རྒྱས། །སྔོན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིས། །བཀའ་དང་བསྟུན་ནས་ཆོས་ལོག་འདི་བཀག་སྟེ། །ཀུན་གྱི་ལྟ་བསྲང་མཐོ་རིས་སྒོ་ཕྱེ་བས། །སེམས་ཅན་མང་པོ་བླ་མེད་ལམ་དུ་ཆུད། །ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། །རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། །ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ། །ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར། །”ཞེས་པས། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་ཡུལ་དབུས་སུ་བསྟན་པ་རྣམ་དག་དར་བ་དང་། ད་ལྟ་སྟེ་ལྷ་བླ་མ་ཡེ་ཤེས་འོད་ཁོང་གི་སྐུ་དུས་སུ་རྒྱལ་ཁྲིམས་ཞིག་ཅིང་ཆོས་ཁྲིམས་ཉམས་པས་ཆོས་མིན་ཆོས་སུ་བརྫུས་པའི་ཆོས་ལོག་དང་སྔགས་ལོག་དར་ནས་རྒྱལ་ཁམས་ཕུང་བར་གྱུར་པ་བསྟན། 

“སྒྲོལ་བ་དར་བས་ར་ལུག་དམྱལ་ཐག་གཅོད། །སྦྱོར་བ་དར་བས་མི་རིགས་འཆོལ་པར་འདྲེས། །སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད། །བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་། །སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། །མི་གསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས། །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི། །”ཞེས་པས། སྐབས་དེར་དར་བའི་སྦྱོར་སྒྲོལ་དང་།སྨན་སྒྲུབ།བམ་སྒྲུབ།མཆོད་སྒྲུབ།མི་གསུར་ཟེར་བ་སོགས་ཀྱི་ཆོས་ལོག་གིས་བོད་ཀྱི་མི་ཕྱུགས་གཉིས་དང་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་ཚུལ་དང་དེ་ཐེག་ཆེན་གྱི་ཆོས་གཏན་ནས་མིན་པར་བསྟན།

“ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པའི་སྤྱོད་ཚུལ་འདི། །རྒྱལ་ཁམས་གཞན་དུ་ཐོས་ན་གཞན་དག་ངོ་མཚར་རྒྱུ། །ངེད་ཅག་སངས་རྒྱས་ཡིན་ནོ་ཟེར་བའི་སྤྱོད་པ་ནི། །ལས་ཀྱི་སྲིན་པོ་བས་ནི་སྙིང་རྗེ་ཆུང་། །ཁྲ་དང་སྤྱང་ཀི་བས་ནི་ཤ་དད་ཆེ། །བོང་རངས་གླང་རངས་བས་ནི་འདོད་ཆགས་ཆེ། །ཁང་རུལ་སྦུར་གོག་བས་ནི་སྐྱུར་དད་ཆེ། །ཁྱི་དང་ཕག་པ་བས་ནི་གཙང་བཙོག་ཆུང་། །གཙང་མ་ལྷ་ཡི་རིགས་ལ་དྲི་ཆེན་དང་། །དྲི་ཆུ་ཁ་ཆུ་ཁྲག་གི་མཆོད་ཕུལ་བས། །རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །སྡེ་སྣོད་གསུམ་གྱི་ཆོས་ལ་སྐུར་བཏབ་པས། །མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །སྒྲོལ་བས་སྲོག་ཆགས་གསོད་པའི་རྣམ་སྨིན་གྱིས། །ལས་ཀྱི་སྲིན་པོར་སྐྱེ་བ་སྙིང་རེ་རྗེ། །སྦྱོར་བས་འདོད་ཆགས་དར་བའི་རྣམ་སྨིན་གྱིས། །མངལ་གྱི་སྲིན་འབུར་སྐྱེ་བ་སྙིང་རེ་རྗེ། །ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང་། །ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ། །གནོད་སྦྱིན་སྲིན་པོར་སྐྱེ་འོ་ཐེག་ཆེན་པ། །དེ་ལྟར་སྤྱོད་པའི་སངས་རྒྱས་ཨེ་མ་མཚར། །ཁྱེད་ཀྱི་སྤྱོད་པ་འདི་ཀས་སངས་རྒྱ་ན། །རྔོན་པ་ཉ་པ་ཤན་པ་སྨད་འཚོང་མ། །གཅིག་ཀྱང་མ་ལུས་བྱང་ཆུབ་ཐོབ་པར་ངེས། །”ཞེས་ཆོས་ལོག་སྤྱོད་མཁན་དག་ལ་ཐེག་ཆེན་པ་ཞེས་ཟུར་ཟའི་ཚིག་གི་བོས་ཏེ། དེ་དག་ལ་སྙིང་རྗེ་ཆུང་བ་དང་། ཤ་དད་ཆེ་བ། འདོད་ཆགས་ཆེ་བ་སོགས་དཔེ་དོན་སྦྱར་ནས་བསྟན་ཅིང་། དེ་དག་གིས་རང་ཉིད་འཁྲུལ་ཞིག་ཏུ་རློམ་སྟེ་བག་མེད་ཀྱི་སྤྱོད་པ་སྣ་ཚོགས་སྤྱད་་དང་། གསང་སྔགས་ཀྱི་ཚིག་སྒྲ་ཇི་བཞིན་དུ་བཟུང་ནས་ཆོས་དང་མི་མཐུན་པའི་བྱ་སྤྱོད་དུ་མ་ལག་ཏུ་བསྟར་བར་རྣམ་སྨིན་འབྲས་བུ་མི་བཟད་པ་མྱོང་དགོས་ཚུལ་བསྟན།

“ཁྱེད་ཅག་གྲོང་གི་མཁན་པོ་སྔགས་པ་ཀུན། །ངེད་ཅག་ཐེག་ཆེན་ཡིན་ཅེས་མ་ཟེར་བར། །ཕྱིན་ཅི་ལོག་གི་ལྟ་བ་འདི་སྤོངས་ལ། །མ་ནོར་དྲི་མེད་སྡེ་སྣོད་གསུམ་ལ་སྤྱོད། །སྔ་ཕྱོགས་མི་དགེ་བཅུ་སྤྱད་མཐོལ་བཤགས་གྱིས། །དེ་ལྟར་མ་བྱས་ཆོས་ལོག་འདི་སྤྱད་ན། །ལས་ཀྱི་རྣམ་པར་སྨིན་པས་མི་བསླུ་སྟེ། །སྟོན་པའི་ཞལ་ནས་གསུངས་པའི་བཀའ་དག་ལས། །ཆོས་ཉིད་སྟོང་པར་གསུངས་པ་བདེན་མོད་ཀྱི། །ལས་ཀྱི་རྣམ་པར་སྨིན་པར་ཡིད་ཆེས་བྱོས། །ལས་རྣམས་མི་བསླུ་རང་གི་ཕྱི་བཞིན་འབྲང་། །འབྱུང་བ་བཞི་ལ་རྣམ་སྨིན་མི་འགྱུར་བར། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པས། །སྤྱོད་ངན་འདི་སྤོངས་སྡེ་སྣོད་གསུམ་པོ་སྤྱོད། །ཐེག་པ་ཆེན་པོར་སྨོན་ཅིང་འདོད་པ་རྣམས། །ཚོགས་གཉིས་གསོག་ཅིང་གཟུང་འཛིན་རྣམ་གཉིས་སྤོངས། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་བཅུ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དགསྒྲུབས། །བྱམས་དང་སྙིང་རྗེས་འགྲོ་དོན་རྫོགས་པར་གྱིས། །དེ་ལྟར་སྤྱོད་ན་ཐེག་པ་ཆེན་པོ་ཡིན། །ཁྱེད་ཅག་འབན་འཇི་རྣམས་ལ་བསྐུར་བ་འདིས། །ཐེག་ཆེན་སྤྱོད་པ་མ་བོར་བསྙེན་པར་གྱིས། །”ཞེས་པས། ཆོས་ལོག་སྤྱོད་པའི་གྲོང་སྔགས་རྣམས་ཀྱིས་ཕྱིན་ཅི་ལོག་གི་ལྟ་སྤྱོད་སྤངས་ནས། རྒྱལ་བའི་བཀའ་སྡེ་སྣོད་གསུམ་ལ་བློ་སྦྱོང་བ་དང་། ཐེག་པ་ཆེན་པོའི་ལྟ་སྤྱོད་ཡང་དག་པ་ལ་གོམས་པར་གྱིས་ཤིག་ཅེས་གདམས་པའོ། །

“གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེང་། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །ཐར་པ་ཐོབ་པ་དཀའ་མོར་མི་མཆིའམ། །”ཞེས་པས། གཏི་མུག་ལ་སོགས་པའི་ཉོན་མོངས་ཀྱི་དབང་གིས་འཁོར་བར་འཁྱམས་པའི་ལས་བསགས་ཤིང་།  མཐའ་མེད་འཁོར་བའི་རྒྱ་མཚོར་བཟོད་པར་དཀའ་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བར་གྱུར་ན། རྣམ་གྲོལ་ཐར་པ་ཆེན་པོ་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པ་དཀའ་མོར་མི་འདུག་གམ། ཞེས་ཀུན་འབྱུང་འཁོར་བའི་འཇུག་རིམ་དང་། སྡུག་བདེན་འཁོར་བའི་ཉེས་དམིགས། འཁོར་བའི་རྩ་བ་བདག་ཏུའཛིན་པ་བཅས་དཀྱུས་གཅིག་ཏུ་བསྟན་ཏེ། དེའི་གཉེན་པོར་ལས་ཉོན་གྱི་སྒྲིབ་པ་མཐའ་དག་དང་འཁོར་བའི་རྩ་བ་བདག་ཏུ་འཛིན་པའི་ཤེས་སྒྲིབ་སྤོང་བ་ལ་སྐྱེ་བོ་ཀུན་གྱིས་འབད་པར་བྱ་དགོས་པར་བསྟན་ལ། “པུ་ཧྲངས་ཀྱི་རྒྱལ་པོ་ལྷ་བླ་མས་བོད་ཀྱི་སྔགས་པ་རྣམས་ལ་བརྫངས་པ་རྫོགས་སོ།  །”ཞེས་པས།སྔགས་ལོག་སུན་འབྱིན་ཅེས་བྱ་བའི་བསྟན་བཅོས་ཀྱི་མཇུག་བསྡུས་སོ། །

གསུམ་པ།སྔགས་ལོག་སུན་འབྱིན་གྱི་སྙན་ངག་གི་ཁྱད་ཆོས།

སྔགས་ལོག་སུན་འབྱིན་ནི་ལྟ་གྲུབ་བརྗོད་པའི་སྙན་ངག་གི་རིགས་སུ་གཏོགས་པ་ཞིག་སྟེ།བརྗོད་བྱའི་ཆ་ནས་གཞི་བདེན་པ་གཉིས་ཀྱི་སྒོ་ནས་ལྟ་བ་གཏན་ལ་དབབ་པ་དང་།ཐེག་པ་གསུམ་གྱི་ལམ་སྒོམ་ཚུལ།འབྲས་བུ་སྐུ་གསུམ་མངོན་དུ་བྱ་ཚུལ་བཅས་ཀྱི་ནང་བ་སངས་རྒྱས་པའི་ལྟ་གྲུབ་གཞིར་བཟུང་སྟེ།རྩོམ་པ་བོ་སྐུ་འཚོ་གཞེས་སྐབས་ཀྱི་བོད་ཡུལ་དབུས་ཀྱི་ནང་བའི་ཐེག་ཆེན་གསང་སྔགས་པར་ཁས་འཆེ་བའི་གྲོང་སྔགས་དག་གིས་ཆོས་དང་མི་མཐུན་པའི་སྤྱོད་ངན་སྣ་ཚོགས་ཀྱིས་རང་གཞན་གཉིས་ཕུང་བགྱིད་བཞིན་པ་ལ་གནད་དུ་ཁེལ་བའི་ཐེར་འདོན་དང་མཚང་འབྱིན་བྱས་ཤིང་།ཐུགས་བརྩེ་བའི་སྒོ་ནས་དེ་དག་ལ་ཉེས་སྤྱོད་ལས་ལྡོག་སྟེ་མིང་དོན་མཚུངས་པའི་ཐེག་པ་ཆེན་པོ་བ་ཞིག་བྱེད་པའི་བསླབ་བྱ་གནང་བ་ཞིག་གོ

སྙན་ངག་མེ་ལོང་དུ། “རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས།།ངག་གི་རང་བཞིན་ཐ་དད་གཉིས།།”ཞེས་གསུངས་པ་ལྟར།སྙན་ངག་གི་བརྗོད་དོན་མཚོན་ཐབས་ལ་རང་བཞིན་བརྗོད་པ་སྟེ་དྲང་བོར་བརྗོད་པ་དང་།འཁྱོག་པོར་བརྗོད་པའི་མཚོན་ཐབས་ཀྱི་རྒྱན་རིགས་མི་འདྲ་བ་གཉིས་ཡོད་པ་ལས།སྔགས་ལོག་སུན་འབྱིན་ཞེས་བྱ་བ་འདི་ནི་བརྩམས་ཆོས་ཧྲིལ་བོའི་ཆ་ནས་དྲང་བོར་བརྗོད་པའི་མཚོན་ཐབས་ལ་བརྟེན་ནས་བརྩམས་པ་ཞིག་སྟེ།རྩོམ་པ་བོས་གང་བརྗོད་པར་འདོད་པ་དེ་སྦས་པའི་ཚུལ་དང་བསྐོར་ནས་བརྗོད་པ་དེ་འདྲ་མ་ཡིན་པར་ཐད་ཀར་གསོང་བོའི་ངག་གིས་ལྷུག་པོར་བརྗོད་ཡོད་དོ།

རྩོམ་གྱི་ཐོག་མཐའ་བར་གསུམ་ཀུན་ཏུ་དཔེ་འཇོག་མང་བ་དང་། དཔེ་དོན་འབྱོར་བ།དཔེ་ལ་བརྟེན་ནས་རྩོམ་པ་བོའི་ནང་བསམ་པའི་འཛིན་སྟངས་གོ་བར་བྱས་པ་ནི་བརྩམས་ཆོས་འདིའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ཞིང་།བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་རང་རྒྱུད་སྨིན་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞིས་མཚོན་པའི་ཐེག་པ་ཆེན་པོའི་ཆོས་ཉམས་སུ་མི་ལེན་པར། རང་ཉིད་ཐེག་ཆེན་པ་ཡིན་པར་ཁས་འཆེ་བ་ལ། སྤྲང་བོ་རྒྱལ་བོར་བརྫུ་བ་དང་། བོང་བུས་སེང་ལྤགས་གྱོན་པ་དཔེར་བཀོད་ནས་མཚང་འབྱིན་མཛད་པས། དཔེ་དང་དོན་མཚུངས་པར་གོ་བ་ཙམ་དུ་མ་ཟད་པར་བཞད་གད་ཀྱི་ཉམས་རང་ཤུགས་ཀྱིསཐོན་འདུག་ལ། དེ་བཞིན་དུ།  སྙིང་རྗེ་ཆུང་བའི་དཔེར་སྲིན་པོ་དང་། ཤ་དད་ཆེ་བ་སྟེ་ཤ་ལ་དགའ་བའི་དཔེར་ཁྲ་དང་སྤྱང་ཀིའདོད་ཆགས་ཆེ་བའི་དཔེར་བོང་རངས་དང་གླང་རངས། སྐྱུར་དད་ཆེ་བ་སྟེ་ཆང་ལ་དགའ་བའི་དཔེར་ཁང་རུལ་སྦུར་གོག །གཙང་བཙོག་ཆུང་བའི་དཔེར་ཁྱི་དང་ཕག་པ་བཀོད་ནས། དཔེ་དོན་གཉིས་མཚུངས་པར་མ་ཟད་དཔེ་ཅན་ལས་ཀྱང་དཔེ་ལྷག་པར་བརྗོད་པས། མི་སྡུག་པའི་ཉམས་དང་བཞད་གད་ཀྱི་ཉམས་རྩོལ་མེད་ལྷུན་གྲུབ་ཏུ་ཐོན་ཡོད་པ་རེད།

“ཁྱེད་ཀྱི་སྤྱོད་པ་འདི་ཀས་སངས་རྒྱ་ན།།རྔོན་པ་ཉ་པ་ཤན་པ་སྨད་འཚོང་མ། །གཅིག་ཀྱང་མ་ལུས་བྱང་ཆུབ་ཐོབ་པར་ངེས། །”ཞེས་དགག་བྱ་ཆོས་ལོག་སྤྱད་པས་སངས་རྒྱ་བར་འདོད་པའི་འཁྲུལ་བ་འགོག་བྱེད་དུ། སྡིག་པའི་ལས་བྱས་པས་སངས་རྒྱ་ན་རྔོན་པ་དང་། ཉ་བ། ཤན་པ། སྨད་འཚོང་མ་ལྟ་བུའི་སྡིག་པའི་ལས་ཀྱིས་འཚོ་བ་དག་ཀྱང་སངས་རྒྱ་བར་འགྱུར་རོ་ཞེས་འགོག་པའི་རྒྱན་དང་། བུད་མེད་འདབརྫབ་དང་། གཏི་མུག་མུན་པ། འདོད་ཆགས་རྒྱ་མཚོའི་འདམ། ང་རྒྱལ་ཆེན་པོ་རི་བོ།ཕྲག་དོག་རླུང་དམར། བདག་འཛིན་མདུད་པའི་གཟུགས་སུ་བཀོད་པ་སོགས་སྙན་ངག་གི་དོན་རྒྱན་གྱི་མཚོན་ཐབས་སྣ་ཚོགས་དང་། “རོ་མྱགས་འདམ་དུ་སྐྱེ་བ་སྙིང་རེ་རྗེ། །”ཞེས་དང་། “མནར་མེད་དམྱལ་བར་སྐྱེ་བ་སྙིང་རེ་རྗེ། །”ཞེས་དང་། “ལས་ཀྱི་སྲིན་པོར་སྐྱེ་བ་སྙིང་རེ་རྗེ། །”ཞེས་དང་། “མངལ་གྱི་སྲིན་འབུར་སྐྱེ་བ་སྙིང་རེ་རྗེ། །”ཞེས་སྙིང་རེ་རྗེ་ཞེས་པ་ཚིག་རྐང་གི་མཐར་ཡང་དང་བསྐྱར་དུ་ཟླས་པརྩོམ་པ་བོའི་ནང་ཡིད་ཀྱི་ཤུགས་དྲག་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྙན་ངག་གི་སྒྲ་རྒྱན་ལས་ཟུང་ལྡན་གྱི་རྒྱན་གྱིས་ཀུན་ནས་མཚོན་པར་བྱས་པ་ཡིན་ནོ

གནའ་བོའི་ཆོ་གའི་གྱེར་ཚིག་དང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་ཚིག་སྙན་ངག་དང་བསྡུར་ན།དུས་རབས་བཅུ་གཅིག་པའི་འགོ་སྟོད་དུ་བརྩམས་པའི་སྔགས་ལོག་སུན་འབྱིན་གྱི་བརྗོད་བྱའི་དོན་མཚོན་ཐབས་ཀྱི་ཆ་ནསབོད་རང་གི་སྔར་ཡོད་རྩོམ་སྲོལ་རྒྱུན་འཛིན་བྱས་པའི་ཐོག་ཏུ་ཕྱི་ཕྱོགས་རྒྱ་གར་ནས་དར་བའི་སྙན་ངག་གི་མཚོན་ཐབས་ཀྱི་ཤུགས་རྐྱེན་ཚད་ངེས་ཅན་ཞིག་ཐེབས་འདུག་པ་མཐོང་ཐུབ་ལ།རྗོད་བྱེད་ཚིག་གི་སྡེབ་སྦྱོར་གྱི་ཆ་ནས་ཀྱང་།ཚེག་བར་དྲུག་མ་བཅད་པ་བཞི་ཅན་དེ་བཙན་པོའི་རྒྱལ་རབས་ཀྱི་མཇུག་ཙམ་དུ་ཚེག་བར་བདུན་མ་བཅད་པ་བཞི་ཅན་དང་།དེ་ནས་རིམ་གྱིས་སྨད་སིལ་བུའི་དུས་སུ་ཚེག་བར་དགུ་མ་བཅད་པ་ལྔ་ཅན་དུ་འཕེལ་འགྱུར་བྱུང་བ་མཐོང་ཐུབ་པོ

བཞི་བ།མཇུག་གྲུབ་པའི་ཚིག

ལྷ་བླ་མ་བྱང་ཆུབ་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་ནི་ཚིག་དོན་ཉམས་གསུམ་གང་ཐད་ནས་ཀྱང་སྙན་ངག་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་བོད་ཀྱི་སྤྱི་ཚོགས་སུ་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྒྱུན་རིང་བ་བཞག་པའི་སྙན་རྩོམ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གོང་དུ་བརྗོད་ཟིན་པ་ལྟར་ལ།སྙན་རྩོམ་དེ་ནི་ད་དུང་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ལྡན་པའི་ཡིག་ཚང་གལ་ཆེན་ཞིག་དང་།སློབ་གསོའི་དོན་སྙིང་ལྡན་པའི་བསླབ་བྱའི་རྩོམ་རིགས་གལ་ཆེན་ཞིག།དགག་བཞག་དང་སུན་འབྱིན་གྱི་རྩོམ་ཡིག་གལ་ཆེན་ཞིག་བཅས་ཀྱང་ཡིན་ངེས་ནའང་དེ་དག་སོ་སོར་རྒྱས་པར་སྤྲོས་ན་ཉོག་འགྲོ་བས་རེ་ཞིག་དེ་ག་ཙམ་གྱིས་འཐུས་པར་བྱའོ།


ལུང་ཁུངས།

[1]སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ངེས་དོན་འབྲུག་སྒྲ་ཞེས་བྱ་བ[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་2007ལོ181པ་ནས་186པར་གསལ།

[2]ལོ་ཙཱ་བ་རིན་ཆེན་བཟང་བོས་བརྩམས།དོན་གསལ་བསྡུས་པ་ཞེས་བྱ་བ་སྔགས་ལོག་སུན་འབྱིན་པའི་བསྟན་བཅོས་ཞེས་བྱ་བ[M]བྲིས་མ4

[3]དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།ཆོས་འབྱུང་མཁས་པའི་དགའ་སྟོནསྟོད་ཆ།[M]མི་རིགས་དཔེ་སྐྲུན་ཁང་།1986ལོ།430

[4]གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས་ཤིང་།འདར་ཚ་ཁྱུང་བདག་གིས་མཆན་བཏབ།ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་2015ལོ165

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།