མཉམ་མེད་ཤར་ཙོང་ཁ་པ་ཆེན་པོ༙འི་རིགས་རུས་སོགས་ལ་རགས་ཙམ་དཔྱད་པ།
དང་པོ་རིགས་རུས་སོགས་ལ་དཔྱད་པ།
འདི་ལ་གཉིས་རིགས་རུས་ལ་དཔྱད་པ། སྐུ་འཁྲུངས་ཚུལ་སོགས་ལ་དཔྱད་པའོ། །དང་པོ་ནི་གཞན་གྱི་ལུགས་བཀོད་པ་དང་། དེ་ལ་རིགས་ལམ་རྣམ་པར་དག་པའི་སྒོ་ནས་ལན་གདབ་པའོ། །དང་པོ་ནི། དུས་རབས་ཉེར་གཅིག་པའི་སྐབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ལ་ལས། དམ་པ་གང་གི་རིགས་རུས་ནི་སོག་པོའི་རིགས་ལས་མཆེད་པར་བཤད་ལ། རྒྱུ་མཚན་ནི་ཕྱི་ལོ༡༩༠༠ཙམ་ལ་རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་རྩོམ་སྒྲིག་མཛད་པའི་ཚིག་མཛོད་ཆེན་མོ་སྟེ་《ཀྲུང་གོ་ལོ་རྒྱུས་ཚིག་མཛོད་》དང་།《ཀྲུང་གོ་ལོ་རྒྱུས་མི་སྣའི་ཚིག་མཛོད》ཅེས་པ་གཉིས་སུ་དམ་པ་གང་གི་རིགས་རུས་སོག་རིགས་ཡིན་པར་བཤད་ཡོད་པའི་རྗེས་སུ་འབྲང་བ་ཁོ་ན་ཡིན་ལ། ལྷག་པར་དུ་དམ་པ་གང་གི་ཡབ་ཀླུ་འབུམ་དགེ་ལ་ད་ར་ཁ་ཆེ་ཞེས་པའི་གོ་མིང་ཡོད་ལ། ད་ར་ཁ་ཆེ་ཞེས་པ་ནི་སོག་པོའི་དཔོན་ཐོབ་ཅིག་གི་མིང་ཡིན་ལ། དེ་ནི་སོག་རིགས་རང་མ་གཏོགས་གཞན་ལ་སྟེར་སྲོལ་མེད་པར་བཤད་དེ།《ཀྲུང་གོ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་གཅེས་བསྡུས》ཞེས་པ་ལས། ད་ར་ཁ་ཆེ་ཞེས་པའི་གོ་དོན་ལ། ཡོན་རྒྱལ་རབས་ཀྱི་སྐབས་སུ་ས་གནས་སོ་སོར་བསྐོ་གཏོང་བྱས་པའི་དཔོན་པོ་ཞིག་གི་གོ་གནས་ཡིན་ལ། དེང་སང་གི་དམག་དོན་སྐུ་ཚབ་ལྟ་བུའི་ལས་ཁུར་བྱེད། ས་ཆ་གཞན་དུ་ད་ར་ཁ་ཆེ་ངོ་འགྲོ་བྱེད་དགོས་རིགས་སོག་རིགས་རང་ལས་འགྲོ་སྲོལ་མེད་ལ། ཞེས་དང་། དེ་དང་འདྲ་བར་སྐབས་དེའི་ལོ་རྒྱུས་འགའ་རེ་ན་ཡང་《ད་ར་ཁ་ཆེ》ཞེས་པ་སོག་རིགས་མ་གཏོགས་གཞན་ལ་སྟེར་སྲོལ་མེད་པར་བཤད་ཡོད་པ་འདི་དག་ལ་གཞི་བཅོལ་བ་ཁོ་ན་ཡིན་ལ། གོང་གི་མིང་མཛོད་དེ་གཉིས་ལས་ཀྱང་ཡིག་ཆ་དེ་དག་ལ་བརྟེན་ནས་ཡབ་ཀླུ་འབུམ་ད་ར་ཁ་ཆེ་ཡང་སོག་རིགས་ཡིན་པར་བཤད་པར་མངོན་ནོ། །
གཉིས་པ་དེ་དག་ལ་རིགས་ལམ་དྲི་མ་མེད་པའི་སྒོ་ནས་ལན་གདབ་པ་ལ། གོང་དུ་བཤད་པ་དེ་དག་ནི་རྗེ་ཐམས་ཅད་མཁྱེན་པའི་རིགས་རུས་སོག་པོ་ཡིན་པའི་སྒྲུབ་བྱེད་ཡང་དག་ཏུ་མ་མཐོང་སྟེ། སྔོན་སོག་པོ་རྒྱལ་རབས་གོང་མ་རྣམས་སུ་དེ་ལྟ་བུའི་སྲིད་ཁྲིམས་ཏེ་ད་ར་ཁ་ཆེ་ཞེས་པའི་གོ་མིང་སོག་པོ་རང་ལ་མ་གཏོགས་སྦྱིན་མི་ཆོག་པའི་སྲིད་ཇུས་ཡོད་པ་བདེན་ན་ཡང་། རྗེས་ནས་རིམ་བཞིན་དུ་འགྱུར་ལྡོག་སྣ་ཚོགས་ཀྱི་དབང་གིས་མ་ངེས་པ་ཡིན་ཏེ། དཔེར་ན་རྒྱའི་མི་རིགས་དང་ཁ་ཆེ་མི་རིགས་སོགས་ལ་ཡང་ད་ར་ཁ་ཆེ་འམ《达鲁花赤》ཞེས་པ་སྟེར་སྲོལ་ཡོད་པ། ཀྲུང་གོ་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་སྒྲིག་སྦྱོར་མཛད་པའི་ད་ར་ཁ་ཆེའི་གོ་དོན་ཞེས་པའི་རྒྱ་ཡིག་གི་ལོ་རྒྱུས་ལས། རྒྱ་རིགས། ཆུས་ཏན་རིགས། བོད་རིགས་སོགས་ལ་ད་ར་ཁ་ཆེ་ཞེས་པའི་ཐོབ་ཐང་མཐོ་དམན་མང་པོ་ཞིག་བྱིན་པའི་ལོ་རྒྱུས་ཧ་ཅང་གསལ་བོ་ཡོད་པས་རེ་རེ་ནས་འབྲི་བའི་ངལ་བ་བྱེད་མི་དགོས་ལ། དཔེར་ན། ད་ར་ཁ་ཆེ་ཐོག་མ་ཡོན་རྒྱལ་ཁབ་བཙུགས་ནས་ལོ་བཅུ་གསུམ་པ་ན། རྒྱའི་དམག་དཔོན་ཆེན་པོ་ཏུས་ཙིག《邸泽》ལྟ་བུ་སྟེ་འདི་ད་ར་ཁ་ཆེ་མཐོ་ཤོས་ཤིག་སྟེ།《怀远大将军》《管军万户》ཁྲི་དཔོན་ཞིག་གི་ཐོབ་ཡོད་ལ་ད་ར་ཁ་ཆེ་ལོ་དགུ་ལ་ཁུར་ཞེས་པའི་ལོ་རྒྱུས་ཡོད། ལྷག་པར་དུ་བོད་རིགས་ལ་ད་ར་ཁ་ཆེ་ཞེས་པའི་གོ་མིང་དེ་དམིགས་གསལ་གྱིས་བོད་རིགས་རང་ལ་བྱིན་ཆོག་པ་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་སོག་པོ་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་པ་སོགས་འབྲེལ་བ་སྣ་ཚོགས་ཀྱི་དབང་གིས་ཡིན་པ་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་སོགས་ལས་གསུངས་ལ། ས་སྐྱ་པ་པཎྜི་ཏ་མཆོག་གིས་དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་དང་བཅས་པ་རྣམས་ལ་སྤྲིངས་པའི་ས་པཎ་གྱི་འཕྲིན་ཡིག་ཏུ་གྲགས་པ་དེ་ལས་ཀྱང་། ད་དུང་ཡང་ཅི་ཟེར་ངག་ལ་ཉན་ན་ཁྱེད་རྣམས་ཀྱི་ཡུལ། ས་ཕྱོགས་ཀྱི་མི་སྡེ། ས་ཆ་སོ་སོའི་དཔོན་གང་ཡོད་པ་དེའི་དཔོན་དུ་བསྐོས། ས་སྐྱའི་གསེར་ཡིག་པ་དང་དངུལ་ཡིག་པ་བོས་ལ་ངེད་ཀྱི་ད་ར་ཁ་ཆེ་འདི་བསྐོས་ན་འཐད་པ་ཨེ་ཡིན་ཟེར་བའི་ངོ་སྤྲོད་ཀྱིས། ཞེས་སོགས་གསལ་བོ་གསུངས་ཡོད་ལ། ད་དུང་ཙོང་ཁའི་ཡུལ་དང་། མགོ་ལོག་སོགས་སུ་ད་ར་ཁ་ཆེ་མང་པོ་ཡོད་པའི་ལོ་རྒྱུས་མང་ཡང་འདིར་འབྲི་བའི་ངལ་བ་བྱེད་མི་དགོས་པར་མཁས་པ་དག་གི་གཞུང་དེ་དག་ལ་དངོས་སུ་གཟིགས་ན་ཤིན་ཏུ་གསལ་ལོ། །དེས་ན་ཡབ་ཀླུ་འབུམ་དགེ་ལ་ད་ར་ཁ་ཆེ་ཞེས་པའི་གོ་མིང་ཡོད་པ་ཙམ་གྱིས་སོག་རིགས་ཡིན་པར་བསྒྲུབས་པ་ནི་ལོ་རྒྱུས་ལ་ཞིབ་ཏུ་མ་དཔྱད་པར་གྱ་ཚོམ་དུ་སྨྲས་བའི་གཏམ་མོ། །ད་ར་ཁ་ཆེ་དང་རྡ་ར་ཁ་ཆེ་སོགས་འབྲི་ཚུལ་མི་འདྲ་བ་འགའ་རེ་མཆིས་མོད། དོན་གཅིག་ཡིན་དེ། སོག་སྐད་ཀྱི་ཡུལ་དཔོན་ཞེས་པའི་མིང་ཡིན་ཞེས་དུང་དཀར་ཚིག་མཛོད་ལས་གསུངས་ལ། རྒྱའི་达鲁花赤ཞེས་པ་ཡང་འདི་དང་དོན་གཅིག་ཡིན་པར་གསུངས། ད་ར་ཁ་ཆེ་ལའང་མཐོ་དམན་མང་པོ་ཡོད་པར་སེམས་ཏེ། ཡུལ་ལ་ལར་ཡུལ་དཔོན་ཁོ་ན་མཚོན་ལ། ཡུལ་དཔོན་དང་དམག་དཔོན་གཉིས་ཀ་མཚོན་པ་ཡོད་པར་ཡང་ལོ་རྒྱུས་དག་ཏུ་གསལ་ལ། སྤྱིར་ན་སྤྱི་ཁྱབ་པའི་འོག་ཏུ་ད་ར་ཁ་ཆེ་རེ་ཡོད་དགོས་ཏེ། ཡེ་སུན་ཐེ་མུར་རྒྱལ་པོས། མདོ་ཁམས་བཀྲ་ཤིས་དན་གྱི་བསོད་ནམས་རྒྱལ་མཚན་དང་འོད་ཟེར་རྒྱལ་མཚན་གྱིས་གཙོས་གྲྭ་བ་རྣམས་ལ་ལག་འཛིན་དུ་བསྩལ་བའི་བཀའ་བྱང་ལས། དཔོན། དམག་མི། མཁར་གྱི་ད་ར་ཁ་ཆེ། མི་དཔོན། འགྲུལ་བྱེད་པ། བོད་སོག་མི་སྡེ་རྣམས་ལ་ཟློ་བ། །ཞེས་པའི་ཚིག་ཟུར་ལས་ཀྱང་རྟོགས་ལ།《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ཕྱོགས་བསྡུས།》ཞེས་པ་ལས། བང་། བེ་ལི། ཀུན། ཛ་སག ད་ར་ཁ་ཆེ། ཆན་ཧཱི། ཞེས་སོགས་བཀོད་ཡོད་པས་འདིའི་མཐོ་དམའ་དང་ཁྱབ་ཁོངས་སོགས་ལ་དཔྱད་པར་བྱ་བ་འགའ་རེ་ཡོད་མོད་འདིར་སྐབས་སུ་མ་བབས་པའི་མི་སྤྲོ་ལ། ཡབ་ཀླུ་འབུམ་དགེ་ད་ར་ཁ་ཆེ་ནི་ཅུང་མཐོ་ཤོས་ཤིག་ཡིན་པར་མངོན་ཏེ། སྔོན་ཁོང་གི་མངའ་ཞབས་ཀྱི་ལྷ་སྡེ་ཙོང་ཁའི་སྐྱེས་རིའི་ཉེ་འགྲམ་གྱི་སྡེ་བ་ཚ་ཕུག་ཅེས་པ་དང་། ཁ་ཡང་ཞེས་པ་སོགས་སྡེ་བ་འགའ་རེ་ཆོས་རྗེ་དོན་རིན་པ་དང་མཆོད་ཡོན་ཏུ་འབྲེལ་སྟབས་ཀྱིས་བྱ་ཁྱུང་དགོན་པའི་ལྷ་སྡེ་རུ་ཕུལ་བ་ཡིན་ཞེས་ད་ལྟའི་བར་དུ་ཡུལ་དེ་དག་གི་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་ཡོད་དོ། །ཡབ་ཀླུ་འབུམ་དགེ་ལ་ད་ར་ཁ་ཆེ་ཞེས་པའི་དཔོན་ཐོབ་འདི་དུས་ནམ་བྱིན་པ་དང་ཇི་ལྟར་བྱིན་ཚུལ་སོགས་ལོ་རྒྱུས་གསལ་བོ་ཞིག་མ་མཐོང་བས་ད་དུང་དོགས་པའི་གནས་སུ་མཆིས་ལ། རྗེའི་རྣམ་ཐར་སོགས་སུ་ཡང་འབྲོག་ཁྱིམ་དཀྱིལ་མ་ཞིག་ཏུ་འཁྲུངས་ཚུལ་གསུངས་པ་ལས། དཔོན་ཚང་ལྟ་བུ་ཞིག་ཏུ་འཁྲུངས་ཚུལ་གྱི་ཟུར་ཙམ་ཡང་མི་སྣང་ལ། ལྷག་པར་དུ་ད་ལྟ་སྐུ་འབུམ་དགོན་དུ་བཞུགས་པའི་འཁྲུངས་གཞིས་ཀྱི་ཅ་དངོས་སོགས་ལ་གཞིག་ན་ཡང་དཔོན་པོའི་གཞིས་ཀ་ལྟ་བུའི་ཉམས་མི་སྣང་ལ། ད་དུང་མ་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་ཆུ་འཁུར་བྱེད་ཀྱི་སྣོད་དང་། ཆུ་འཁུར་བའི་སྐབས་སུ་ངལ་གསོ་སའི་རྡོའི་སྟེགས་བུ་སོགས་དངོས་སུ་མཇལ་རྒྱུ་ཡོད་ལ། མ་མཐའ་སྟོང་དཔོན་ལས་མཐོ་བའི་དམག་དབང་སོགས་ཀྱང་ཡོད་པའི་དཔོན་མོ་ལྟ་བུ་ཞིག་གིས་དངོས་སུ་བུད་ཤིང་འཐུ་བ་དང་ཆུ་འཁུར་བ་སོགས་ཀྱི་བྱ་བ་དངོས་སུ་བྱེད་པའི་ཕྱག་སྲོལ་ཡོད་མིན་སོགས་ལ་ཡང་དཔྱད་པ་རེ་བཏང་ཆོག་པར་སེམས་སོ། །
སྤྱིར་ན་སོག་རིགས་ལ་སྐྱེས་ཆེན་དམ་པ་རེ་འཁྲུངས་ན་གཞིས་ཁྱིམ་དེ་ལ་དམིགས་གསལ་དང་གོ་གནས་སྟེར་སྲོལ་ཡོད་པ་ལྟར་རྗེ་ཐམས་ཅད་མཁྱེན་པ་འཁྲུངས་པའི་ཕྱིས་སུ་ད་ར་ཁ་ཆེ་ཞེས་པའི་གོ་ཐོབ་གནང་བ་ཨེ་ཡིན་སྙམ་སྟེ་རྗེ་ཕྱི་ལོ་༡༣༥༧ལོར་འཁྲུངས་པ་ཡིན་ལ། ཡོན་གྱིས་༡༢༧༩ལོ་ནས་༡༣༦༨ལོའི་བར་དུ་རྒྱལ་ས་བཟུང་བ་ཡིན་པས་དེའི་བར་དུ་མི་རིགས་སོ་སོ་ལ་གོ་གནས་མང་པོ་སྟེར་སྲོལ་ཡོད་པ་གོང་དུ་བཤད་པ་བཞིན་ནོ། །ཕྱི་ལོ༡༣༦༨ལོའི་ཕྱིས་སུ་ད་དུང་སོག་པོའི་རྒྱལ་ཕྲན་རྒྱལ་བོ་ལྟ་བུ་དང་དམག་དཔོན་ལྟ་བུས་བོད་ཀྱི་བླ་ཆེན་དག་ལ་གོ་གནས་སྟེར་སྲོལ་མང་པོ་བྱུང་ལ། དཔེར་ན། རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཚང་ལ་ཆབ་ཆ་ཐེག་ཆེན་གླིང་དུ་ཧོར་ཨ་ཐན་རྒྱལ་བོས་ཏཱ་ལའི་བླ་མ་ཞེས་པའི་ཐོབ་དང་ཐམ་ཀ་གནང་བ་ལྟ་བུའོ། །འདི་ནི་ལོ་རྒྱུས་སྨྲ་བ་རྣམས་ལ་དཔྱད་གཞིར་བཀོད་པ་ཙམ་ལས་ཐག་ཆོད་པའི་ཡིག་ཆ་ཞིག་ད་དུང་མཐོང་སྣང་དུ་མ་གྱུར་བས་ཅུང་དཀའ་བར་སྣང་ངོ་། །
ད་ནི་རྗེའི་གདུང་རྒྱུད་དངོས་ལ་དཔྱད་པ་ལ།
དམ་པ་འདི་ཉིད་ཀྱི་གདུང་རྒྱུད་ནི་བོད་ཀྱི་རྩ་བའི་རུས་ཆེན་བཞི་སྟེ། བསེ། རྨུ། ལྡོང་། སྟོང་། བཞི་ལས་བསེ་ཞེས་པ་འདི་ཉིད་ཡིན་ལ། ལོ་རྒྱུས་ཀུན་དགའི་མེ་ལོང་ལས། བསྲེ་རིགས་བཟང་རྣམས་ལ་བསེ་ཆུང་སྤྲ་ཟེར་ཞེས་གསུངས་པ་ལྟར། མི་བུ་གདོང་དྲུག་ཏུ་དབྱེ་བའི་སྐབས་སུ་བསེ་ཁྱུང་དང་། བསེ་ཆུང་ཞེས་འབོད་སྲོལ་གཉིས་བྱུང་ཡང་དོན་གཅིག་ཡིན་ཏེ། མི་བུ་གདུང་དྲུག་གི་རུས་མཛོད་ལས། འགག་དོག་པོ་གསུམ་དེ་སྤྲ་ལ་དབང་། །སྤྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། །ཞེས་པ་ཡང་། རུས་ཆེན་བཞི་ལ་དོན་ཐོབ་གྱི་གླུ་གཉིས་རེ་ཡོད་པ་ལས་སྤྲ་ལ་ཐོབ་པའི་གླུ་ཡིན་ཞེས་པའི་གསུངས་པ་ལྟར། བསེ་ཁྱུང་སྤྲ་དེ་ལ། སྤྲ་དཀར་དང་སྤྲ་ནག སྤྲ་ཁྲ་སྟེ་གསུམ་དུ་དབྱེ་བ་ཡོད་ལ་དེ་རེ་རེ་ལའང་ཆེ་དྲུག་དང་། ཕྱུག་དྲུག བཙན་དྲུག་སོགས་ཀྱི་དབྱེ་བ་ཡོད། སྤྲ་དཀར་དེ་ལ་དབུས་སུ་བར་སོ། ཞིང་དང་། མར་པ་སོགས་བཅུ་གཉིས་ཡོད། དྲུག་ཟེར་བ་ཡང་ཡོད་པར་གསུངས་པའི་མར་དང་མལ་ཞེས་བ་དོན་གཅིག་ཡིན་པས་རྗེ་ཉིད་ཀྱི་གདུང་རྒྱུད་ཀྱང་མར་རམ་མལ་ཞེས་པའི་གདུང་རྒྱུད་ལས་འཁྲུངས་པར་རྣམ་ཐར་ཆེན་མོ་སོགས་ཚད་ལྡན་གྱི་རྣམ་ཐར་རྣམས་དང་ལོ་རྒྱུས་སོགས་རྩོད་མེད་ཡིན་ལ། རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་ཀྱང་། ཨ་མདོའི་ཡུལ་དུ་མལ་ཟེར་བའི་སྡེ་དཔོན་གྱི་གདུང་རིགས་ཡོད་ལ། ཙོང་ཁའི་ཡུལ་དུ་ཡབ་མལ་དཔོན་ཀླུ་འབུམ་རྡ་ར་ཁ་ཆེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ལས། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་འཁྲུངས་ཞེས་གསུངས་པ་ལྟར་རོ།།
སྤྱིར་ན་མར་དང་མལ་ཞེས་པ་དོན་གཅིག་ཡིན་ཏེ། ལོ་སྟོང་ཕྲག་ལྷག་ལ་གཏེར་ནས་བཞུགས་པའི་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ལས། གནམ་རི་བློན་མཚན་གྱྀ་ཕྱག་ལྕག་གིས། དྲས་ཏེ། མྱང་ཙེ་སྐུའྀ་བྱ་དགའར། མཉན་འཛྀ་ཟུང་གྀ་མཁར་སྔུར་བ་དང་། བྲན་ཁྱྀམ་སྟོང་ལྔ་བརྒྱ་སྩལ་ཏོ།། དབའིས་དབྱྀ་ཚབ་ཀྱི་བྱ་དགའར། ཟ་གད་གཤེན་གྱི་ཡུལ་ས་དང་། མལ་ཏྲོ་ཕྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱ་སྩལ་ཏོ།།
ཞེས་གསུངས་པ། འདི་ནི་གནམ་རི་སྲོང་བཙན་སྐབས་སུ། བློན་ཆེན་དང་། དམག་དཔོན་དག་ལ་བྱ་དགའར་ཆབ་འབངས་དང་ཡུལ་ཕྱོགས་སོགས་བསྩལ་བའི་བཀའ་ཡིག་ཅིག་ཡིན་ལ། དེ་ལས་ཡུལ་ཕྱོགས་མལ་གྱི་རིགས་ཀྱིས་བཟུང་བའི་མལ་ཏྲོ་ཞེས་བསྟན་ཡོད་ལ། དེ་ནི་དེང་སྐབས་ཀྱི་ལྷ་སའི་མལ་གྲོ་གུང་དཀར་རྫོང་ཞེས་པ་འདི་ཡིན་ལ། དེ་ལ་སྔོན་གྱི་ཡིག་རྙིང་རྣམས་ལས། མལ་དྲོ་དང་། མར་དྲོ། མལ་ཐྲོ། མལ་གྲོ་སོགས་འབྲི་ཚུལ་ཡོད་ལ། གཞན་ཡང་ཏུན་ཧོང་གཏེར་ཡིག་ལས《ཞང་རྒྱལ་ཟིགས་དང་ཞང་ལྡོང་རྩན་ལསྩོགས་པ་བུམ་ལྀང་ལྕགས་རྒལ་ཏེ》ཞེས་པ་དང་། དེའི་མཇུག་ཏུ་《དགུན་སྨད་རྒྱ་རྗེ་ནོས་ནས་རྒྱ་རྗེ་གསར་དུས་བཅུགས་པ་སརིས་ལསྩོགས་པས་བུམ་རིང་ལྕགས་ཟམ་རྒྱལ་ཏེ》ཞེས་བུམ་རིང་དང་བུམ་ལྀང་ཞེས་བྱུང་བས་བོད་སྐད་སོར་བཞག་ལ་ར་དང་ལ་གཉིས་གང་བདེར་བརྗོད་ཚུལ་ཡོད་པ་དཔག་ནུས་སོ། །མར་དང་མལ་ལས་གཞན་མ་ཞེས་བརྗོད་ཚུལ་ཀྱང་ཡོད་ལ། མི་བུ་གདུང་དྲུག་གི་རུས་མཛོད་ལས། ཁམས་ཕྱོགས་འདིར་མལ་གྱི་རིགས་རྒྱུད་འདི་ལ་སྐད་ཟུར་ཆགས་ནས་མ་ཞེས་བརྗོད་ལ། གེ་ཕན་སྙི་བའི་མངའ་ཞབས་ཀྱི་མ་ཟེར་བའི་ཚོ་བ་འདི་དག་ཀྱང་མལ་གྱི་རིགས་རྒྱུད་ཡིན་པའི་གསུངས་བཀོད་ཡོད་དོ། །རིགས་རྒྱུད་འདིའི་ཁྱབ་ཁོངས་ནི་ཞིབ་ཏུ་བརྗོད་པའི་རྔོ་མི་ཐོགས་མོད། ཏུན་ཧོང་གཏེར་ཡིག་ལས་《སྤྲེའུ་ལོ་ལ་བཙན་པོ་མལ་ཏྲོ་སྐེ་ན་བཞུགས》་ཞེས་དང་།《རྟའི་ལོ་ལ་བཙན་པོ་མལ་ཏྲོ་རྗེ་ན་བཞུགས》་ཞེས་དང་།《སྡུར་བ་ནི་ཆབ་དང་ཉེ། གྱུར་སྲམ་ནི་པྱོ་ལ་ལའང་།ཉེན་གར་ནྀ་དོག་དང་ཉེ། འབྲས་དྲུག་ནི་སི་ལྀ་ལྀ། མལ་ཏྲོ་ནི་ཀླུམ་དང་ཉེ། སྐྱི་བསིར་ནི་པྱུ་རུ་རུ།》ཞེས་པ་འདི་ཆོས་རྒྱལ་སྲོང་བཙན་རྒན་པོའི་སྲིང་མོ་སད་མ་ཀར་གྱི་གླུ་ཚིག་ཅིག་ཡིན་པར་བཤད་པ་ལྟར་འདི་འདྲ་མང་པོ་སྣང་བས་མལ་ལམ་མར་གྱི་རིགས་རྒྱུད་ཀྱིས་བཟུང་བའི་ས་ཆ་མང་པོ་ཞིག་བཙན་པོ་རིམ་བྱུང་གི་སྐབས་སུ་དབུས་གཙང་ཆོས་ཀྱི་ཞིང་ཁམས་ན་ཡོད་པར་སྣང་ལ་མདོ་སྟོད་མིའི་ཆོལ་ཁའི་ཕྱོགས་དང་། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྤྱི་དང་། ཁྱད་པར་དུ་རྒྱལ་རོང་། ཐེ་རོང་། དགུ་རོང་། རོང་བོ། རེབ་གོང་སྟེ་རོང་ཆེན་བཞི་དང་ཙོང་ཁ་བདེ་ཁམས་བཅོ་བརྒྱད་ཀྱི་ཡུལ་སོགས་སུ་རིགས་རྒྱུད་འདི་མཆེད་པར་མངོན་ཏེ་ཚད་ལྡན་གྱི་ལོ་རྒྱུས་དག་ལས། སྤྱིར་ན་སྤྲ་ཡི་རིགས་རྒྱུད་དང་། བྱེ་བྲག་ཏུ་མལ་ལམ་མར་གྱི་རིགས་རྒྱུད་ས་ཆ་འདི་དག་ཏུ་ཡོད་པར་གསུངས་སོ། །མལ་གྱི་རིགས་རྒྱུད་འདི་ལས་བོད་ཀྱི་སྐྱེས་ཆེན་དམ་པ་འཁྲུངས་ཚུལ་ཡང་།
མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་འདི་ཉིད་ཡར་འབྲོག་དོ་ནང་དུ་རབ་བྱུང་དང་པོའི་ཆུ་རྟ་༡༠༤༢ལོར་སྐུ་འཁྲུངས།འདི་ཉིད་ཀྱི་འགྱུར་ལ། བཀའ་འགྱུར་ལས་《འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་བོ་འབུམ་པ་ལས་བྱུང་བ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྟོགས་པ་ལེའུ་བདུན》་《ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ》ཞེས་པའི་ལེའུ་གཅིག་པ།《དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དངོས་གྲུབ་ཀྱི་རྟོག་པ》ཞེས་བྱ་བ་ལེའུ་བཞི་སྟེ་རྟོག་པ་བཞིར་གྲགས་པ། བསྟན་འགྱུར་ལས། 《ཀྱེེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས》《འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་མངོན་པར་རྟོགས་པ་》དང་《དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་བའི་འགྲེལ་བ》《བཅོམ་ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིད་བཞིན་ནོར་བུ》ཞེས་བྱ་བ།《ཚོགས་ཀྱི་འཁོར་ལོའི་ཆོ་ག》《དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་རྒྱ་ཆེན་པོ》《དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ》ཞེས་བྱ་བ་སོགས་མང་ངོ་། །
མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས། རབ་བྱུང་གོང་གི་ལོ་སྐོར་དྲུག་ཅུ་ཐ་མའི་ཆུ་བྱི་༡༠༡༢ལོ་ནས་རབ་བྱུང་གཉིས་པའི་མེ་གླང་༡༠༩༧ལོ་བར་འཚོ་ཞིང་བཞེས། འདིར་《དེབ་ཐེར་སྔོན་པོ》ལྟར་བྲིས། དགུང་ལོ་གྱ་དྲུག་ལ་བཞུགས། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་ཡིན། འཁྲུངས་ཡུལ་ལྷོ་བྲག་རྫོང་ཆུས་འཁྱེར་ཕུ། ཡབ་མར་པ་དབང་ཕྱུག་འོད་ཟེར་དང་ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་མིང་སྲིང་བཞིའི་གཉིས་པ་ཡིན། དགུང་ལོ་བཅོ་ལྔ་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སཾ་སྐྲྀ་ཏའི་སྐད་དང་སྒྲ་རིག་པ་ལ་སློབ་སྦྱོང་གནང་། དེ་ནས་རང་ཡུལ་དུ་བྱོན་ནས་གསེར་སྲང་བཅོ་ལྔ་ཙམ་བསྣམས་ཏེ་བལ་པོར་བྱོན། དེ་ནས་ཁ་རག་གཉོས་ལོ་ཙཱ་བ་དང་མཉམ་དུ་བྱུང་ཡང་ཁོང་རྒྱ་གར་དུ་ཕེབས། མར་པ་རང་ཉིད་ས་ཆུའི་འཕྲོད་བསྟེན་གྱི་ཆེད་དུ་བལ་པོར་ལོ་གསུམ་རིང་བཞུགས་ཏེ། དེའི་རིང་བལ་པོ་སྤྱི་ཐེར་བའི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། དེ་ནས་པཎ་ཆེན་ནཱ་རོ་བའི་དྲུང་དུ་བྱོན། དེ་ནས་རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་སློབ་དཔོན་ཡེ་ཤེས་སྙིང་པོའི་དྲུང་དུ་གསང་བ་འདུས་པ་ལ་གསན། གསེར་མང་པོ་བསྒྲུབས་ནས་རྒྱ་གར་དུ་ཕེབས་སྐབས་ནཱ་རོ་པ་སྤྱོད་པ་ལ་གཤེགས་ཟིན་ཡང་དཀའ་བ་མང་པོ་སྤྱད་ནས་བཙལ་བས་ནགས་གསེབ་ཤིག་ཏུ་མཇལ། དགུང་ལོ་ཞེ་གཉིས་པ་ལ་བོད་དུ་ཕྱིར་ཕེབས་ཏེ་བདག་མེད་མ་ཁབ་ཏུ་བཞེས། ལོ་ཤས་ནས་སླར་ཡང་གསེར་བསྣམས་ཏེ་རྒྱ་གར་དུ་ཕེབས་ནས་བླ་མ་མེ་ཏྲི་པ་དང་མཇལ་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། སྔ་ཕྱིར་རྒྱ་གར་དང་བལ་བོ་བཅས་སུ་ཕར་ཚུར་འབྱོན་སྐབས་ཁྲེས་པོ་བསྣམས་ནས་ཞབས་ཐང་དུ་ཕེབས་ཏེ། དུག་སྦྲུལ་གྱི་གླིང་དང་། བྱེ་ཐང་། དུག་ཆུ་བཅས་བརྒལ་ནས་དཀའ་སྤྱད་ཚད་མེད་པ་མཛད་དེ་བོད་དུ་ཚུར་ཕེབས་སྐབས་གསང་སྔགས་ཀྱི་ཆོས་དཔེ་མང་པོ་བསྣམས་ཏེ་དེ་དག་བོད་སྐད་དུ་བསྒྱུར་བ་གནང་། དགུང་ལོ་གྱ་དྲུག་པ་ལ་སྐུ་གཤེགས། ལོ་རྒྱུས་ཞིབ་པ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེ་བའི་ནང་མ་འཁོད་པ་མེད་ཅིང་། རྒྱས་ཤོས་ནི་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་《མར་བའི་རྣམ་ཐར་མཐོང་བ་དོན་ལྡན》ཞེས་པར་གཟིགས།
མལ་གྱོ་བློ་གྲོས་གྲགས། མལ་བློ་གྲོས་གྲགས་ཞེས་པའང་སྣང་ཧ་ལམ་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་བྱོན། འདི་ཉིད་ཀྱིས་རྒྱ་གར་ནས་མགོན་པོའི་ཆོས་སྐོར་དུ་མ་སྤྱན་དྲངས་ཏེ་མགོན་པོའི་དངོས་སློབ་རྒྱ་གར་གྱི་སློབ་དཔོན་ཨརྣ་ས་ལས་གསན་པ་གྲི་ཁུག་ལྕགས་དཔར་མ་སྨྱལ་པ་ཉི་མ་འབར་ལ་གནང་ནས་ཕྱིས་བེར་ནག་ཅན་དུ་གྲགས། བྲམ་ཟེ་མཆོག་སྲེད་ནས་ཤྲཱདྡྷ་ཀ་ར་། ལོ་ཆེན་རིན་ཆེན་བཟང་། བྲག་སེང་པ་ཡོན་ཚུལ་ལས་གསན་པ་གྲི་གུག་གཅེར་བུ་ནི་ས་ཆེན་ཀུན་དགའ་སྙིང་བོ་ལ་གནང་སྟེ་ཕྱིས་གུར་མགོན་དུ་གྲགས་སོ། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། 《དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་ཕྱག་རྒྱ་ཆེན་པོ》《རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ》ཞེས་བྱ་བ།《ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས》ཞེས་བྱ་བ་དང་དེའི་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ།《གཏམ་རྒྱུད་ཀྱི་རྟོགས་པ》《དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ》ཞེས་བྱ་བ།《འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ》ཞེས་བྱ་བའི་བསྟོད་པ་བཅས་སོ། །གུང་ཐང་བླ་མ་ཞང་གི་རྩ་བའི་བླ་མ། མལ་ཡེར་བ་ཞེས་པ་འདི་ཡང་མལ་རིགས་ཀྱི་སྐྱེས་ཆེན་དམ་པ་ཞིག་གོ །ཚ་ཁོ་ངག་དབང་གྲགས་པ། མཚན་གཞན་ལ་རྗེ་རིན་པོ་ཆེའི་ཐུགས་སྲས་མཁན་ཆེན་ངག་དབང་གྲགས་པ་ཡང་ཟེར། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ལ། འཁྲུངས་ཡུལ་ནི་རྒྱལ་མོ་ཚ་བ་རོང་ཡིན། དགུང་ལོ་གཞོན་པའི་སྐབས་སུ་དབུས་གཙང་དུ་ཕེབས་ནས་རྗེ་བཙུན་ཙོང་ཁ་པ་ལ་སོགས་པའི་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་གོ་འཕང་དམ་པར་མངའ་བརྙེས། རྗེ་ཙོང་ཁ་པ་ལས་བྱང་ཆུབ་ལམ་རིམ་པའི་ཁྲིད་དང་ལམ་གྱི་གཙོ་བོ་རྣམ་པ་གསུམ་གསན་ཏེ་མྱོང་བ་ཐོན་པར་མཛད། བླ་མེད་ཀྱི་དབང་རིམ་གཉིས་ཀྱི་མན་ངག་རྣམས་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བཞེས་པས་ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོ་ཐུགས་རྒྱུད་ལ་འཁྲུངས། ཁོང་གིས་རྗེ་ཙོང་ཁ་པ་བཀའ་བཞིའི་གྲྭ་སྒོར་མཛད་པའི་སྐབས་ནས་བཟུང་ཞབས་འབྲིང་པ་རྒྱུན་རིང་དུ་མཛད་དེ་མཉེས་པ་གསུམ་གྱིས་མཉེས་པར་མཛད། རབ་བྱུང་བདུན་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༤༡༠ལོར་མདོ་སྨད་དུ་ཕེབས་ཏེ་ཇ་ཕུ་སྟོད་དུ་ད་ཚང་ལྷུན་གྲུབ་གླིང་དང་། ཇ་ཕུའི་སྐེད་དུ་བ་མགོ་དགོན། ཇ་ཕུའི་སྨད་དུ་སུམ་མདོ་དགོན་པ། དམུ་དགེའི་ས་ཆར་བཀྲ་ཤིས་འཁོར་ལོ་དགོན་པ་སོགས་དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་ཅིང་རི་བོ་དགེ་ལྡན་པའི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བའི་འཕྲིན་ལས་རྒྱས། རྗེ་ཙོང་ཁ་པས་ཁོང་ལ། ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་ན་ནམ་ཞིག་ཚངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་བྱ། ཞེས་གསུངས་སོ། ཚ་ཁོ་བླ་ཆེན་ཚང་། ནང་སོ་ཆོས་ཀྱི་སེང་གེ་སོགས་སྐྱེས་ཆེན་དམ་པ་མང་པོ་ཟམ་མ་ཆད་པར་བྱོན་པ་རེ་རེ་ནས་འབྲི་བའི་ངལ་བ་མ་བྱས་ལ། མདོ་སྨད་དུ་མལ་བྲིས་ཞེས་པའི་བྲིས་རྒྱུན་གྲགས་ཅན་ཞིག་ཡོད་པ་འདི་ཡང་མལ་རིགས་ཀྱི་མཁས་པ་རྣམས་ཀྱི་ཕྱག་རྒྱུན་ལས་ཐོན་པ་ཞིག་ཡིན་ནོ། །
ཡུམ་གྱི་རུས་རྒྱུད་ནི་ཤིང་ཞེས་པ་ཡིན་པ་དང་། འདི་ནི་དམུ་ཚ་རྒ་ཡི་ཁོངས་སུ་གཏོགས་ལ་རྒ་བུ་དགུ་ལས་རྒ་འ་ཤིང་གི་རྒྱུད་ལ་ཤིང་ཞེས་གྲགས། མདོ་སྨད་ཙོང་ཁའི་ཡུལ་སོགས་ན་རུས་རྒྱུད་འདི་མང་པོ་ཡོད། དེས་ན་ཡབ་ཡུམ་གཉིས་ཀྱི་རུས་རྒྱུད་ནི་བོད་ཀྱི་རྩ་བའི་རུས་རྒྱུད་རྣམ་དག་ཏུ་ཐེ་ཚོམ་ཅུང་ཙམ་ཡང་ཟ་མི་དགོས་ལ། ད་དུང་མི་རིགས་གཞན་གྱི་རིགས་རྒྱུད་ཡིན་ཚུལ་བརྗོད་ན་ཡོད་པ་བཞག་སྟེ། མེད་པ་བཙལ་བའི་ལུགས་སུ་སོང་བས་སྙིང་བོ་ཅི་ཡང་མེད་པར་སེམས་སོ། །ཁྱད་པར་དུ་རྗེ་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་གསལ་བའི་མེ་ལོང་ལས། ད་ལྟའི་སློབ་མ་དགེ་སློང་པད་མའི་ངལ་ལྡན་འདི། བོད་གདོང་དམར་ཅན་གྱི་ཡུལ་དུ་བློ་བཟང་གྲགས་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རྒྱས་པར་བྱེད་པ་འོང་ཞེས་ལུང་བསྟན་མི་འགྱུར་རྡོ་རྗེ་ཚིག་གིས་རིགས་རུས་ཡུལ་ཕྱོགས་མཚན་དང་། བསྟན་པ་ལ་བྱ་བ་བྱེད་ཚུལ་སོགས་ལེགས་པར་གྲུབ་པས་སོ། །ཀླུ་འབུམ་ཞེས་པའི་མིང་འདི་ཡང་སྡེ་མིང་ཡིན་ནམ་སྙམ་སྟེ། སྤྱི་ལོ་རབ་བྱུང་བཅུ་གཅིག་པ་ཙམ་ལ་འཁྲུངས་པའི་ཀླུ་འབུམ་མི་རྒོད་ཅེས་པའི་གྲྭ་བ་སྟོབས་ལྡན་དེ་ཡང་སྐུ་འབུམ་དགོན་པ་ལ་ཚོ་བ་དྲུག་གམ། ཤོག་ཁ་དྲུག་ཡོད་པའི་ནང་གི་ཀླུ་འབུམ་ཚོ་བར་སྐུ་འཁྲུངས་པས་སྡེ་མིང་ཐོགས་པ་ཡིན་ལ། སྡེ་བའི་མཐའ་ན་ཆུ་མིག་ཧ་ཅང་མང་པོ་ཡོད་པའི་ཆ་ནས་སྡེ་མིང་ཀླུ་འབུམ་སྡེ་བ་ཞེས་ཐོགས་པར་གསུངས་སོ། །དེས་ཡབ་ཀླུ་འབུམ་དགེ་ད་ར་ཁ་ཆེ་ཞེས་པ་ཡང་འདི་དང་ཚོ་བ་གཅིག་གི་མི་ཡིན་པར་གསུངས་པས་ཀླུ་འབུམ་ཚོ་བའི་ད་ར་ཁ་ཆེ་ཞེས་པ་ཡིན་ནམ་སྙམ་སྟེ་དཔྱད་པའི་གཞིའོ། །སྡེ་བ་འདི་ད་སྐབས་ཀྱང་སྐུ་འབུམ་དགོན་པའི་ཉེ་འགྲམ་ན་གནས་སོ། །དམ་པ་འདི་ཉིད་ལ་མིང་སྲིང་ལྔ་ཡོད་པའི་གསུངས་ཚུལ་དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་༼ བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོལ་མེ༽ལས་སྲས་ལྔའམ་དྲུག་མངའ་བ་ལས། ཆེ་བ་གཙིག་གཏོར་བྱམས། དེ་འོག ཚེ་སོའམ་ཚེ་པོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་བོ། བློ་བསྟན་ནོ། །བདག་ཉིད་ཆེན་པོ་འདི་ནི་བཞི་བ་ཡིན་ཞེས་གསུངས་ལ། སྲས་ལྔ་དང་དེ་དག་རེ་རེར་མཚན་སོགས་འདོད་ཚུལ་ལ་རྣམ་ཐར་དག་ཕལ་ཆེར་མཐུན་མོད། བཀའ་གདམས་ཆོས་འབྱུང་ཚིག་ཟུར་ལ་ཨ་ཅེ་ཞིག་ཡོད་པར་མི་གསལ་ཡང་། ཨ་ཅེ་ཞིག་ཡོད་པར་མངོན་ཏེ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་༼རྣམ་ཐར་དགེ་ལེགས་ཀུན་འབྱུང་༽ ལས་ཡུམ་གྱིས་ཁོ་མོ་ན་སོ་རྒས། ད་ལྟ་ཅིས་ཀྱང་ཕ་ཡུལ་དུ་ལན་གཅིག་འོངས་བར་གྱིས། ཞེས་ཡི་གེ་དང་ཡུམ་རང་གི་དབུ་སྐྲ་ནས་མདོག་ཤིན་ཏུ་དཀར་བ་དུམ་བུ་གཅིག་བཅས་བསྐུར་བའི་ལན་དུ། རྗེ་ཉིད་ཀྱིས། མ་ཡུམ་དང་ཨ་ཅེ་གཉིས་ལ་ཤངས་མཚལ་གྱིས་བཞེངས་པའི་འདྲ་ཐང་རེ་བསྐུར་བའི་ལོ་རྒྱུས་སོགས་གསུངས་ཡོད་ལ། དེ་དང་མཐུན་པར་རྗེ་དཀོན་མཆོག་འཇིགས་མེད་དབང་བོས་མཛད་པའི་སྐུ་འབུམ་གདན་རབས་དང་། གསེར་ཏོག་ཚང་གི་གདན་རབས་གཉིས་སུ་ཡང་དེ་བཞིན་གསུངས་འདུག་པས་ཨ་ཅེ་ཞིག་ཡོད་པར་གསལ་བོར་རྟོགས་ཐུབ་ལ། དེས་ན་ཨ་ཅེའི་མཚན་ལ་ཅི་ཟེར་ཞེ་ན། ཆ་ཧར་དགེ་བཤེས་ཀྱི་གསུང་ལས་བསོད་ནམས་སྒྲོལ་མ་ཞེས་བྱུང་ཡང་། ཨ་ཅེ་མི་རབས་ཕྱི་མ་ད་ལྟ་སྡེ་བ་ཞིག་ཏུ་གྱུར་ནས་སྐུ་འབུམ་དགོན་པའི་ཉེ་འགྲམ་དུ་ཡོད་ལ། ཨ་ཅེ་གཞིས་ཀའི་ཤུལ་དུ་མཆོད་ཁང་སོགས་ད་སྐབས་དངོས་སུ་མཇལ་ས་ཡོད་པའི་སྡེ་བ་དེའི་མིང་ལ༼ཚོ་ཨར་ཅེས་༽ ཞེས་འབོད་པ་བོད་སྐད་ཀྱིས་འཚོ་སྐྱིད་ཅེས་པ་རྒྱ་སྐད་ཀྱི་བརྡ་མ་དག་པར་འབོད་ཚུལ་དང་ཧ་ཅང་མཚུངས་པས་ཨ་ཅེ་མིང་ལ་འཚོ་སྐྱིད་ཟེར་བ་རིམ་ཀྱིས་མི་རབས་ཕྱི་མ་ལ་མིང་དེ་ཐོགས་པ་ཡིན་ནམ་སྙམ་སྟེ་བོད་ཀྱི་ལུང་པ་སོ་སོར་དེ་ལྟར་འདོགས་ཚུལ་ཡང་ཡོད་པས་མཁས་པ་དག་གིས་དཔྱད་པར་འཚལ། ཨ་ཅེ་ལ་བསྐུར་བའི་བྲིས་ཐང་དེ་ད་ལྟ་གང་དུ་བཞུགས་ཤེ་ན། ཨན་འཇའ་སུ་བློ་བཟང་བྱང་ཆུབ་བསྟན་པའི་ཉི་མས་མཛད་པའི་སྐུ་འབུམ་དགོན་པའི་དཀར་ཆག་ལས། འཇམ་དབྱངས་ཀུན་གཟིགས་ཀྱི་སྐུའི་གཟུངས་གཞུག་ཏུ་བཞུགས་པར་གསུངས་སོ། །
དེས་ན་ཨ་ཅེ་ཞིག་དང་མིང་སྲིང་དྲུག་དང་དམ་པ་འདི་ཉིད་བཞི་བ་ཡིན་པར་ཤིན་ཏུ་གསལ་ལོ། །རྗེ་དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་རང་གི་ཕ་ཡུལ་ལ་ཐང་ཀ་གསུམ་བསྐུར་བར་གསལ་ཏེ། མ་ཡུམ་ལ་བསྐུར་བ་ཚོང་དཔོན་ནོར་བཟང་གིས་ཁྱེར་ཏེ། ད་སྐབས་ཁྭ་ཏའི་ཁ་བ་དགོན་དུ་བཞུགས་པ་འདི་ཉིད་ཡིན་པར་གྲགས་ལ། ཨ་ཅེ་ལ་བསྐུར་བ་འཇམ་པའི་དབྱངས་ཀྱི་སྐུའི་གཟུངས་གཞུག་ཏུ་བཞུགས་ལ། ཡབ་ལ་བསྐུར་བ་ནི་སྐུ་འབུམ་དགོན་པའི་ཉེ་འཁོར་གྱི་ཟུར་གཙང་སྡེ་བར་ཟུར་གཙང་དཔོན་ཚང་གི་མཆོད་གནས་མཆོད་རྟེན་གྱི་ནང་དུ་བཞུགས་ནས་ལོ་བརྒྱ་ཕྲག་མང་པོ་འགོར་ནས་སྤྱི་ལོ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་མཆོད་རྟེན་ལས་སྒྲ་ཡ་མཚན་ཅན་ཡང་ཡང་དུ་གྲགས་པ། རྟགས་དང་མཚན་མ་ཡ་མཚན་ཅན་འགའ་རེ་བྱུང་བའི་རྐྱེན་བྱས་ཏེ་ལོ་དེའི་ས་ག་ཟླ་བའི་ཚེས་བདུན་ཉིན་དགེ་འདུན་པ་མང་པོས་སེར་སྦྲེང་དང་བཅས་སྐུ་འབུམ་དགོན་པར་གདན་དྲངས་ཏེ་ད་ལྟ་གསེར་སྡོང་ཆེན་མོའི་བར་སོ་ན་བཞུགས་པ་ལགས་སོ། །བྲིས་ཐང་འདིས་རྒྱབ་ཏུ་རྗེའི་ཕྱག་བྲིས་དངོས་མ་མཇལ་རྒྱུ་ཡོད་པ་སྤྱི་ལོ་༡༣༨༠ ལོར་གནང་བ་ཡིན། ཕྱག་ཡིག་དེ་དག་གི་ནང་དོན་ལ་དཔྱད་གཞི་ཧ་ཅང་ཆེ་མོད་འདིར་གྱ་ཚོམ་དུ་འབྲི་མ་སྤོབས། ཐང་ག་འདི་དག་གི་ལོ་རྒྱུས་རྣམ་ཐར་སོགས་ན་ཅུང་མི་གསལ་ཡང་ཧ་ཅང་གལ་ཆེ་བས་འདིར་བཀོད་པའོ། །ཞེས་ཞར་བྱུང་དུ་བཀོད་ནས། ད་ནི་དཀྱིལ་ལ་འཇུག་པར་བྱ་སྟེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཁོང་ནི་སྤྱི་ལོ་རབ་བྱུང་དྲུག་པའི་མེ་བྱ་ལོའི་ཟླ་བ་བཅུ་བའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་དུ་སྐུ་འཁྲུངས་པར་སེམས་ཏེ། ལྷུམས་སུ་ཞུགས་པ་ནི་ལོ་དེའི་ཟླ་བ་དང་པོའི་ཚེས་བཅུའི་ཐོ་རངས་ཉིད་ཡིན་པར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། རྒྱལ་དབང་ཆོས་རྗེ་རྣམ་གཉིས་བཞེད་པ་ཡིན་ལ། དེ་ནས་ཟླ་དགུ་ངོ་བཅུ་བརྩིས་པས་ཕལ་ཆེར་ཚེས་གྲངས་ཀྱང་འགྲིག་ལ། ཁྱད་པར་དུ་སྟོན་པ་ཐུགས་རྗེ་ཅན། ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་མཛད་པ་གསུམ་ཀ་བསྟན་པའི་དུས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མཚུངས་པ་ལྟར་བདག་ཉིད་ཆེན་པོ་འདི་ཡང་དང་པོ་སྐུ་བལྟམས་པ་དང་། མཐར་མྱ་ངན་འདས་པའི་མཛད་པ་གཉིས་ཆར་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ལ་བསྟན་པར་ངེས་སོ། །ཞེས་རྒྱལ་དབང་ཆོས་རྗེ་གསུངས་པ་ནི་སྐྱེས་ཆེན་དམ་པའི་དགོངས་པ་བླ་ན་མེད་པའི་ཞལ་གསུངས་ཞིག་སྟེ། མཛད་པ་འདི་དག་དུས་ཚེས་གཅིག་ལ་བསྟན་པ་ལ་ཡང་རྟེན་འབྱུང་དང་འབྱུང་འགྱུར་གྱི་རྒྱུ་མཚན་དང་། དགེ་བ་བླ་ན་མེད་པ་སོགས་མཆིས་ན་ཡང་རང་ཅག་ལྟ་བུས་བཤད་པའི་རྔོ་མི་ཐོགས། ཕྱི་རྩོམ་འགའ་རེ་ནས་བཅུ་བའི་བཅོ་ལྔ་ལ་ངོས་འཛིན་པ་ནི་སུམ་པའི་ཆོས་འབྱུང་གི་རྗེས་སུ་འབྲངས་བ་ཙམ་ལས་སྒྲུབ་བྱེད་གཞན་ཅི་ཡང་མ་མཐོང་ལ། ཚེས་གྲངས་ཀྱང་མི་འགྲིག་པའི་ཕྱིར། སུམ་པའི་ཆོས་འབྱུང་ལས་དེ་ལྟར་གསུངས་ཡང་ཡི་གེ་ནོར་བ་ཡིན་ཞེས་རྒྱལ་དབང་ཆོས་རྗེ་ནས་དགོངས་པ་བླངས་བ་བཞིན་ལེགས་པར་ངེས་ཏེ། སྐྱེས་བུ་ཆེན་པོ་རྣམ་མངལ་གྱི་ཚེས་གྲངས་མ་རྫོགས་པར་མི་འཁྲུངས་ལ། ཚེས་གྲངས་ལྷག་མར་མངལ་དུ་བཞུགས་པ་མང་པོ་ཡོད་པ་མདོ་རྒྱུད་ཚད་ལྡན་དག་ལས་གསུངས་པས་སོ། །སྤྱིར་ན་མཉམ་མེད་ཙོང་ཁ་པ་ཞེས་མཉམ་མེད་ཅེས་པ་ཡང་ཚིག་སྦྱོར་གྱི་སྤྲོས་པ་ཙམ་ཞིག་མིན་པར། མཉམ་པ་མེད་ཚུལ་བཅོ་ལྔ་གསུངས་ལ། སྤྲུལ་གཞིའི་སྒོ་ནས་མི་མཉམ་པ། ལུང་བསྟན་གྱི་སྒོ་ནས་མི་མཉམ་པ། སྐྱེ་བ་མངོན་པར་སྐྱེས་པའི་སྒོ་ནས་མི་མཉམ་པ། སྦྱངས་པ་དང་སྦྱངས་པ་ཇི་ལྟར་ཐུགས་སུ་ཆུད་པའི་སྒོ་ནས་མི་མཉམ་པ། གསུང་རབ་ཐམས་ཅད་གདམས་པར་ཤར་བའི་སྒོ་ནས་མི་མཉམ་པ། སྒྲུབ་པའི་སྒོ་ནས་མི་མཉམ་པ། ལྟ་བའི་སྒོ་ནས་མི་མཉམ་པ། སྒོམ་པའི་སྒོ་ནས་མི་མཉམ་པ། སྤྱོད་པའི་སྒོ་ནས་མི་མཉམ་པ། འཆད་པའི་སྒོ་ནས་མི་མཉམ་པ། རྩོད་པའི་སྒོ་ནས་མི་མཉམ་པ། རྩོམ་པའི་སྒོ་ནས་མི་མཉམ་པ། བུ་ཆེན་སྒྲུབ་པའི་སྒོ་ནས་མི་མཉམ་པ། ཕྱག་རྗེ་བསྐྲུན་པའི་སྒོ་ནས་མི་མཉམ་པ། མདོར་བསྡུས་ཏེ་མི་མཉམ་པ་སྟེ་བཅོ་ལྔ་གསུངས་ལ། འདིར་སྐབས་སུ་བབས་པ་སྐྱེ་བ་མངོན་པར་སྐྱེས་བའི་སྒོ་ནས་མཉམ་པ་མེད་ཚུལ་ལྟ་བུར་མཚོན་ན་ཡང་། སྡོང་བོ་བཀོད་པའི་མདོ་ལས། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། །ཡིད་བཞིན་ནོར་བུ་འདོད་པ་འབྱིན་ཤིང་དང་། །ལམ་གོལ་འཁྱམས་པ་རྣམས་ལ་ལམ་སྟོན་འགྱུར། །ཞེས་དང་། བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། རེ་འགའ་གསོལ་འདེབས་དབྱངས་ཀྱི་གཟུངས། །རེ་འགའ་ཡིག་དྲུག་གཟུངས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ་། །བསྟན་ནས་བར་དུ་ཡང་ཡང་འོང་། །ཞེས་གསུངས་པ་ལྟར། རྒྱལ་དང་རྒྱལ་བའི་སྲས་རྣམས། །གདུལ་བྱའི་དོན་དུ་འགྱུར་ན་ལྗོན་ཤིང་སོགས་ཀྱི་རྣམ་པས་གདུལ་བྱའི་དོན་མཉམ་པ་མེད་པར་བྱེད་ཚུལ་གསུངས་པ་ལྟར། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་གཟུགས་སྐུ་ཨུ་དམ་ཝ་རའི་འཁྲི་ཤིང་བཞད་པའི་གནས་སུ་ཡང་། ཙན་དན་གྱི་ལྗོན་པ་ལོ་མ་རེ་རེ་སྟེང་དུ་རྒྱལ་བ་སེང་གེ་ང་རོའི་སྐུ་བརྙན་རང་བྱོན་དུ་བཞུགས་པ་འབུམ་ཕྲག་བཞད་པ་སྐྱེ་དགུ་རྣམས་ཀྱི་མངོན་སུམ་གྱི་ཡུལ་དུ་གྲུབ་པ་འདི་དག་གིས་ཀྱང་། གཞན་དང་མཉམ་པ་མེད་པའམ། ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་འཕྲིན་ལས་སོགས་མཚོན་ནུས་སོ། །
རང་བཞིན་བརྗོད་པའི་དྲང་གཏམ་ཡིན་གྱི་ཚིག་སྦྱོར་སྤྲོས་པའི་སྙན་ངག་མིན། །
འཇམ་མགོན་མཉེས་པའི་མཆོད་སྤྲིན་ཡིན་གྱི་གྲགས་སྐམ་མཐོན་པོའི་ངོ་འཛིན་མིན། །
གཟུར་གནས་སེམས་ཀྱི་ཚངས་ཐིག་ཡིན་གྱི་སྤྱི་བརྟོལ་མུན་པའི་མདའ་མོ་མིན། །
དད་གསུམ་འདུན་མའི་ཉེར་བསྡོགས་ཡིན་གྱི་དྲ་ངོས་བྱིས་པའི་ཟློས་གར་མིན། །
ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn