རྗེ་ཙོང་ཁ་པ་ཆེན་པོའི་རིགས་རུས་དང་འབྲེལ་བའི་གཏམ།
ནང་དོན་གནད་བསྡུས། ཉེ་རབས་རྗེ་ཙོང་ཁ་པ་ཆེན་པའི་རིགས་རུས་དང་ཡབ་ཀྱི་མཚན་ཟུར་སྐོར་ལ་བཤད་ཡམ་སྣ་ཚོགས་ཤིག་མཆིས་པ་ལ། རྩོམ་ཡིག་འདིར་རྗེ་ཙོང་ཁ་པ་ཆེན་པོའི་རིགས་རུས་གང་ལས་མཆེད་པ་དང་། ཡབ་ཀླུ་འབུམ་དགེའི་མཚན་ཟུར་ལ་ད་ར་ཁ་ཆེ་ཞེས་པའི་མིང་གི་ཐ་སྙད་ཇི་ལྟར་བྱུང་ཚུལ་དང་ཁོང་གི་གོ་ཐོབ་དང་དབང་ཐང་སྐོར་ལོ་རྒྱུས་ཡིག་ཚང་ལ་གཞི་བྱས་ཏེ་དཔྱད་པ་གནང་ཡོད།
བརྡ་ཆད་གཙོ་བོ། ཙོང་ཁ་པ། མལ། ད་ར་ཁ་ཆེ། དར་ཧན། ཀླུ་འབུམ་དགེ།
ཐོག་མའི་གཏམ།
དེ་ཡང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཀུན་གྱི་མ་རྩོམ་ལྟ་བུར་གྱུར་བ་མཁས་གྲུབ་རྗེས་མཛད་པའི་༼རྣམ་ཐར་དད་པའི་འཇུག་ངོགས༽ལས། ཡབ་ནི་“ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་ཡིན་ལ”ཞེས་དང་“འདིའི་གདུང་རུས་ནི་མལ་ཡིན་ལ། རྗེ་ཉིད་དང་གདུང་ཆོས་གཅིག་པ་ཙམ་དུ་གཏོགས་པ་ལ་མི་ངོ་སྟོང་ཕྲག་ལོངས་པ་ཡོད་ཅིང་། བདུན་བརྒྱུད་མ་ཆད་པའི་གཉེན་དང་སྣག་གི་གཉེན་མཚམས་ཀྱང་ཤིན་ཏུ་རྒྱས་པ་ཞིག་སྟེ། དེ་དག་ལས་སྔ་ཕྱིར་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་མང་པོ་ཞིག་བྱོན་པ་ཐམས་ཅད་ཀྱང་བརྟུལ་ཞུགས་མ་སྨད་ཅིང་། རྣམ་དཔྱོད་ཡངས་པའི་མིག་ཅན་ཤ་སྟག་གོ། ཞེས་གྲགས་སོ། །དེ་བས་ན་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་དེ་ལྟ་བུའི་རིགས་དང་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པའོ།།”ཞེས་བྱ་བའི་ཚིག་ལས་རྗེ་བླ་མ་ཙོང་ཁ་པའི་ཡབ་ཀྱི་མཚན་ལ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། རུས་ནི་མལ་གྱི་རིགས་ལས་མཆེད་ཅིང་། སྔོན་མ་ནས་ཁྱིམ་གཞི་ཆེན་པོ་འབྱོར་ཅིང་ཕྱུག་ལ། མི་རྒྱུད་དར་ཞིང་དབང་ཐང་ཅན་ཞིག་ཡིན་པ་གསལ་བར་བསྟན་ཡོད། ཡིན་ཡང་དེང་གི་ལ་ཤས་ཀྱིས་མཁས་གྲུབ་རྗེས་གསུངས་པའི་རྗེ་བླ་མའི་རུས་མལ་དང་ཡབ་ཀྱི་མཚན་ཟུར་གྱི་སྒྲ་ད་ར་ཁ་ཆེ་སོགས་ལ་དཔྱད་པ་གཏོང་ཁུལ་བགྱིས་ཏེ། བཤད་ཡམ་དང་འདོད་ཚུལ་སྣ་ཚོགས་པ་ཞིག་སྒྲོག་བཞིན་པ་ལ། འདིར་སྔོན་བྱུང་ཆོས་འབྱུང་དང་རྣམ་ཐར། སྐུ་འབུམ་ས་ཆའི་གནའ་མིའི་ངག་རྒྱུན་དང་དངོས་ཆས་དག་ལ་གཞི་བཅོལ་ནས་རྗེ་བླ་མའི་རིགས་རུས་དང་འབྲེལ་བའི་སྐོར་ཚིག་ཉུང་དོན་བསྡུས་ཀྱིས་བརྗོད་པར་བྱའོ།།
དང་པོ། རྗེ་ཙོང་ཁ་པ་མལ་གྱི་རུས་རྒྱུད་ལས་སྐུ་འཁྲུངས་ཚུལ།
མལ་ཞེས་པའི་རུས་རྒྱུད་འདི་བོད་ཀྱི་གནའ་བོའི་ལོ་རྒྱུས་ཡིག་ཚང་དག་ལས་མང་དུ་བྱུང་ཡོད་དེ། ཏུན་ཧོང་ཡིག་ཚང་ནས་ཐོན་པའི་བཙན་པོའི་ལོ་ཚིགས་གནད་བསྡུས་ཀྱི་ཨང་གྲངས་P.T.1288ཤོག་དྲིལ་ཐིག་ཕྲེང་༡༡ནས་༣༨ལས། “སྤྲེའུ་ལོ་ལ། བཙན་པོ་མལ་ཏྲོ་སྐེ་བྱེ་ན་བཞུགས། ཤྀང:བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆྀས་ཕར་ལོ་གཆིག”ཅེས་ཕྱི་ལོ༦༦༠ལོར་བཙན་པོ་རུས་མལ་གྱིས་བཟུང་བའི་ཡུལ་སྐེ་བྱེ་ཟེར་བའི་ཡུལ་དུ་བཞུགས་ཡོད་པའི་སྐོར་དང་། ཡང་ཏུན་ཧོང་ནས་ཐོན་པའི་B.M 8212(187)ཤོག་དྲིལ་ཁྲོད་ཀྱི་ཐིག་ཕྲེང་༤༡ལས། “གླང་གི་ལོ་ལ་བབསྟེ། དབྱར་བཙན་པོ་ཕོ་བྲང་ཟུ་སྤུགྀ་ཕོ་བྲང་སྡྀངསྣ་བཞུགས་དབྱར་འདུན་མལ་ཏྲོའྀ། བརྫེན་ཐང་དུ་འདུས་”ཞེས་ཕྱི་ལོ༧༦༡ལོར་མལ་ཏྲོའི་ཡུལ་གྱི་བརྫེན་ཐང་དུ་དབྱར་འདུན་གྱི་འདུ་ཚོགས་བསྡུས་ཚུལ་བཤད། ཏུན་ཧོང་ཡིག་ཚང་དུ་མལ་གྱི་རུས་དང་འབྲེལ་བའི་འདི་འདྲ་བའི་གནད་ཚིག་མང་དུ་མཆིས་ཤིང་སྲོང་བཙན་གྱི་སྲིང་མོ་བཙན་མོ་སད་མ་ཀར་གྱི་གླུ་ཚིག་ཏུ་ཡང་རུས་རྒྱུད་འདི་གླེང་ཡོད། འདི་དག་ལ་གཞིགས་ན་མལ་ཞེས་པ་ནི་བོད་བཙན་པོའི་དུས་སུ་བོད་ཀྱི་རུས་རྒྱུད་ཚོ་ཁག་གྲགས་ཅན་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་ལ། ༼རྣམ་ཐར་དད་པའི་འཇུག་ངོགས་༽ལས་ཀྱང་“མལ་གྲོ་ལྷ་ལུང་བའི་བླ་མ་བསོད་ནམས་གྲགས་པ་ལ་ཆོས་ལུང་ཡང་མང་རབ་གསན་ཅིང་”ཞེས་གསུངས་པ་བཞིན། དེང་ཡང་རུས་འདི་དང་འབྲེལ་བའི་ས་ཆ་དབུས་གཙང་དུ་མལ་གྲོ་གོང་ཁ་དང་མལ་གྲོ་ལྷ་ལུང་སོགས་རུས་མིང་ཡུལ་ལ་ཐོགས་པ་མ་ཉམས་པར་ཡོད།
དེ་ལྟ་བུའི་རུས་རྒྱུད་འདི་དབུས་གཙང་ཙམ་མ་ཟད་མདོ་སྟོད་སྨད་གཉིས་སུ་ཡང་མཆེད་དེ། རྗེ་བླ་མ་ཙོང་ཁ་པ་མཆོག་ཀྱང་རུས་རྒྱུད་འདི་ལས་འཁྲུངས་ཚུལ་མཁས་གྲུབ་རྗེའི་༼རྣམ་ཐར་དད་པའི་འཇུག་ངོགས་༽ལས། “འདིའི་གདུང་རུས་ནི་མལ་ཡིན་ལ།”ཞེས་དང་། དེ་དང་མཐུན་པར་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་༼རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས༽ལས་ཀྱང་། “རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་བ་བློ་བཟང་གྲགས་པའི་དཔལ་སྐུ་བལྟམས་པ་ནི། ཤར་ཙོང་ཁ་མལ་གྱི་ས་ཡིན་ལ་”ཞེས་རྗེ་བླ་མ་ཙོང་ཁ་པ་མཆོག་གི་གདུང་རུས་མལ་དང་། སྐུ་འཁྲུངས་པའི་གནས་འདི་རུས་མལ་གྱིས་བཟུང་བའི་ས་ཡིན་པར་གསུངས། དེ་ལས་ཀྱང་གསལ་བར་གསུངས་པ་ནི་དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་མཛད་པའི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་༼སུམ་པའི་ཆོས་འབྱུང་༽ཡིན་ལ། དེ་ཉིད་ལས་རྗེ་བླ་མ་ཙོང་ཁ་པའི་རིགས་རུས་གླེང་སྐབས་“ཡབ་ཀྱི་རིགས་ནི་འཛམ་གླིང་དུ་སྔོན་ལེགས་བྲིས་ལས་བབས་པའི་རྒྱུད་འཕེལ་བ་ལས་ཕྱིས་སུ་མི་རིགས་བཞི་བྱུང་བའི་ནང་ནས་རྗེ་རིགས་དང་། རུས་བོད་དཔའ་རིས་ཀྱི་མལ་ཞེས་གྲགས་པའི་ད་ར་ཁ་ཆེ་སོག་སྐད་དར་ཧན་ཞེས་རང་དབང་ཅན་ཀླུ་འབུམ་དགེ་ཞེས་བྱ་བ་དཔལ་འབྱོར་ཆེ་ལ་རང་བཞིན་བཟང་ཞིང་མཚན་བརྗོད་ཁ་ཏོན་བྱེད་པའི་སྐལ་ལྡན་དང་། ཡུམ་གཡོ་སྒྱུ་ཆུང་ཞིང་སེམས་རྒྱུད་འཇམ་པ་དང་ལྡན་པའི་ཤིང་བཟའ་ཨ་ཆོས་གཉིས་ལ་སྲས་དྲུག་ཡོད་པའི་བཞི་བར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པར་”ཞེས་རྗེ་བླ་མ་ཙོང་ཁ་པའི་ཡབ་ཀྱི་རུས་མལ་ཞེས་པ་ནི་བོད་ཀྱི་རུས་རྒྱུད་དུ་གཏོགས་པར་མ་ཟད། བོད་མདོ་སྨད་ཀྱི་རུས་རྒྱུད་ཆེན་པོ་“བོད་དཔའ་རིས་ཀྱི་མལ་”ཞེས་པའི་རིགས་ལས་མཆེད་པ་གསལ་བར་གསུངས། དཔའ་རིས་ནི་ལོ་རྒྱུས་སྟེང་བཙན་པོས་ས་སྲུང་དུ་མངགས་པའི་བོད་མདོ་སྨད་ཀྱི་རུས་རྒྱུད་ཆེ་ཤོས་དང་། མདོ་སྨད་ལྷོ་བྱང་གི་བོད་རིགས་མང་པོ་ཞིག་ཀྱང་འདི་ལས་མཆེད་པར་སྔོན་རབས་མཁས་པ་མང་པོས་གསུང་རྒྱུན་ན་འདུག་པས། སུམ་པའི་གསུང་དེ་ནི་ཧ་ཅང་འཐད་པར་ངེས་པའི་གཏམ་དུ་སྣང་།
འདི་དང་མཐུན་པར་དུས་རབས་བཅུ་དགུ་བའི་དཀྱིལ་དུ་གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་མགོ་ལོག་རུས་མཛོད་དུ་འབོད་པ་༼བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་༽ལས་ཀྱང་། “ཡང་ཤར་ཨ་མདོའི་ཡུལ་དུ་མལ་ཟེར་བའི་སྡེ་དཔོན་གྱི་གདུང་རིགས་ཡོད་ལ། ཙོང་ཁའི་ཡུལ་དུ་ཡབ་མལ་དཔོན་ཀླུ་འབུམ་རྡ་ར་ཁ་ཆེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ལས། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་ཐུབ་དབང་གི་བསྟན་པ་རིན་པོ་ཆེ་ལ་ཐུབ་དབང་གཉིས་པ་ལྟ་བུ་དེ་འཁྲུངས་ཤིང་། ཁམས་ཕྱོགས་འདིར་མལ་གྱི་མི་རིགས་འདི་ལ་སྐད་ཟུར་ཆགས་ནས་མ་ཟེར་ལ། གེ་འཕན་རྙིང་བའི་མངའ་ཞབས་ཀྱི་མ་ཟེར་བའི་ཚོ་བ་འདི་དག་འདི་རིགས་ཡིན་ཟེར་”ཞེས་མལ་གྱི་རུས་རྒྱུད་འདི་གནའ་བོའི་བོད་ཀྱི་གདུང་རུས་ཡིན་པ་དང་། ཨ་མདོ་ཙོང་ཁའི་ཡུལ་དང་ཁམས་ཕྱོགས་སུ་ཡང་རུས་རྒྱུད་འདི་ཡོད་པ་དང་། རྗེ་བླ་མ་ཙོང་ཁ་པ་མཆོག་ཀྱང་རུས་རྒྱུད་འདི་ལས་སྐུ་འཁྲུངས་ཚུལ་གསལ་བར་གསུངས། དེ་བས་“མལ་”ཞེས་པ་བཙན་པོའི་དུས་སྐབས་ནས་ཀྱང་ཡོད་པའི་བོད་རང་གི་རུས་རྒྱུད་ཆེ་ཁག་ཅིག་དང་། འཇམ་མགོན་བླ་མ་ཤར་ཙོང་ཁ་པ་མཆོག་ཀྱང་བོད་དཔའ་རིས་ཀྱི་རུས་ལས་མཆེད་པའི་མལ་གྱི་རིགས་སུ་གྱུར་བ་ཀླུ་འབུམ་དགེའི་སྲས་སུ་སྐུ་འཁྲུངས་པ་ཤེས་ནུས།
གཞན་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་མལ་ལ་སྐབས་རེར་“མར་”ཞེས་འབྲི་བ་ཡང་ཡོད་པར་འཆད་ལ། མལ་དང་མར་གྱི་རུས་ལས་འཁྲུངས་པའི་སྐྱེས་ཆེན་ཡང་དུས་རབས་བཅུ་གཅིག་པའི་དུས་འགོར་འཁྲུངས་པའི་མལ་གྱོ་བློ་གྲོས་གྲགས་པའམ་མལ་གྱི་བློ་གྲོས་གྲགས། ས་ཆེན་ཀུན་དགའ་སྙིང་བོ་དང་དུས་མཉམ་པའི་མལ་ལོ་ཙཱ་བ། མར་ཐུད་དད་པ་ཤེས་རབ་དང་མར་བ་བློ་གྲོས་བཟང་པོ། བཀའ་བརྒྱུད་པའི་མེས་པོ་མར་པ་ཆོས་ཀྱི་བློ་གྲོས་སོགས་འཁྲུངས་པར་བཤད། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་ལས་ཀྱང་“ཕྱོགས་འདིའི་ཁྱུང་ཚ་མར་ཚང་སོགས་ཀྱང་བོད་དབུས་ནས་མཆེད་དེ་འོང་བ་ལྟར་རོ།།”ཞེས་ཙོང་ཁའི་ཡུལ་ན་རུས་རྒྱུད་ཁྱུང་ཚ་དང་མར་ཚང་སོགས་འདུག་པ་ཡང་དབུས་ནས་མཆེད་ཚུལ་གསུངས་ལ། འདིའི“མར་”ཞེས་པ་ཡང་མལ་གྱི་སྒྲ་འགྱུར་ནས་བྱུང་བར་ངེས་སོ།།
གཉིས་པ། རྗེ་ཙོང་ཁ་པའི་ཡབ་ལ་ད་ར་ཁ་ཆེ་ཞེས་པའི་མཚན་བྱུང་ཚུལ།
རྗེ་ཙོང་ཁ་པ་ཆེན་པོའི་ཡབ་ཀྱི་མཚན་ཟུར་ལ་ད་ར་ཁ་ཆེ་ཞེས་ཐོག་མར་བྱུང་ས་ཡང་མཁས་གྲུབ་རྗེའི་༼རྣམ་ཐར་དད་པའི་འཇུག་ངོགས༽ཡིན་ལ། དེ་ཉིད་ལས་ཡབ་ནི་“ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་ཡིན་ལ”ཞེས་གསུངས། འདི་ལ་བརྟེན་ནས་རྗེའི་བླ་མའི་རྣམ་ཐར་ཕྱི་མ་རྣམས་སུ་ཡང་ཡབ་ཀྱི་མཚན་ཟུར་ལ་ད་ར་ཁ་ཆེ་ཞེས་པའི་ཚིག་འདི་ཡང་ནས་བསྐྱར་དུ་བྱུང་བ་ལས། ད་ར་ཁ་ཆེ་ཞེས་པའི་ཚིག་འདིའི་གོ་དོན་ཅི་ཞིག་ཡིན་པ་དང་། མི་རིགས་གང་ཞིག་གི་སྐད་ཡིན་པ་སོགས་ལ་དཔྱད་པ་གཏོང་མཁན་ཡུན་རིང་ལ་མ་བྱུང་བར་འདུག ཕྱིས་སུ་དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་བའི་ནང་བྱོན་པའི་སོག་པོའི་བླ་ཆེན་པོ་སུམ་པ་ཡེ་ཤེས་དཔལ་འབྱོར་དང་ཆ་ཧར་དགེ་བཤེས་གཉིས་ཀྱིས་སོག་སྐད་ཡིན་པར་གསལ་ཐག་ཆོད་པའི་སྒོ་ནས་གསུངས་ཡོད་དེ། ༼སུམ་པའི་ཆོས་འབྱུང་༽ལས། “ད་ར་ཁ་ཆེ་སོག་སྐད་དར་ཧན་ཞེས་རང་དབང་ཅན་ཀླུ་འབུམ་དགེ་ཞེས་བྱ་བ་དཔལ་འབྱོར་ཆེ་ལ་རང་བཞིན་བཟང་ཞིང་”ཞེས་ད་ར་ཁ་ཆེ་ནི་སོག་སྐད་དང་བོད་སྐད་དུ་རང་དབང་ཅན་ཡིན་པར་གསུངས་ལ། དེ་དང་མཐུན་པར་སོག་པོའི་དགེ་བཤེས་ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་རྗེའི་རྣམ་ཐར་ལས་ཀྱང་། “ཡབ་འདི་ནི་མང་པོས་བཀུར་ཞིང་། བྲེལ་མེད་པར་རང་དབང་དུ་གནས་པའི་ཆེད་དུ། དར་ཧན་ཞེས་སོག་སྐད་ཀྱི་མཚན་གསོལ་བ་ལ་མི་མང་གིས་ཟུར་ཆག་ཏུ་སྨྲས་པས་ད་ར་ཁ་ཆེ་ཞེས་མཚན་དུ་ཆགས་པར་སུམ་བྷ་རིན་པོ་ཆེས་མཛད་པའི་ཆོས་འབྱུང་དུ་གསུངས་སོ།།”ཞེས་རྗེ་བླ་མའི་ཡབ་ལ་དར་ཧན་ཞེས་པའི་སོག་སྐད་ཀྱི་མཚན་གསོལ་བ་ལ་མི་མང་གིས་ཟུར་ཆག་ཏུ་སྨྲས་པས་ད་ར་ཁ་ཆེ་ཞེས་མཚན་ཆགས་ཚུལ་གསུངས། མ་གཞི་བོད་ཀྱི་མཁས་པ་སྔ་མ་དག་སོག་སྐད་ལ་རྒྱུས་མེད་པས་དོན་འགྲེལ་གང་ཡང་མ་གསུངས་པ་དང་། སོག་པོའི་དགེ་བཤེས་འདི་གཉིས་སོག་རིགས་དང་རང་གི་སྐད་ཡིག་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བས་ཐ་སྙད་འདིའི་གོ་བ་གཞི་ནས་གྲོལ་བའོ།།
སོག་པོའི་དགེ་བཤེས་ཁོང་རྣམ་གཉིས་ནས་ད་ར་ཁ་ཆེ་ནི་སོག་སྐད་ཀྱི་དར་ཧན་ཞེས་པའི་མཚན་གསོལ་བ་ལས་སྒྲ་འགྱུར་བར་གསུངས་པ་འདི་བདེན་པར་སྙམ་སྟེ། ལོ་རྒྱུས་དངོས་ལ་བལྟས་ཡོང་དུས། རྗེ་བླ་མ་ཙོང་ཁ་པ་མཆོག་ཕྱི་ལོ༡༣༥༧ལོར་མདོ་སྨད་སྐུ་འབུམ་དུ་སྐུ་འཁྲུངས་དུས་ནི་སོག་པོ་ཡོན་རྒྱལ་རབས་ཀྱི་དབང་བསྒྱུར་གྱི་མཇུག་ཏུ་ཁེལ་ཡོད་ལ། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ནང་ས་གནས་ཀྱི་མི་དྲག་དང་བླ་སྤྲུལ་མང་པོར་དབང་བསྒྱུར་གྱི་དགོས་མཁོར་དམིགས་ནས་གོ་ཐོབ་ཀྱི་མཚན་བསྟོད་ཆོ་ལོ་དང་། དཔོན་གནས་སྤྲོད་པའི་ལམ་ལུགས་རྒྱུགས་ཆེ་ལ། སྐབས་དེའི་ཆོས་རྗེ་ས་པཎ་གྱི་སྤྲིང་ཡིག་ལས་ཀྱང་། “ངེད་ཀྱིས་ཏ་ར་ཁ་ཆེ་འདི་སྐོས་ན་འཐད་པ་ཨེ་ཡིན་ཟེར་བའི་ངོ་སྤྲོད་ཀྱིས་ལ་”ཞེས་གསུངས་པ་ལྟར། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ལས་ད་ར་ཁ་ཆེའམ་དར་ཧན་ཡང་སོག་སྐད་དུ་གོ་ས་མཐོ་གྲས་ཤིག་ལ་ངོས་འཛིན་པ་ཤེས་ནུས། གོ་གནས་འདི་ཕྱིས་སུ་སོག་པོ་ཡོན་རྒྱལ་རབས་ཀྱིས་རང་གི་མངའ་ཁོངས་སུ་གནས་པའི་མི་རིགས་གཞན་པ་རྒྱ་དང་བོད་སོགས་ལ་ཡང་ད་ར་ཁ་ཆེ་ཞེས་པའི་ཆོ་ལོ་དང་གོ་ས་སྟེར་བར་སྐབས་དེའི་ལོ་རྒྱུས་སུ་གསལ་བར་བཤད། དེ་བས་ཡབ་ཀླུ་འབུམ་དགེ་ལ་ཡང་སྐབས་དེར་ཡོན་རྒྱལ་རབས་ཀྱིས་ས་གནས་ཀྱི་དཔོན་ཐོབ་བམ་དར་ཧན་གྱི་ཆོ་ལོ་བསྩལ་བའི་སྒྲ་འགྱུར་ནས་“ད་ར་ཁ་ཆེ་”ཞེས་བོས་པ་ཡིན་ངེས་ལ། དེ་ལྟར་ཡིན་ཚུལ་སོག་པོ་རང་ཉིད་ཀྱི་དགེ་བཤེས་ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་རྗེའི་རྣམ་ཐར་ལས་“དར་ཧན་ཞེས་སོག་སྐད་ཀྱི་མཚན་གསོལ་བ་ལ་མི་མང་གིས་ཟུར་ཆག་ཏུ་སྨྲས་པས་ད་ར་ཁ་ཆེ་ཞེས་མཚན་དུ་ཆགས”ཞེས་གསལ་བོར་གསུངས་པ་གོང་དུ་དྲངས་པ་བཞིན་ལགས། འོན་ཀྱང་དེང་གི་ལ་ཤས་ཀྱིས་ཡབ་ཀླུ་འབུམ་དགེའི་མཚན་གྱི་“ད་ར་ཁ་ཆེ་”ཞེས་པ་སོག་སྐད་ཀྱི་སྒྲ་ཟུར་ཆགས་པ་དང་། དེ་སོག་སྐད་ཡིན་པར་བཤད་པ་ལ་གཞིགས་ནས་རྗེ་བླ་མ་ཉིད་སོག་པོའི་རུས་རྒྱུད་ཡིན་པར་སྨྲ་བ་ནི། ལོ་རྒྱུས་ཀྱི་ཡིག་ཚང་མ་མཐོང་བའི་སྐྱོན་དང་། རང་གི་འདོད་ཞེན་དང་བཤད་ཡམ་ཙམ་ལས་གང་ཡང་མ་ཡིན་ལ། སོག་པོ་རང་ཉིད་ཀྱི་མཁས་པ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་རྗེ་བླ་མ་ཙོང་ཁ་པའི་རུས་ནི་“བོད་དཔའ་རིས་ཀྱི་མལ་”གྱི་རིགས་ཡིན་པར་ཞལ་འཆེས་པ་དང་། ཆ་ཧར་ཚང་གིས་ཀྱང་རྗེ་ཙོང་ཁ་པའི་ཡབ་ནི་བོད་ཀྱི་རུས་རྒྱུད་ཡིན་པ་གཞིར་བྱས་ཏེ་ཁོང་ལ་“དར་ཧན་ཞེས་སོག་སྐད་ཀྱི་མཚན་གསོལ་”ཚུལ་དང་། ༼བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་༽ལས་ཀྱང་བོད་མི་བུ་གདོང་དྲུག་གི་རུས་ལས་མཆེད་ཚུལ་གསལ་བར་གསུངས་པ་སོགས་གོང་དུ་དྲངས་པས་ཤེས་ནུས་སོ།།
ལར་སོག་སྐད་ཀྱི་མཚན་བསྟོད་ཙམ་གྱིས་སོག་པར་འགྱུར་དགོས་ན། རྒྱལ་དབང་སྐུ་ཕྲེང་གསུམ་པ་ལ་སོག་རྒྱལ་ཨན་ཐན་ཡེས་“ཏཱ་ལའི་བླ་མ་”ཞེས་པའི་མཚན་བསྟོད་ཕུལ་མྱོང་བས་སྐུ་ཕྲེང་གསུམ་པ་ཉིད་སོག་པོ་ཡིན་དགོས་ལ། གཞན་ལོ་རྒྱུས་སྟེང་བོད་ཀྱི་བླ་སྤྲུལ་མང་པོ་ལ་བོད་དབུས་ནས་རྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱིས་“པཎྜི་ཏ་”དང་“ནོ་མོན་ཧན་”དང་། མན་ཇིའི་གོང་མས་“ཨེར་ཏེ་ནི་”དང“ཧོ་ཐོག་ཐུ་”འི་ཆོ་ལོ་དང་མཚན་བསྟོད་སོགས་མང་དུ་ཕུལ་མྱོང་བས། དེ་དག་ཀྱང་རྒྱ་གར་བ་དང་མན་ཇི། སོག་པོ་སོགས་སུ་འགྱུར་དགོས་པ་མ་ཡིན་ནམ། ཡང་གཅིག་བཤད་ན། ད་ལྟའི་བར་བོད་ཡིག་ཏུ་རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་དྲུག་ཅུ་ལྷག་བྱུང་བའི་ནང་རྗེ་ཙོང་ཁ་པའི་རུས་ནི་བོད་ཀྱི་རུས་རྒྱུད་དུ་གཏོགས་པ་རྩོད་མེད་གཞིར་བཞག་གི་སྟེང་ནས་གསུངས་པ་ལས། སོག་པོ་ཡིན་པའི་ཚིག་ཅིག་རྣམ་ཐར་གང་དུ་ཡང་མི་འདུག་པ་དང་། རྗེ་ཙོང་ཁ་པའི་འཁྲུངས་ཡུལ་སྐུ་འབུམ་ས་ཆའི་ལོ་རྒྱུས་ངོས་ནས་བཤད་ན་ཡང་། ཕྱི་ལོ༡༧༤༨ལོར་བཞེངས་པའི་སྐུ་འབུམ་དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་སྒོ་བཞིའི་ནང་རྟེན་དུ་སྔོན་གྱི་རྗེ་བླ་མའི་འཁྲུངས་གཞིས་སྦྲ་ནག་དང་། ཕྱི་ལོ༡༧༧༧ལོར་བཞེངས་པའི་སྐུ་འབུམ་མཆོད་རྟེན་བརྒྱད་པའི་ནང་རྟེན་དུ་འཁྲུངས་གཞིས་སྦྲ་ནག་གི་ཀ་བ་བརྒྱད་སོགས་བཞུགས་པར་བཤད་པས་ཀྱང་། ཡབ་ཀླུ་འབུམ་དགེ་ཚང་ནི་སོག་པོའི་གུར་ནང་མ་ཡིན་པར་བོད་སྦྲ་ནག་ཅན་དུ་སྡོད་མཁན་ཞིག་ཡིན་པ་ཤེས་ནུས་ལ། རྗེ་བླ་མའི་ཡབ་ཀྱི་མཚན་ལ་ཀླུ་འབུམ་དགེ་དང་མ་ཡུམ་གྱི་མཚན་ལ་ཤིང་བཟའ་ཨ་ཆོས་ཞེས་པས་ཀྱང་། ཡབ་ཀླུ་འབུམ་དགེ་ནི་བོད་ཀྱི་རུས་རྒྱུད་གཤའ་མ་རུ་འཛིན་པའི་སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཀླུ་འབུམ་ཚོ་བའི་མི་ཡིན་པ་དང་། ཤིང་བཟའ་ཞེས་པ་ཡང་བོད་ཀྱི་གནའ་བོའི་མི་ཆེན་གྱི་སྲས་མོ་དག་ལ་འབོད་པའི་བརྡ་རྙིང་ཡིན་པ་ཤེས་ནུས། གཞན་རྗེ་རང་ཉིད་ཀྱི་སྐུ་མཆེད་དག་གི་མཚན་ལ་སྐུ་འབུམ་གདན་རབས་དང་ཆོས་འབྱུང་དག་ཏུ་“གཙུག་ཏོར་བྱམས། ཚེ་པོ། ཚེ་དབང་རྒྱལ། བློ་བརྟན་”ཞེས་བོད་ཀྱི་སྐད་བརྡ་ཤ་སྟག་བྱུང་བས་ཀྱང་གསལ་བར་བདེན་དཔང་བྱེད་ནུས་པས་མང་པོ་ལབ་མི་དགོས་སོ།།
གསུམ་པ། རྗེ་ཙོང་ཁ་པའི་ཡབ་ནི་གོ་ཐོབ་ཅན་ཞིག་ཡིན་ཚུལ།
རྗེ་བླ་མའི་ཡབ་ཀླུ་འབུམ་དགེ་ནི་འབྱོར་ཕྱུག་དང་གོ་ཐོབ་ཅན་ཞིག་ཡིན་ཚུལ་ཡང་ང་ཚོ་རྗེ་བླ་མའི་རྣམ་ཐར་དག་ལ་མཇལ་དུས་རང་བཞིན་གྱིས་ཤེས་ཡོང་སྟེ། ༼རྣམ་ཐར་དད་པའི་འཇུག་ངོགས་༽ལས། ཡབ་ཀླུ་འབུམ་དགེ་ནི་ཁྱིམ་གཞི་ཆེན་པོ་འབྱོར་ཅིང་ཕྱུག་ལ། མི་རྒྱུད་དར་ཞིང་དབང་ཐང་ཅན་ཞིག་ཡིན་པ་གོང་དུ་བསྟན་པ་བཞིན་དང་། རྗེ་བླ་མ་མཆོག་དང་འཁྲུངས་ཡུལ་གཅིག་ཅིང་རྗེ་བླ་མའི་འཁོར་དག་པ་རྣམ་རྒྱལ་གྱི་ནང་གྲས་རྗེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་༼རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས༽ལས། “དེ་ནས་དབུས་སུ་མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཏུ་ཞང་པོ་གཉིས་དང་འགྲོགས་ནས་བྱོན་”ཞེས་དང་། མཁས་གྲུབ་རྗེའི་༼རྣམ་ཐར་དད་པའི་འཇུག་ངོགས་༽ལས།“དེ་ནས་འབྲི་གུང་ཐེལ་པའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན་”ཞེས་སོགས་ལ་དཔག་ནའང་། རྗེ་བླ་མ་ཉིད་དབུས་སུ་ཕེབས་སྐབས་རང་གི་ཞང་པོ་གཉིས་ཀྱིས་སྐྱེལ་མ་དང་། “འཕྲིན་ལས་པ་”ཞེས་ཞབས་ཕྱི་བའི་རིགས་དང་བཅས་ཁྱིམ་ཆེན་གྱི་བུ་རྒྱུད་ཅིག་གི་ངོ་བོའི་ཐོག་ནས་དབུས་སུ་སློབ་གཉེར་དུ་ཕེབས་པར་སྙམ་ཞིང་། ༼རྣམ་ཐར་དད་པའི་འཇུག་ངོགས་༽ལས། ཕྱིས་རྗེ་བླ་མ་དགུང་ལོ་ཉེར་གཉིས་པའི་གནས་སྐབས་སུ་གཙང་ངམ་རིང་ཆོས་སྡེ་ན་བཞུགས་པའི་སྟོན་དུས་སུ། “འཁྲུངས་ཡུལ་ནས་རྐྱེན་དུ་བབ་པའི་འཚོག་ཆས་ཅི་རིགས་པ་འཕྲིན་ལས་པའི་ནང་དུ་འབུལ་བ་བསྐུར་ཡོད་པ་འདྲ་ཟེར་ནས་དེ་བཞེས་པ་ལ་སོགས་པའི་སླད་དུ་ངམ་རིང་ནས་ས་སྐྱ་ལ་མཛད་དེ་དབུས་སུ་བྱོན”ཞེས་འཁྲུངས་ཡུལ་ནས་འཚོག་ཆས་ཅི་རིགས་པ་འཕྲིན་ལས་པའི་ནང་དུ་འབྱོར་ཟེར་བའི་“འཕྲིན་ལས་པ་”ཞེས་པ་འཁྲུངས་ཡུལ་ནས་རྗེ་བླ་མར་ཞབས་ཕྱི་བ་ཆེད་དུ་བཞག་པ་ཨེ་ཡིན་སྙམ་ལ། དེ་དུས་མ་ཡུམ་ཤིང་བཟའ་ཨ་ཆོས་མཆོག་གིས་ཕ་ཡུལ་དུ་ཕེབས་དགོས་པའི་ཞུ་བ་ནན་ཆེར་གནང་དུས་ཀྱང་“ཡུམ་དང་ཨ་ཅེ་གཉིས་ལ་རྗེ་ཉིད་ཀྱི་སྐུ་ཐང་རེ་དང་། རྒྱལ་བ་སེང་གེའི་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་གནང་བའི་ལན་སྐྱེལ་བར་རྗེ་དབོན་གྲགས་པ་རྒྱལ་མཚན་གཏོང་བར་མཛད་”ཅེས་སྐུ་འབུམ་གདན་རབས་༼ཚངས་པའི་དབྱངས་སྙན་༽དང་༼གདན་རབས་མུ་ཏིག་ཕྲེང་བ་༽ལས་གསུངས་པ་ལ་བསམ་ན་ཡང་། རྗེ་བླ་མ་དབུས་སུ་སློབ་གཉེར་གྱི་གནས་སྐབས་སུ་ཡང་མདོ་སྨད་ནས་བྱོན་པའི་འཁོར་ཞབས་ཕྱི་བ་རྗེ་དབོན་གྲགས་པ་རྒྱལ་མཚན་ཡོད་པ་ལན་སྐྱེལ་བར་མངགས་པས་ཀྱང་ཤེས་ནུས། གཞན་༼སུམ་པའི་ཆོས་འབྱུང་༽ལས། “ཡབ་ཀྱི་རིགས་ནི་འཛམ་གླིང་དུ་སྔོན་ལེགས་བྲིས་ལས་བབས་པའི་རྒྱུད་འཕེལ་བ་ལས་ཕྱིས་སུ་མི་རིགས་བཞི་བྱུང་བའི་ནང་ནས་རྗེ་རིགས་དང་”ཞེས་གསུངས་པའི་“རྗེ་རིགས”ནི་སྐུ་དྲག་གམ་འབྱོར་ལྡན་ཁྱིམ་རྒྱུད་ལ་བཤད། འདིས་ཀྱང་ཡབ་ཀླུ་འབུམ་དགེ་ནི་དཔོན་གནས་དང་དབང་ཐང་ཅན་ཞིག་ཡིན་པ་ཤེས་ནུས་པས། སུམ་པ་ཚང་དང་ཆ་ཧར་ཚང་རྣམ་གཉིས་ནས་རྗེ་ཙོང་ཁ་པའི་ཡབ་ནི་ད་ར་ཁ་ཆེ་ཞེས་སོག་སྐད་དུ་དར་ཧན་ཏེ་རང་དབང་ཅན་གྱི་གོ་ཐོབ་ཡོད་པ་ལྟ་བུ་གསུངས་པ་ཡང་དོན་ལ་གནས། ལྷག་པར་བསམ་དགོས་པ་ཞིག་ལ་ཡབ་ཀླུ་འབུམ་དགེའི་ཆུང་མའི་མཚན་ལ་“ཤིང་བཟའ་ཨ་ཆོས་”ཞེས་འབོད་པས་ཐུན་མིན་གྱི་གསལ་བྱེད་ཅིག་གནང་ཐུབ་པ་ནི། བོད་ཀྱི་ལོ་རྒྱུས་སུ་རྒྱལ་བོ་དང་མི་ཆེན་གྱི་སྲས་མོ་དག་ལ་རུས་ཀྱི་རྗེས་ལ་“བཟའ་”ཞེས་པའི་བརྡ་སྦྱར་ཏེ་རྒྱལ་བོ་དང་། མི་དཔོན་སོགས་ཀྱི་བཙུན་མོར་མངའ་གསོལ་བ་བཞིན། ཤིང་བཟའ་ཨ་ཆོས་ཀྱང་བོད་ཀྱི་མི་ཆེན་ཞིག་གི་སྲས་མོའི་མིང་ཐོག་ནས་ཀླུ་འབུམ་དགེ་ཚང་ལ་མནའ་མར་ཡོང་བར་ངེས་པས། འདིས་ཀྱང་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ནི་རིགས་རུས་མཐོ་ཤོས་ཀྱི་མི་ཆེན་གཉིས་གཉེན་དུ་བསྡེབས་པ་ཤེས་ནུས། གཞན་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཟུར་འདེབས་ལས་“ཡབ་དེ་མཚན་བརྗོད་ཁོ་ན་ཞལ་འདོན་མཛད་ཅིང་ཡོད་པས”ཞེས་རྗེ་བླ་མའི་ཡབ་དེ་ཉིད་འཇམ་དཔལ་མཚན་བརྗོད་ཞལ་འདོན་གནང་མཁན་དང་ཆོས་ཀྱི་སྐུ་ཡོན་གང་འཚམ་ལྡན་པ་ཞིག་ཡིན་པར་བཤད་པས་ཀྱང་ཡབ་དེ་ཉིད་སྤྱིར་བཏང་གི་མི་རང་ག་བ་ཞིག་མིན་པ་རྟོགས་ནུས་བསམ།
གཞན་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ཚོ་བའི་ཟུར་ཚང་སྡེ་བའི་རྒན་པའི་ངག་རྒྱུན་ན། ཟུར་ཚང་ཞེས་པ་རྗེ་བླ་མའི་ཡབ་ཀླུ་འབུམ་དགེས་དཔོན་གནས་དགོངས་ཞུ་བྱས་ཏེ་ཡུལ་འདིར་ཟུར་དུ་བཞུགས་པས་“ཟུར་ཚང་”ཞེས་མིང་ཐོགས་པ་དང། དེ་དང་ཉེ་བའི་ཕ་གཞིས་དང་ཕ་གཞིས་རི་ཁྲོད་ཅེས་པ་ཡང་རྗེ་ཙོང་ཁ་པའི་ཡབ་བམ་ཕ་ཀླུ་འབུམ་དགེ་ཡི་གཞིས་ཀ་ཆགས་སའི་གནས་ཡིན་པས་“ཕ་གཞིའམ་ཕ་གཞིས་”ཞེས་པའི་མིང་ཐོགས་པར་བཤད་པ་སོགས་ལ་གཞིགས་ན་ཡང་། ཡབ་ཀླུ་འབུམ་དགེ་ནི་དཔོན་གནས་ལྡན་པ་དང་དབང་ཐང་ཅན་གྱི་མི་དྲག་ཅིག་ཡིན་པ་ཤེས་ཐུབ། ཟུར་ཚང་སྡེ་བ་འདི་རྗེ་བླ་མའི་ཡབ་ཀླུ་འབུམ་དགེ་དང་ཁོང་གི་ཁྱིམ་རྒྱུད་དང་འབྲེལ་བ་ངེས་ཅན་ཡོད་ངེས་ཏེ།སྡེ་འདིའི་ཟུར་གྱི་མཆོད་ཁང་དུ་གྲགས་པའི་ཁང་རྙིང་དེ་རྗེའི་མ་ཡུམ་མམ་ཨ་ཅེ་ཡི་ཁྱིམ་གཞིས་ཡིན་པའི་ངག་རྒྱུན་དེང་གི་བར་དུ་ཡོད་ལ། ད་ལྟ་རྗེ་གསེར་སྡོང་ཆེན་མོར་བཞུགས་པའི་རྗེ་བླ་མའི་ཞལ་ཐང་ཚེ་བུམ་མ་དེ་ཕྱི་ལོ༡༩༤༠ལོར་ཟུར་ཚང་སྡེ་བའི་དཔོན་པོའི་མཆོད་ཁང་ནས་གདན་དྲངས་པ་ཡིན་ལ། ཞལ་ཐང་འདི་སྔོན་རྗེ་བླ་མས་ཡབ་ཀླུ་འབུམ་དགེ་ལ་དབུས་ནས་བསྐུར་ཞིང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཟུར་ཚང་སྡེ་བའི་ཟུར་དགེ་དཔོན་ཚང་གི་མཆོད་རྟེན་རྙིང་བའི་གཟུང་གཞུག་ཏུ་བཞུགས་ཚུལ་ཞལ་ཐང་དེ་ཉིད་ཀྱི་དཀར་ཆག་རྙིང་བར་གསལ་བ་དང་། ལྷག་པར་བསམ་དགོས་པ་ཞིག་ལ་ཡབ་“ཀླུ་འབུམ་དགེ་”ཞེས་པ་དང་“ཟུར་དགེ་དཔོན་པོ་”ཞེས་གཉིས་ཀའི་མཚན་ཟུར་ན་“དགེ་”ཞེས་པའི་ཡིག་འབྲུ་འདུག་པས་ཀླུ་འབུམ་དགེ་དང་ཟུར་ཚང་སྡེ་བའི་ཟུར་དགེ་དཔོན་ཚང་གཉིས་ལ་འབྲེལ་བ་ཁྱད་པར་བ་ཞིག་ཡོད་ངེས་བསམས་པས་དཔྱད་གཞི་ཆེའོ།།
གཞན་རྗེའི་ཞལ་ཐང་རྙིང་བ་དེའི་དཀར་ཆག་ཏུ་རྗེ་བླ་མའི་ཡབ་ཀྱི་མཚན་ལ་“ཀླུ་འབུམ་དགེ་དོན་གྲུབ་ལེགས་པ་”ཞེས་བྲིས་པ་དང་། ༼རྣམ་ཐར་དད་པའི་འཇུག་ངོགས་༽སོགས་སུ་“ཀླུ་འབུམ་དགེ་”ཞེས་གསུངས་པས་“ཀླུ་འབུམ་”ནི་སྐུ་འབུམ་ཚོ་དྲུག་གི་ཁོངས་གཏོགས་ཀླུ་འབུམ་ཚོ་བའི་མིང་སྟེ། ཡབ་ཀླུ་འབུམ་དགེ་ཉིད་ཀླུ་འབུམ་ཚོ་བར་གཏོགས་པས་མཚན་གྱི་འགོར་“ཀླུ་འབུམ་”ཞེས་མཚན་ཆགས་པ་དང་། རྗེ་བླ་མའི་འཁྲུངས་ཡུལ་སྐུ་འབུམ་དགོན་པ་དང་ཟུར་ཚང་སྡེ་བའི་ཕྱོགས་འདི་ཀླུ་འབུམ་ཚོ་བའི་སའི་ཆར་གཏོགས་སུ་གྱུར་བས་ཀྱང་ཤེས། ཞལ་ཐང་དཀར་ཆག་གི་“དོན་གྲུབ་ལེགས་པ་”ནི་ཡབ་ཀྱི་མཚན་དངོས་ཡིན་པར་བསམས་སོ།།
གཞན་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་༼ལེགས་བཤད་ཀུན་འདུས༽ལས། “སྤྲེའུ་ལོའི་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་འཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང༌། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱེད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས། ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་བས། ཡབ་དེ་མཚན་བརྗོད་ཁོ་ན་ཞལ་འདོན་མཛད་ཅིང་ཡོད་པས། འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་སྙམ་པ་བྱུང་སྐད་”ཅེས་གསུངས། འདི་ལ་གཞིགས་ན་ཡབ་ཀླུ་འབུམ་དགེ་ཚང་ལ་སྦྲ་ནག་ལས་གཞན་ཁང་ཁྱིམ་ཆེན་པོ་ཉིས་ཐོག་དང་སྟེང་ན་མཆོད་ཁང་དང་བཅས་ཡོད་པའི་གཞིས་ཀ་ཞིག་ཀྱང་ཡོད་པར་ངེས་ལ། སྐུ་འབུམ་རྒན་རབས་དག་གི་ངག་རྒྱུན་ན། རྗེ་བླ་མའི་ཁྱིམ་གཞིས་ནི་ཟུར་ཚང་སྡེ་བའི་ཕྱོགས་དེ་དང་། ད་ལྟའི་སྐུ་འབུམ་གྱི་གནས་དེ་ནི་རུ་བ་སྟོན་ས་འབབ་གནས་ཡིན་པས་ཡབ་ཀླུ་འབུམ་དགེ་ཚང་གི་རུ་བ་སྟོན་ས་ན་ཡོད་དུས་རྗེ་བླ་མ་ཉིད་སྐུ་འཁྲུངས་པར་བཤད། སྐུ་འབུམ་གདན་རབས་དང་ཆོས་འབྱུང་མང་པོར་རྗེ་བླ་མ་ཉིད་ཧོར་ཟླ་བཅུ་བའི་ཚེས་བཅུ་ལ་འཁྲུངས་པར་བཤད་པའི་དུས་ཚིགས་ཀྱང་ཕལ་ཆེར་སྟོན་དུ་གཏོགས་པས་ངག་རྒྱུན་དེ་བདེན་ཤེས་ཆེ། དེ་ལྟར་ན་ཡབ་ཀླུ་འབུམ་དགེ་ཚང་དགུན་སར་ཁང་བ་དང་སྟོན་སར་སྦྲ་ནག་ཕུབ་སྟེ་བཞུགས་པར་ཡང་བསམས་སོ།།
མཇུག་བསྡུ་བའི་གཏམ།
དེ་ལྟར་མལ་ཞེས་པ་འདི་བོད་གདོད་མའི་དུས་ཀྱི་རུས་རྒྱུད་ཆེན་པོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དུས་རིམ་ནང་རུས་རྒྱུད་འདི་རིམ་གྱིས་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་པ་བྱུང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཡབ་ཀླུ་འབུམ་དགེ་ཡང་བོད་མདོ་སྨད་དཔའ་རིས་ཀྱི་མལ་གྱི་རིས་རྒྱུད་འདི་ལས་མཆེད་ཅིང་། སྐབས་དེར་སོག་པོ་ཡོན་རྒྱལ་རབས་ཀྱིས་ས་གནས་ཀྱི་མི་དཔོན་དར་ཧན་ཏེ་ད་ར་ཁ་ཆེ་ཞེས་པའི་མཚན་བསྟོད་ཆོ་ལོ་གནང་། ཁོང་ནི་ཁྱིམ་གཞི་ཆེན་པོ་འབྱོར་ཅིང་ཕྱུག་ལ་མི་རྒྱུད་དབང་ཐང་ཅན་ཞིག་དང་། ཁོང་གི་སྲས་སུ་འཁྲུངས་པའི་རྗེ་བླ་མ་ཙོང་ཁ་པ་མཆོག་སྐུ་ན་གཞོན་དུས་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཐུགས་དགོངས་བཞིན་རབ་ཏུ་བྱུང་བར་ཕུལ་ཞིང་། དབུས་སུ་སློབ་གཉེར་དུ་ཕེབས་དུས་ཀྱང་ཁྱིམ་ཆེན་གྱི་བུ་རྒྱུད་ཅིག་གི་ངོ་བོའི་ཐོག་ནས་ཞང་བོ་གཉིས་ཀྱིས་སྐྱེལ་མ་དང་བཅས་ཕེབས་པ་དང་། དབུས་སུ་བཞུགས་དུས་ཀྱང་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱིས་སྔ་ཕྱིར་མཐུན་རྐྱེན་དང་ཞབས་ཕྱི་བ་སོགས་མངགས་ཏེ། རྗེ་བླ་མའི་སྐུ་ཚེ་གཅིག་གི་ཐོས་བསམ་སྒོམ་གསུམ་ལ་བདག་རྐྱེན་ཚད་མེད་གནང་བ་རྣམ་ཐར་དང་ཆོས་འབྱུང་དག་ལས་ཤེས་ཐུབ་ཅེས་མཇུག་གི་གཏམ་མོ།།
ཞེས་རྗེ་ཙོང་ཁ་པ་ཆེན་པོའི་རིགས་རུས་དང་འབྲེལ་བའི་རྩོམ་ཡིག་འདི་ནི། ཉེ་སྔོན་མང་པོ་ཞིག་གིས་བདག་ལ་རྗེ་བླ་མའི་རིགས་རུས་སྐོར་ལ་དྲི་བ་དང་གླེང་གཞི་མང་དུ་བཏོན་པ་ལ་བགྲོ་གླེང་གི་ཚུལ་དུ། འདི་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་ནས་བདག་ཉིད་ཆེན་པོ་གང་གི་སྐུའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས། བོད་ལྕགས་མོ་གླང་སྟེ་ཕྱི་ལོ༢༠༢༡ལོའི་ཧོར་གྱི་ཟླ་བ་བཅུ་བའི་ཚེས་ཉེར་དགུ་ཉིན་རང་ཤག་ནས་མཇུག་རྫོགས་པར་བྱས་པའོ།། ཁ་དྲོ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn