ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་ལས་བྱུང་བའི་དབུས་ཕེབས་ཞལ་གདམས་བསླབ་བྱའི་སློབ་གསོའི་རིན་ཐང་ལ་དཔྱད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-02-27 07:34:21     རྩོམ་པ་པོ།   སེང་མགུལ་མ་ཎི་དོན་གྲུབ།    ཀློག་ཐེངས།  

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཀན་སུའུ་ལན་གྲུ730030

གནད་བཏུས།  དཔྱད་རྩོམ་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡབ་སྲས་ཀྱི་རྣམ་ཐར་ལས་དམ་པ་ཁོང་དག་དབུས་སུ་ཕེབས་སྐབས་བླ་མས་དབུས་ནས་སློབ་གཉེར་ཇི་ལྟར་གནང་དགོས་ཚུལ་གྱི་ཞལ་གདམས་བསླབ་བྱ་གནང་བ་དག་ཁོལ་དུ་ཕྱུང་ནས་བསླབ་བྱ་དེ་དག་གིས་སྤྱིར་བསྟན་པ་བྱང་དུ་དར་བའི་ཐུགས་སྨོན་དང་སྒོས་བླ་བྲང་བཀྲ་ཤིས་འཁྱིལ་གཙོས་མདོ་སྨད་ལྷོ་བྱང་གི་དགོན་མ་ལག་མང་པོའི་བསླབ་པ་སློབ་གཉེར་དང་དབང་རྗེས་གནང་ཁྲིད་ཞལ་ལུང་གི་རྒྱུན་མ་ཚང་བར་མེད་པ།འདོན་རྟ་དབྱངས་སོགས་ཆོ་ག་ཕྱག་ལེན་གྱི་སྐོར་མི་ཉམས་དར་སྤེལ་དང་རྒྱུན་འཛིན་བཅས་མདོར་ན་གདན་ས་འདི་བསྟན་པའི་མཛོད་དུ་སྒྲུབ་ཚུལ་ལ་ཕན་ནུས་རྒྱ་ཆེ་ཐོན་ཡོད་ཚུལ་ངོ་སྤྲོད་གནང་ཡོད།

གནད་ཚིག རྣམ་ཐར།  སློབ་གཉེར་བསླབ་བྱ། ནང་དོན། སློབ་གསོའི་རིན་ཐང་།

གླེང་གཞི།

དེ་ཡང་དུས་རབས་བདུན་པ་ཙམ་ནས་བོད་དུ་རྒྱ་གར་བལ་བོ་སོགས་ལ་སློབ་གཉེར་ལ་འགྲོ་བའི་སྲོལ་བྱུང་། རྒྱ་བོད་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལས་སངས་རྒྱས་ཀྱི་བསྟན་པ་ཡུལ་དབུས་རྒྱ་གར་ནས་བོད་ཡུལ་དབུས་གཙང་གི་ལྗོངས་ཆེན་པོར་དར། སངས་རྒྱས་ཀྱི་བཀའ་སྡེ་སྣོད་ཐམས་ཅད་བོད་སྐད་དུ་བསྒྱུར། དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པའི་གནས་གཞི་བསྐྱངས། བར་སྐབས་བསྟན་པ་འཕེལ་འགྲིབ་ཀྱིས་རྒྱ་བོད་བར་གྱི་ལོ་ཙཱའི་འབྲེལ་ལམ་ཆད། མངའ་རིས་རྒྱལ་བོ་ལྷ་བླ་མ་ཁུ་དབོན་ནས་བཟུང་སླར་ཡང་རྒྱ་བོད་ཀྱི་འབྲེལ་བ་རྒྱུན་མཐུད་ཙམ་བྱུང་།  “མངའ་རིས་ཆོས་རྒྱལ་གྱི་གདུང་བརྒྱུད་བླ་ཆེན་ཇོ་བོ་དཔལ་གྱི་སྲས་བླ་ཆེན་དངོས་གྲུབ། རྒྱལ་པོ་དེའི་དུས་སུ་རབ་ཏུ་བྱུང་བ་དབུས་གཙང་དུ་འགྲོ་བའི་སྲོལ་བཙུགས།”ལྷག་པར་ཇོ་བོ་བཀའ་གདམས་པའི་གྲུབ་མཐའ་བྱུང་བ་ནས་བོད་དུ་སློབ་གཉེར་གྱི་ལམ་ལུགས་རིམ་བཞིན་ཆགས་ཏེ་གསེང་ཕུ་ནེའུ་ཐོག་སོགས་སློབ་གཉེར་གྱི་གནས་གཞི་གསར་དུ་བྱུང་། བཀའ་བརྒྱུད་ས་སྐྱ་སོགས་ཆོས་རྒྱུན་སྣ་ཚོགས་རིམ་བཞིན་དར་བས་བསྟན་བ་སྔ་དར་ལས་ཀྱང་རྒྱས་པར་མཛད།

ས་སྐྱའི་དུས་སུ་བོད་དུ་ནང་བསྟན་ཆོས་ལུགས་རྩ་བར་གྱུར་བའི་ཐུན་མོང་རིག་གནས་ཀྱི་རྣམ་གཞག་ཀྱང་རྒྱས་པར་མཛད་པས་དཔལ་ས་སྐྱའི་གཙུག་ལག་ཁང་ནི་བོད་ཀྱི་སློབ་གཉེར་གྱི་གནས་གཞི་གཙོ་བོར་གྱུར། ཕག་གྲུའི་དུས་སུ་རྩེད་ཐང་བཤད་གྲྭ་ཆེན་མོ་དར་བས་བོད་ཀྱི་ཆོས་རྒྱུན་གྲུབ་མཐའ་ཁག་གི་སློབ་གཉེར་བ་རིས་སུ་མ་ཆད་པར་གཙང་ཕྱོགས་སུ་འདུས། བོད་དུ་སྔར་མ་བྱུང་བའི་མཁས་པས་ས་སྟེང་ཁྱབ། ཆོས་དང་རིག་གནས་ཀྱི་གནས་བབ་ཆེས་བཟང་ཤོས་སུ་གྱུར། ལྷག་པར་ཕག་གྲུ་སྡེ་སྲིད་ན་རིམ་གྱིས་རྗེ་ཙོང་ཁ་པ་ཡབ་སྲས་སོགས་ལ་མཐུན་རྐྱེན་བླ་མེད་སྦྱར་ཏེ་དགེ་ལུགས་པའི་བསྟན་པ་སྤེལ་བར་མཛད། སེ་འབྲས་དགེ་གསུམ་སོགས་བསྟན་པའི་གཞི་མ་ངང་གིས་འཕེལ་ཏེ་དབུས་གཙང་གི་ལྗོངས་ཆེན་པོར་ཁྱབ། འཆད་ཉན་གྱི་སྡེ་མང་པོ་དར་བས་རྗེ་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མཐའ་ཡས་པས་མདོ་སྔགས་ཟུང་འབྲེལ་གྱི་སྒྲུབ་པའི་རྒྱལ་མཚན་བཙུགས། དེ་དག་ལས་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་རྒྱལ་བ་དགེ་འདུན་གྲུབ་སོགས་ཀྱིས་དགེ་ལུགས་པའི་བསྟན་པ་གསེར་སྦྱང་བཙོ་མ་ལྟར་ལྷད་མ་འདྲེས་པར་སྤེལ། རྗེས་སུ་གོང་ས་ལྔ་བ་ཆེན་མོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ཀྱིས་དགེ་ལུགས་པའི་བསྟན་པ་ཉམས་ཆག་ལས་སྐྱོབ་པར་མཛད་དེ། བོད་ཀྱི་ཡུལ་གྲུ་ཀུན་ཏུ་དགེ་ལྡན་བསྟན་པའི་རིང་ལུགས་དྲི་མ་མེད་པས་ཁྱབ་པར་བྱས། བར་སྐབས་དེར་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་དབུས་གཙང་དུ་ཕེབས་ཏེ་མདོ་སྔགས་གཞུང་ལ་སྦྱངས། སྔོན་ཚེ་སྟོན་པ་སངས་རྒྱས་ཀྱིས་བསྟན་པ་བྱང་ནས་བྱང་དུ་རྒྱས་ཞེས་གསུངས་པའི་ལུང་བསྟན་དུས་ལ་བབས་ནས་ཡུལ་མདོ་སྨད་དུ་བླ་བྲང་བཀྲ་ཤིས་འཁྱིལ་བ་བཏབ་སྟེ་དགེ་ལུགས་པའི་བསྟན་པ་བྱང་ཕྱོགས་ཀྱི་ཡུལ་གྲུ་ཀུན་ལ་གདུགས་དཀར་པོ་གཅིག་གིས་ཁྱབ་པར་བྱས། ཁྱད་པར་དུ་གདན་རབས་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་བོ་དང་ཐུགས་སྲས་འཇམ་དབྱངས་བསྟན་པའི་སྒྲོན་མེ་སོགས་ཀྱིས་དགེ་ལུགས་པའི་བསྟན་པ་མཆོད་རྟེན་ལ་བང་རིམ་གྱི་རྣམ་པས་དགོན་མ་ལག་མང་པོ་ཡུལ་མདོ་སྨད་ལྷོ་བྱང་གི་རྒྱུད་དུ་བཙུགས་ཏེ། “བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །”ཅེས་པ་ལྟར་རྒྱས་པར་མཛད།

ལྷག་པར་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་བོ་སྔ་ཕྱི་ཐེངས་གཉིས་ལ་དབུས་གཙང་དུ་ཕེབས་ནས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཞབས་ལ་གཏུགས། ཆོས་སྲིད་ཀྱི་འབྲེལ་ལམ་མི་བཤིག་པའི་རྒྱས་བཏབ། རྒྱལ་བ་ཡབ་སྲས་སོགས་དང་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་དམ་པ་དུ་མ་བསྟེན་ནས་རྒྱལ་བའི་གསུང་རབ་ཀུན་ལ་སློབ་གཉེར་མཐར་ཕྱིན་པ་གནང་། ལྷག་པར་རྒྱལ་བའི་གསུང་རབ་ཀྱི་དཔེ་རྒྱུན་དཀོན་པོ་འཐོར་བ་རྣམས་བསྡུས། ཆད་པ་རྣམས་བསབ། ཉམས་པ་རྣམས་གསོས། འཁྲུགས་པ་རྣམས་བསྒྲིགས་ཏེ། རྒྱལ་བ་ཡབ་སྲས་ནས་བརྒྱུད་པའི་དབང་ལུང་མན་ངག་ཁྲིད་རྒྱུན་མཐའ་ཡས་པ་མ་ཚང་བ་མེད་པ་མནོས་པར་མཛད། རོང་བྱམས་ཆེན་སོགས་ཀྱི་ཆ་ཚད་ལ་དཔེ་བླངས་ནས་བྱམས་སྐུ་མཐོང་བ་དོན་ལྡན་སོགས་དགོན་པའི་སྐུ་གསུང་ཐུགས་རྟེན་མ་ཚང་བ་མེད་པ་བཞེངས། འགྲིག་བཅའ་ཡིག་སོགས་གཏན་ལ་ཕབས་ཏེ་འདུལ་བའི་ཉམས་ལེན་གྱི་ངོས་གཙང་བར་མཛད་པས། ཤེར་ཕྱིན་གྱི་མདོ་ལས་སྟོན་པ་སངས་རྒྱས་ཀྱིས་ལུང་བསྟན་པར་ཤེར་ཕྱིན་བྱང་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ་ཞེས་པའི་ཐུགས་སྨོན་ཡོངས་སུ་གྲུབ་ནས་རྗེ་བླ་མའི་རིང་ལུགས་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གསེར་རིའི་ཕྲེང་བ་བཞིན་དུ་བྱོན་ཏེ་དགེ་ལུགས་པའི་བསྟན་པར་ཕྱོགས་མཐར་སྤེལ་བས།“སྔར་མདོ་སྨད་དུ་བསྟན་པ་སྔ་དར་གྱི་དུས་ནས་ད་ལྟའི་བར་དུ་བར་མ་ཆད་པར་བསྟན་པའི་སྲོལ་ཆེས་ཆེར་དར་མོད་ཀྱང་ལོ་ཉིས་སྟོང་ལྔ་བརྒྱ་རྫོགས་ནས་དྲུག་བརྒྱ་མ་སོང་བའི་བར་སྐབས་དེར་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤད་སྒྲུབ་སྒོ་གང་ནས་ཀྱང་ཟུར་མ་ཉམས་པར་ཆོས་སྡེ་གཅིག་ལ་དང་པོ་ཉིད་ནས་ཚང་བ་འདི་འདྲ་བྱུང་བ་གཟུ་བོའི་བློས་དཔྱད་ན་ཤིན་ཏུ་རྙེད་དཀའ་བའི་རིགས་པས་གྲུབ”ཅེས་གསུངས་སོ།།

དང་པོ། དབུས་ཕེབས་སློབ་གཉེར་གྱི་སྲོལ་དང་ཕེབས་ཚུལ་བཤད་པ།

《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》དུ། རྗེ་བླ་མས།“དེ་ཡང་གངས་རིའི་དཔལ་དང་ལྡན་པས་ཡོངས་སུ་བསྐོར་བའི་དབུས་གཙང་གི་ལྗོངས་འདིར་སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་དང་ལོ་པཎ་མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱིས་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་སྒྲོན་མེ་ཆེས་ཆེར་དང་པོར་གསལ་བར་མཛད། བར་དུའང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཉི་ཟླ་ལྟ་བུ་རྣམས་ཀྱིས་འཕྲིན་ལས་རྨད་དུ་བྱུང་བར་མི་ཉམས་ཤིང་རྒྱས་པར་མཛད་པའི་དྲིན་ལས། ད་ལྟའང་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བའི་རྒྱུན་ཉམས་པ་མེད་པར་གནས་པས་མཁས་གྲུབ་བྱེ་བའི་འབྱུང་གནས་སུ་གྱུར་པས་ན། དེ་ལྟ་བུའི་ཡུལ་ལྗོངས་འདི་ཉིད་དུ་ཞབས་སེན་གྱི་པདྨོ་བཀོད་ནས་ཐོས་བསམ་སྒོམ་གསུམ་རྣམ་པར་དག་པས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བ་ཞིག་ཅི་ནས་ཀྱང་བྱེད་དོ་དགོངས་པ་ཐུགས་ལ་ནར་མར་འཁྲུངས་ཏེ། རིང་ནས་བགྲོད་པའི་ལམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་དག་ལ་ཇི་སྙམ་དུ་མི་དགོངས་པར་དམ་པའི་ཆོས་འཚོལ་བ་ལ་རིངས་པ་དང་དཔའ་ཞིང་རྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟ་བུར་གྱུར་ཏོ།།”ཅེས་རྗེ་ཙོང་ཁ་པ་དགུང་ལོ་ཕྲ་བའི་དུས་དབུས་གཙང་དུ་སློབ་གཉེར་དུ་འགྲོ་བའི་འདུན་པ་དང་དགོས་པ་སོགས་སྤྱི་བསྟན་ནས“མདོ་སྨད་ས་ཆེན་མཛེས་བྱེད་པདྨོ་ཁྱོད། །མཁས་གྲུབ་སྦྲང་རྩིའི་དོག་པ་འཛིན་སླད་དུ། །ཐུབ་བསྟན་ཉིན་བྱེད་དགེ་མཚན་འཆར་བའི་གླིང་། །དབུས་གཙང་དག་པའི་ལྗོངས་སུ་བདེ་བར་བྱོན།།”ཞེས་པའམ།“ཇི་ལྟར་ངང་བའི་རྒྱལ་བོ་པད་མཚོར་འཇུག་པ་ལྟར་སྤྲོ་དགའ་ཤུགས་དྲག་པོ་དང་བཅས་ཏེ་དབུས་གཙང་གི་ཕྱོགས་སུ་འབྱོན་པར་བརྩམས་སོ།།”ཞེས་དབུས་གཙང་དུ་ཇི་ལྟར་ཕེབས་ཚུལ་ལུང་དུ་བཀོད་ནས། དུས་ཕྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡབ་སྲས་སོགས་ཀྱང་རྗེ་བླ་མའི་མཛད་པ་འདི་ཁོ་ན་ཐུགས་ལ་ནོད་བཞིན་དབུས་གཙང་དུ་ཕེབས་ཚུལ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར《ངོ་མཚར་སྐལ་བཟང་འཇུག་ངོགས》སུ།“བསླབ་གསུམ་གསེར་གྱི་སྤུ་སྡུག་གོས་གྱོན་པའི། །རྒྱལ་སྲས་སྙིང་སྟོབས་ལྡན་པའི་ངང་བ་དེ། །ལེགས་བཤད་བདུད་རྩིའི་དགའ་སྟོན་མྱང་བའི་ཕྱིར། །དབུས་གཙང་ཆུ་གཏེར་ཆེ་དེར་དལ་གྱིས་འཕུར།།”ཞེས་པའམ།“དབུས་གཙང་དག་པའི་ཞིང་ཁམས་སུ་ལེགས་བཤད་ཀྱི་སྐྱེས་ལེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་བགྲོད་པ་རིང་བའི་ལམ་གྱི་ཉེ་ཞོ་ལ་ཇི་སྙམ་དུ་མི་སེམས་པར་མཐུན་པའི་ཡོ་བྱད་དུ་མ་དང་བཅས་ཏེ་ཞབས་ཀྱི་པད་མོ་བསྐྱོད་པར་གྱུར”ཞེས་དང་། བར་དུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོས“རྐྱེན་ངན་རུ་འཛིང་བ་ཇི་ལྟ་བུ་ཞིག་ཡོད་ཀྱང་ཅི་མི་སྙམ་པར་དམ་པའི་ཆོས་འཚོལ་བ་ལ་དཔའ་ཞིང་རྟུལ་ཕོད་པས་རང་གི་དམ་བཅའ་པ་མཐར་སྐྱོང་བ་ནི་འཕགས་ཆེན་དམ་པའི་ངང་ཚུལ་ཡིན་པས་དེ་དག་ལ་གསན་དགོངས་མ་གནང་བར་ཕེབས་གྱུར་ཐག་བཅད།”ཅེས་རྣམ་ཐར《རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས》སུ་གསུངས། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོའི་ཐུགས་སྲས་གུང་ཐང་བསྟན་པའི་སྒྲོལ་མེ་དབུས་གཙང་དུ་སློབ་གཉེར་ཕེབས་ཚུལ་ལའང་རྣམ་ཐར《དད་པའི་པད་མོ་བཞད་པའི་ཉིན་བྱེད》དུ། “རྣམ་གྲོལ་ཐར་བར་བགྲོད་པའི་གྲུ་བོ་ཆེ། །སྟོན་པོས་ཆེར་བསྔགས་ཤེས་རབ་ཕ་རོལ་ཕྱིན། །བྱང་ནས་བྱང་དར་བདེན་པ་ངོམ་ཆེད་དུ། །དེད་དཔོན་མཆོག་དེ་དགའ་ཞིང་སྤྲོ་བས་ཞུགས”ཞེས་གསུངས་སོ།།

དེ་བཞིན། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས། “རྒྱལ་སྲས་འཁོར་ལོའི་ལག་པ་ཅན། །དབུས་འགྱུར་ཆོས་ཀྱི་མཚོ་ཆེན་དུ། །རོལ་བའི་རྩེ་དགའ་རྣམ་རྒྱས་པ། །འཆི་མེད་ཁྲུས་ཀྱི་དགའ་སྟོན་བཞིན། །བཤད་སྒྲུབ་བསྟན་པ་པདྨའི་སྐྱེད་ཚལ་དུ། །ལེགས་བཤད་སྦྲང་རྩིའི་བཅུད་ལ་མངོན་ཞེན་པའི། །བློ་གསལ་རྐང་དྲུག་གཞོན་ནུ་དུ་མ་དང་། །ལྷག་གཅིག་བོད་ཡུལ་ཆོས་ཀྱི་ཞིང་ལ་ཐེགས།།ཞེས་པའམ། “ཆོས་དོན་འཚོལ་བ་ལ་རྒྱལ་སྲས་རྟག་ཏུ་ངུའི་སྣང་བརྙན་གཉིས་པ་ཆོས་ཀྱི་ཉི་མ་ཆེན་པོ་དབུས་འགྱུར་ཆོས་ཀྱི་སྐྱེད་ཚལ་དུ་འབྱོན་པར་མངོན་དུ་ཕྱོགས།”ཞེས་རྣམ་ཐར《བཤད་སྒྲུབ་བསྟན་པའི་མཛེས་རྒྱན》དུ་གསུངས་ཚུལ་སོགས་ལས་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་སོགས་ཀྱང་ངེས་པར་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་པར་དབུས་གཙང་དུ་ཕེབས་པའི་འདུན་པ་ཐུགས་ལ་འཁྲུངས་ཚུལ་དང་ཚུལ་ཇི་ལྟར་ཕེབས་ཚུལ་དངོས་ཀྱི་རྣམ་པ་སོགས་ཀྱང་རྗེ་ཙོང་ཁ་པ་དབུས་གཙང་དུ་ཕེབས་ཚུལ་གྱི་རྣམ་ཐར་ལྟར་མཛད་འདུག་སྟེ། གཙོ་བོ་དམ་པའི་ཆོས་འཚོལ་འདོད་ཀྱི་འདུན་པ་འགོག་དུ་མེད་པ་དེ་འཕགས་པ་རྟག་ཏུ་ངུས་ཆོས་འཚོལ་བའི་རྣམ་ཐར་ཁུངས་སུ་བྱས་ཤིང་། ཆོས་འཚོལ་བ་ལ་སྤྲོ་བའི་འཇུག་ཚུལ་ཡང་ངང་བ་པད་མཚོར་འཇུག་པའི་དཔེ་ལ་སྦྱོར་ཚུལ་སོགས་ཆ་གང་ནས་ཀྱང་སྔར་སྲོལ་རྒྱུན་འཛིན་ཁོ་ན་གནང་ཡོད་པ་འདིའང་རི་བོ་དགེ་ལུགས་པའི་རྣམ་ཐར་རྩོམ་ཚུལ་གྱི་ཁྱད་ཆོས་ཏེ། གཙོ་བོ་རྗེ་བླ་མའི་ཐོས་བསམ་སྒོམ་གསུམ་གྱི་རྣམ་ཐར་གཞིར་བྱས་ནས། གདམས་པ་གཙོ་བོ་ཕ་བླ་མས་བུ་ལ་བསླབ་བྱ་གནང་ཚུལ་དང་སྲས་ཀྱི་ཐུ་བོ་ཚོས་བླ་མའི་བསླབ་བྱ་ཁོ་ན་གདམས་ངག་གི་མཐུ་རུ་སྒོམ་སྟངས་འབའ་ཞིག་གོ།།

མདོར་ན། “དེ་ཡང་སྤྱིར་རྒྱལ་བ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པའི་ངོ་བོ། སྟོན་པ་རྡོ་རྗེ་འཆང་དང་། གསང་བ་ཐམས་ཅད་ཀྱི་བདག་པོ་འཕགས་པ་ལག་ན་རྡོ་རྗེའི་སྤྲུལ་བའི་རྣམ་རོལ་རྒྱ་གར་འཕགས་པའི་ཡུལ་དུ་ཏེ་ལོ་ནཱ་རོ་སོགས་དང་། བོད་ཁ་བ་ཅན་གྱི་ལྗོངས་སུ་འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་བ་ཆེན་པོ་དང་། གསང་ཆེན་བསྟན་པའི་མངའ་བདག་རྗེ་བཙུན་ཤེས་རབ་སེང་གེ་སོགས་འཆད་པ་པོ་དང་ཉན་པ་པོ་གཅིག་ལས་དུ་མར་ཤར་བའི་སྒྱུ་འཕྲུལ་བཀོད་པ་ཇོ་འབྲོམ་ཡབ་སྲས་ཀྱི་རྣམ་པར་ཐར་བ་དང་མཚུངས་པའི་ལོ་རྒྱུས”ལྟར་བརྩམས་གནང་འཛད་པ་ཞིག་སྟེ། ཐུའུ་བཀྭན་བློ་བཟང་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོས། རྣམ་ཐར་དང་གཞུང“རྩོམ་པ་ཡང་བརྡ་སྐད་སྣ་ཚོགས་མི་བསྲེ་བར་རྗེ་ཐམས་ཅད་མཁྱེན་པའི་གསུང་ལྟ་བུའི་ལད་མོ་བྱས་ན་ལེགས་ཚུལ་སོགས”གསུངས་པ་ལྟར་ཡིན་ནོ།།

གཉིས་པ། དབུས་ཕེབས་ཞལ་གདམས་བསླབ་བྱ་ངོ་སྤྲོད་པ།

དེ་ཡང་རྗེ་ཙོང་ཁ་པ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་པོས་མཐུན་རྐྱེན་གྱ་ནོམ་པ་དང་བཅས་དབུས་གཙང་དུ་ཕེབས་པའི་སྐུལ་མ་དང་རྫོངས་སྟ་མཛད་དེཕེབས་ཁར་བླ་མའི་ཞལ་ནས།ངས་ཁྱོད་ལ་ཆོས་ཤིག་འཆད་པ་ཡིན།ཅི་འདྲ་ཞིག་འདོད་ཅེས་པ་ལ།སེམས་ལ་ཕན་པའི་ཞལ་ཏ་ཞིག་ཐུགས་ལ་འདོགས་འཚལ་ཞུས་པས།བྱུང་འགྱུར་ལུང་བསྟན་བསླབ་བྱའི་ཚུལ་དུ་དང་པོར་ཐོས་བསམ་འདི་ལ་གྱིས།དེ་ནས་འདི་ལ་གྱིས་ཞེས་སོགས་ཀྱི་རིམ་པ་དང་།དེ་ནས་དེ་དག་གི་དོན་ཉམས་སུ་བཞེས་ཚུལ།དེའི་རྗེས་སུ་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དགོས་ཚུལ་ཏེ། གཞོན་ནུ་བློ་བཟང་གྲགས་པ་ཁྱོད།།སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན།།སྔོན་ཚེ་དམ་ཆོས་བདུད་རྩིའི་རོ།།འཐུངས་པའི་བག་ཆགས་ཡོད་པར་ངེས།།ཞེས་དང་།ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི།།རྒྱན་དུ་གྱུར་བའི་མངོན་རྟོགས་རྒྱན།།ཐོག་མར་བསླབ་ཅིང་ནན་ཏན་བྱ།།དེ་ལ་མཁས་པར་གྱུར་བ་ན།།ལུང་ཆོས་ཀུན་ལ་འཕྲིགས་ཚུད་འགྱུར།།དེ་ཡང་སེམས་ཀྱི་ཟུར་ལ་ཞོག།དེ་ནས་བྱང་ཆུབ་སེམས་དཔའ་ཡི།།ལམ་དང་སྤྱོད་པའི་རྣམ་བཞག་དག།སྟོན་པར་བྱེད་པའི་མདོ་སྡེའི་རྒྱན།།མཁས་པའི་ཡན་ལག་དག་ཏུ་བསླབ།།འཁོར་བ་མྱ་ངན་འདས་པ་ཡི།།རྟེན་དུ་སྟོན་པའི་ཆོས་དང་ནི།།ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་།།སེམས་ཀྱི་ཆོས་ཉིད་དག་པ་ནི།།སེམས་ཅན་ཀུན་ལ་ཡོད་པ་སྟེ།།དེ་ཉིད་བདེ་བཤེགས་སྙིང་པོར་ནི།།སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ།།བྱམས་ཆོས་ལྔ་པོ་དེ་དག་ལ།།མཁས་པར་བྱེད་པའི་གོ་ཆ་གྱིས།།རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་།།འབྲིང་དུ་སྟོན་པ་རྣམ་ངེས་དང་།།ཤིན་ཏུ་བསྡུས་པའི་རིགས་ཐིག་ཏེ།།ལུས་དང་འདྲ་བའི་བསྟན་བཅོས་གསུམ།།གཏན་ཚིགས་ཐིགས་པ་འབྲལ་བརྟག་དང་།།རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ།།འཕྲོས་པ་ཡན་ལག་ལྟ་བུ་ཟེར།།ཆོས་ཀྱི་གྲགས་པ་ལས་བྱུང་བའི།།ཚད་མ་སྡེ་བདུན་འཛམ་གླིང་ན།།སངས་རྒྱས་བསྟན་པ་གསལ་བྱེད་པ།།ཉི་མ་ཟླ་བ་ལྟ་བུར་གྲགས།།འདི་ཡི་འོག་ཏུ་དེ་རྣམས་སློབས།།ཞེས་དང་།བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི།།མཐའ་བྲལ་ཆེན་པོའི་ལྟ་བ་ལ།།གལ་ཏེ་མོས་པ་ཡོད་གྱུར་ན།།འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།།དབུ་མ་རིགས་པའི་ཚོགས་རྣམས་དང་།།དེ་ཡི་རྗེས་འབྲང་་་་་ཞེས་སོགས་དང་པོར་ཐོས་བསམ་འདི་ལ་གྱིས། དེའི་རྗེས་སུ་འདི་ལ་གྱིས་ཞེས་དབུས་གཙང་ནས་གཞུང་ཆེན་པོར་སློབ་གཉེར་ཅི་ལྟར་གནང་དགོས་ཚུལ་གྱི་ཞལ་གདམས་བསླབ་བྱ་ཐུགས་ལ་ཕན་པ་གནང་བ་ལྟར། རྗེ་ཙོང་ཁ་པས་ཀྱང་བླ་མའི་བསླབ་བྱའི་རིམ་པ་བཞིན་དབུས་གཙང་གཉིས་སུ་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེ་མཛད་དེ་མཐར་བསྟན་པ་དང་འགྲོ་བའི་དོན་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པ་སྒྲུབ་པར་མཛད།རྟིང་མར་དགའ་ལྡན་རྣམ་པར་གླིང་བཏབ་ནས་རི་བོ་དགེ་ལུགས་པའི་བསྟན་པ་སྤེལ་ཞིང་མདོ་སྔགས་ཟུང་འབྲེལ་གྱི་སྒྲུབ་པའི་རྒྱལ་མཚན་བཙུགས། འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་རྣམས་ལ་ལྟུང་བ་ཕྲ་མོ་ཙམ་ཡང་མེད་པར་གཏན་ལ་ཕབ། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་སྨྲ་བའི་ཉི་མ་སོགས་བུ་སློབ་མཐའ་ཡས་པ་བསྐྱངས་ཏེ་དགེ་ལུགས་པའི་བསྟན་པ་གསེར་སྦྱང་བཙོ་མ་ལྟར་མཛད། སེ་ར་འབྲས་སྤུངས་བཀྲ་ཤིས་ལྷུན་པོ་སོགས་གདན་ས་མང་པོ་རིམ་བཞིན་བྱུང་བས་བོད་དུ་ཐོས་བསམ་སློབ་གཉེར་གྱི་ལམ་ལུགས་ཚང་ལ་མ་ནོར་ཆགས་ཤིང་། ལྷག་པར་དགའ་ལྡན་གསེར་ཁྲིའི་སློབ་གཉེར་ལམ་ལུགས་བྱུང་བ་ནས་བཟུང་བོད་ཡུལ་སྟོད་སྨད་བར་གསུམ་ནས་དབུས་གཙང་དུ་སློབ་གཉེར་དུ་འགྲོ་བའི་རྒྱུན་ཟམ་མ་ཆད་པར་བྱུང་། 

དེ་ལྟར་བོད་ཡུལ་དབུས་གཙང་གི་ལྗོངས་ཆེན་པོར་རི་བོ་དགེ་ལུགས་པའི་བསྟན་པ་དར་ཞིང་རྒྱས་པའི་དུས་ཙ་ན། དང་པོ་རྗེ་བླ་མའི་བསྟན་པར་མཇལ་འདོད་ཀྱི་འདུན་པ་ཤུགས་དྲག་པ་དང་། གཉིས་ན་མདོ་སྨད་དུ་བསྟན་པའི་གནས་གཞི་ཁྱད་པར་བ་མ་བྱུང་པའམ“སྔར་མདོ་སྨད་དུ་དགོན་པའི་རིགས་གཟིགས་མ་མྱོང”བས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང་དབུས་གཙང་དུ་ཕེབས་འདོད་ཀྱི་འདུན་པ་ཤུགས་དྲག་པོ་བསྐྱེད་དེ། དགུང་ལོ་ཉེར་གཅིག་པར་ཁུ་བོ་དགེ་སློང་བསོད་ནམས་ལྷུན་འགྲུབ་ཀྱིས་སྐྱེལ་མ་བྱས་ཏེ་དབུས་ཕྱོགས་སུ་ཕེབས། “དེ་ནས་རིམ་གྱིས་ཕེབས་པས་ལམ་བར་དུ་གཞི་བདག་རྣམས་ལ་དབུས་སུ་སོང་ནས་ཐོས་བསམ་སྒོམ་གསུམ་སོགས་མཐར་མ་ཕྱིན་པར་ཕྱིར་འོང་ན་ཁྱེད་རྣམས་ཀྱིས་ཚར་ཆོད་ཅེས་འཕྲིན་ལས་བཅོལ་བ་དང་དམ་བཅའ་མཛད།”དབུས་སུ་ཕེབས་ཚུན་ནས་ཁོང་གི་སྐུ་བསྟོད་དུ།“དབུས་གཙང་གཉིས་སུ་མདོ་སྔགས་གཞུང་ལ་སྦྱངས”ཞེས་པ་ལྟར་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དུ་མ་ལས་སློབ་གཉེར་མཐར་ཕྱིན་པར་མཛད། དཔལ་ལྡན་སྨད་རྒྱུད་ཀྱི་ཆོས་གྲྭ་དང་དགེ་འཕེལ་རི་ཁྲོད་སོགས་སུ་མི་ལོ་ཉི་ཤུ་ལྷག་ལ་སྒྲུབ་པ་ཉམས་ལེན་ལ་ཞོལ་པས་དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་གཏེར་ཏུ་གྱུར། རྒྱལ་དབང་དྲུག་པའི་བཀའ་ལྟར་འབྲས་སྤུངས་སྒོ་མང་གི་མཁན་པོར་བཞུགས་ཏེ་རྗེ་རིན་པོ་ཆེའི་བཀོད་པ་གནང་བའི་ཞལ་ཟས་རྒྱ་མཚོ་མའི་སྲོལ་སླར་ཡང་གཏོད་པར་མཛད། ཕར་ཕྱིན་གྱི་སྟོན་མོ་སླར་གསོ། བཅའ་ཡིག་རྙིང་བ་སྔར་བོར་བ་གསར་དུ་རྙེད་པ། རྩོད་པ་སྣ་ཚོགས་ཞི་འཇགས་དང་སྒྲིག་ལམ་དག་བཅོས། རྡོ་བཅལ་ཆེན་མོ་ནས་གླིང་བསྲེ་ལ་པོ་ཏི་ལྔའི་གསུང་བཤད་གནང་བའི་སྲོལ་བཙུགས་པ་སོགས་མཛད་པས་འཆད་ཉན་ཤིན་ཏུ་དམར་བ་བྱུང་། ལྷག་པར་དུ་རང་སྟོབས་ཀྱིས་ཡིག་ཆ་གསར་རྩོམ་གྱི་བརྩི་བཞག་གནང་མགོ་ཚུགས་ཏེ། གསུང་རབ་ཀུན་གྱི་བཅུད་བསྡུས་པ། །གངས་ཅན་ཡོངས་ཀྱི་ངག་ན་ཉི་མ་བཞིན།། ཞེས་པའི་ཀུན་མཁྱེན་ཡིག་ཆ་ཞེས་པ་གསར་དུ་མཛད་དེ་རྗེ་བླ་མའི་དགོངས་པ་ཐལ་ལྡན་དུ་བསྒྲུབས། སྐུ་ཚེ་སྨད་ལ་ཕྱིར་མདོ་སྨད་དུ་བྱོན་ནས་གདན་ས་བཀྲ་ཤིས་འཁྱིལ་བ་བཏབ་ནས་བསྟན་པའི་གནས་གཞི་བཟུང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་མང་པོ་བྱུང་བའི་ལུང་བསྟན་ལྟར་མཁས་གྲུབ་བྱེ་བའི་འབྱུང་གནས་དམ་པར་གྱུར།

རྗེས་སུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་གདན་ས་མཛད་པ་ནས་དགོན་པའི་ཆོས་སྲིད་གཉིས་ཀྱི་འཕྲིན་ལས་ཤིན་ཏུ་དར་བར་གྱུར། དགུང་ལོ་ཉི་ཤུའི་ཁ་གྲངས་ལ་དབུས་གཙང་དུ་ཕེབས་ཏེ་རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་གཞུང་ལ་འབྲེལ་ཟམ་བཙུགས། ཡོངས་འཛིན་ཕུར་ལྕོགས་བྱམས་པ་རིན་པོ་ཆེ་སོགས་སྐབས་དེའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་མང་པོ་བསྟེན་ནས“དབུས་གཙང་ནས་རང་གཞན་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་ཐུགས་གཉེར་འཛམ་གླིང་རྒྱན་དྲུག་གི་རྗེས་སུ་འགྲོ་ངེས་མཛད་ནས་སླར་མདོ་སྨད་མུན་པའི་ཡུལ་དེར་བསྟན་འགྲོའི་དཔུང་གཉེན་ཆེན་པོར་བྱོན”ཏེ་གདན་ས་བཀྲ་ཤིས་འཁྱིལ་བའི་མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ལ་དགོན་མ་ལག་དང་མཆོད་གཞིས་ཀྱི་དཔུང་རྩ་བྱང་སོག་ཡུལ་ནས་ཤར་རྒྱ་མོ་ཚ་བོ་རོང་གི་བར་ཏུ་བརྐྱངས། དགུང་ལོ་ལྔ་གཅིག་སྟེང་སླར་ཡང་དབུས་གཙང་དུ་ཕེབས་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་ལ་འབུལ་བ་སྦམ་མཐོ་བ་ཕུལ། བོད་ཡུལ་དབུས་གཙང་གི་གྲྭ་ས་ཆེ་ཆུང་དུ་མར་ཞབས་ཀྱིས་བཅགས་ནས་དབང་ལུང་མན་ངག་དང་དཔེ་རྒྱུན་དཀོན་པོ་བསྡུ་ཉར་གྱིས་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་གུར་དཀར་པོའི་ཏོག་ལྟ་བུ་འདི་བསྟན་པའི་མཛོད་དུ་བསྒྲུབས། འོན་ཀྱང་། དམ་པ་ཁོང་ཉིད་དང་པོར་དབུས་གཙང་དུ་ཕེབས་པར་ལྕང་སྐྱ་ཐམས་ཅད་མཁྱེན་པས་དབུས་གཙང་དུ་ཕེབས་ན་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་དགོས་ཚུལ་དང་འབུལ་བསྡུ་ལ་མཐུན་རྐྱེན་བསྒྲུབ་ཆོག་པ་སོགས་ཀྱི་བསླབ་བྱ་རེ་དང་། ཀུན་མཁྱེན་སྐུ་ཕྲེང་དང་པོའི་སློབ་མ་ལ་མོ་འཇམ་དབྱངས་རྒྱ་མཚོས་སྐུ་གོང་མ་བཞིན་དབུས་གཙང་དུ་སློབ་གཉེར་མཐར་ཕྱིན་པ་གནང་དགོས་ཚུལ་ཙམ་ལས་བསླབ་བྱ་གང་གནང་རྣམ་ཐར་སོགས་སུ་མི་གསལ། འོན་ཀྱང་ཀུན་མཁྱེན་བར་མས“རྗེ་འཇམ་དབྱངས་བཞད་པ་དེ་ས་སྟེང་ཐམས་ཅད་དུ་སྙན་གྲགས་ཀྱིས་ཁྱབ་པ་ཞིག་ཡིན་འདུག་པས། དེའི་སྤྲུལ་སྐུ་ལ་ཆོས་སློབ་མི་དགོས་པར་འདིར་ཕེབས་ཞེས་མནའ་ལ་གཏོད་པ་ནི་ངོ་ཚ་བས་མི་ཕོད་གསུངས།”ཞེས་སྤོབས་པ་དང་ལ་རྒྱ་སྙིང་ལ་བཅིངས་ནས་དབུས་གཙང་དུ་ཕེབས་ཏེ་དགོན་ཆེ་ཕྲ་གང་ཡོད་དང་གདམས་ངག་གི་ཁུངས་གང་ཡོད་རྫོགས་པར་ཞུས།

དབུས་གཙང་གི་ལྗོངས་ཆེན་པོ་འདི་བསྟན་པའི་འབྱུང་ཁུངས་ཡིན་པས་དབུས་གཙང་དུ་སློབ་གཉེར་དུ་འགྲོ་བའི་རྒྱུན་མུ་མཐུད་བསྐྱངས་པར་མཛད་དེ། ཕྱིས་སུ་ཐུགས་སྲས་མཁན་ཆེནསངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུ་རྒྱལ་མཁན་པོ་གྲགས་པོ་རྒྱལ་མཚན་དབུས་སུ་ཕེབས་སྐབས་དབུས་གཙང་ནས་སློབ་གཉེར་ཇི་ལྟར་གནང་དགོས་ཚུལ་གྱི་བསླབ་བྱ་ཞུས་པར། “གསུང་རབ་ཀུན་གྱི་གནད་བསྡུས་བཀའ་པོད་ལྔར།།སློབ་པ་སྔོན་བྱོན་མཁས་པའི་ལུགས་སྲོལ་ཡིན།།དེ་ཕྱིར་ཡུམ་མཆོག་སྦས་དོན་མངོན་རྟོགས་དང་།།དངོས་བསྟན་སྟོང་ཉིད་ཤེས་བྱའི་གཞི་ལྔའི་ཚུལ།།འདུལ་བའི་བཅས་མཚམས་ཕྲ་རགས་སྟོན་པ་ཡི།།དབུ་ཕར་འདུལ་མཛོད་གཞུང་ལ་ཞིབ་ཏུ་སྦྱོངས།།མ་རྟོགས་ལོག་རྟོག་ཐེ་ཚོམ་འཁྲུལ་བ་ཀུན།།བཟློག་ཕྱིར་སྡེ་བདུན་མདོ་དང་བཅས་པ་སོགས།།ཚད་མའི་གཞུང་ལའང་འབད་པས་ལེགས་སྦྱངས་ཏེ།།རིགས་པ་སྨྲ་བའི་དབང་པོར་འགྱུར་བར་མཛོད།ཐལ་ཕྲེང་ཚིག་དོན་ལེགས་པར་ངེས་པ་ན། །དེ་ནས་སྤྱི་དོན་ཊཱིཀྐ་སོགས་བལྟས་པས། །ཉི་མའི་ཟེར་དང་འཕྲད་པའི་པདྨོ་བཞིན། །བློ་གྲོས་འཇུག་པ་མཆོག་ཏུ་རྒྱས་པར་འགྱུར། །དེ་ལས་གཞན་དུ་སྐབས་སུ་གང་བབས་པའི། །ཐལ་ཕྲེང་ཟུར་བཀོལ་ལྟ་བ་ཡལ་བོར་ནས། །དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །དེ་ཕྱིར་ཐད་ཀའི་གཞུང་ལ་གཅིག་ཏུ་དྲིལ། །དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །རྩོད་གྲྭ་མི་ནུས་ཆོས་གྲྭ་དོན་མེད་འདའ། །སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས། །འདི་དག་སློབ་གཉེར་གེགས་ཀྱི་གཙོ་བོ་ཡིན། །རིགས་པའི་བརྡར་ཤ་མ་བཅད་གཞུང་དོན་ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་། །བརྒལ་ཞིང་བརྟགས་ཚེ་བྱེ་མའི་འཆིང་བུ་ལྟར། །འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབས།།”ཞེས་དབུས་གཙང་ནས་གཞུང་ཆེན་མོར་སློབ་གཉེར་ཅི་ལྟར་གནང་དགོས་པའི་ལམ་གྱི་རིམ་པ་གོ་རིམ་དང་གྲངས་མ་ནོར་བར་བསྟན། ཁོང་གི་ཐུགས་སྲས་གུང་ཐང་བསྟན་པའི་སྒྲོན་མེས་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེར་དབུས་སུ་ཕེབས་ནས་སློབ་གཉེར་གནང་རྒྱུར་བསླབ་བྱ་ཞུས་པར།“ཀུན་མཁྱེན་གོང་མའི་གསུང་དང་ངེད་ཀྱིས་ཀྱང་དེ་འདྲའི་བསླབ་བྱ་ཞིག་བྲིས་ཡོད་པ་དེ་དག་གིས་འཐུས། ཚིགས་བཅད་དུ་འབྲི་མི་དགོས། དོན་གྱི་སྙིང་བོ་ནི་ཐག་རིང་པོ་ནས་དཀའ་ཚེགས་ཀྱིས་ཕེབས་པའི་དགོས་དོན་གཙོ་བོ་ནོར་བུའི་གླིང་དུ་ཕྱིན་པའི་དེད་དཔོན་བཞིན་ཐུགས་གཉེར་ཕུལ་དུ་ཕྱིན་པ་ཞིག་གནང་དགོས།  དེའང་དཔེ་གཟིགས་ཙམ་གྱིས་གོ་མི་ཆོད་པས་གཞུང་རང་རང་གི་རྩ་བ་དང་ཐལ་འཕྲེང་ཐུགས་འཛིན་དང་སྐྱོར་སྦྱངས་དཔྱད་པ་དང་སྦྲགས་པ།  དེའི་སྟེང་ནས་རྩོད་པ་བདར་ཤ་ཆོད་པ་གནང་དགོས།  ཡིག་ཆའང་གཞན་འགའ་ཞིག་བལྟས་མ་ཐག་གོ་བདེ་ཞིང་མདོར་འདུ་བ་ལྟ་བུ་ཡོད་ནའང་། དང་པོར་གོ་བ་དེ་ལས་ལྷག་པའི་ཡུན་དུ་བལྟས་ཀྱང་ཕར་འབྱམས་ནས་ཟབ་རྒྱས་སུ་འགྲོ་རྒྱུ་མེད།  ཀུན་མཁྱེན་བླ་མའི་ཡིག་ཆ་འདི་ཚིག་དུམ་ཆོད་དང་འགའ་ཞིག་བར་སྐབས་དེར་མ་འབྲེལ་བ་ལྟ་བུ་ཡོད་ཀྱང་།  ཤིང་རྟ་ཆེན་པོའི་གཞུང་མང་པོ་ལ་བལྟས་ཏེ་ཕྱིར་འཁོར་བ་ན་འདིའི་རྩ་བ་འདི་ལ་ཐུག་པར་འདུག་སྙམ་དུ་དེ་དག་གི་སྒོ་ནས་ཡིག་ཆ་ལ་ཡིད་ཆེས་དང་།  ཡིག་ཆའི་སྟེང་ནས་དེ་ཐམས་ཅད་ཀྱི་ཁོག་འགྲིག་པས་རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག་ཏུ་འགྲོ་ལུགས་ཤིག་ཡོད།” ཅེས་དང་། དེའི་འཕྲོར། དབུ་ཕར་འདུལ་མཛོད་སོགས་དཔེ་ཆ་གང་གང་གི་ངོས་ནས་སློབ་དགོས་ཚུལ་དང་གོ་བ་རྙེད་ཚུལ་གསལ་བར་བསྟན་ཏེ།“དེ་ལྟར་བཀའ་པོཏ་ཆེན་པོ་ལྔ་ལ་རྩ་འགྲེལ་མཐའ་དཔྱོད་ཐམས་ཅད་གུང་འགྲིག་པའི་གོ་བ་གཏིང་ཚུགས་པ་དང་།  ཚིག་འཁྲི་ཕྲ་མོ་ཚུན་ཆད་ཀྱང་ཆོད་པའི་རིགས་ལམ་གྱི་བདར་ཤ་ཆོད་པ་མང་དུ་ཐོས་པའི་ཕ་རོལ་ཏུ་སོན་པ་གཞུང་ལུགས་གདམས་པར་འཆར་ཚུལ་ཡང་།  གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་བྱང་ཆུབ་ལམ་གྱི་རིམ་པ་ཡིན་ཞིང་། དེའི་དོན་སྐྱེས་བུ་ཆུང་འབྲིང་གི་ངེས་འབྱུང་།  ཆེན་པོའི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་སྟེ་ཟབ་རྒྱས་ཀྱི་རིམ་པ་གཉིས་སུ་འདུ།  ངེས་འབྱུང་གིས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་ཡིད་འབྱུང་བར་བྱེད་པ་ལ་ཁམས་གསུམ་འཁོར་བའི་གནས་ཚུལ་རང་ཤེས་དགོས།”ཞེས་དབུས་གཙང་དུ་སློབ་གཉེར་འགྲོ་བར་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་ཇི་ལྟར་གནང་ཚུལ་དང་ལྷག་པར་ཀུན་མཁྱེན་ཡིག་ཆའི་ངོས་ནས་གཞུང་ལ་ངེས་པ་རྙེད་དགོས་ཚུལ་ཏེ། གཞུང་བཀའ་པོད་ལྔའི་ལྟ་བའི་གནད་འཛིན་ཚུལ་མ་ནོར་བ་ཡོང་དགོས་ཚུལ་ལ་རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་གསུམ་གྱི་ཉམས་ལེན་གྱི་གནད་མཐའ་དག་གདམས་པར་ཤར་དགོས་ཚུལ། རྟིང་གནོན་གྱིས་སློབ་གཉེར་མེད་པར་ལོག་པ་ནི་རྗེ་བླ་མས། “གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས།།”ཞེས་གསུངས་པ་ལྟར་གང་ནུས་ཅི་ལྕོགས་ཀྱིས་གཞུང་ཆེན་པོ་ལ་སློབ་གཉེར་གནད་དུ་ཐིངས་པ་འགྲོ་དགོས་ཚུལ་དོན་འདུས་ཤིང་ཚིག་གསལ་ལ་བརྗོད་པ་བདེ་བས་གསུངས་ཏེ། མདོར་ན།“གཞུང་ལུགས་སོ་སོའི་རྩ་འགྲེལ་དང་སྦྲགས་ཏེ་གོ་བ་ཚོལ་ལུགས། ཕྲ་ཞིབ་རིགས་པའི་གསང་ཚིག་གྲོལ་ཚུལ། སོ་སོའི་ཞིང་ཆ་འབྱེད་ཚུལ། གཞུང་སོ་སོའི་འགལ་མཚམས་དང་། རིགས་པས་དཔྱོད་མཚམས། བློ་རྩེ་གཏོད་སའི་གནད་འགག ལུང་དང་རིགས་པས་སྒྲུབ་ཚུལ་སོགས་ལ་ཚིག་སྤྱི་ཙམ་དུ་མ་སོང་བར་རེ་རེ་ནས་ཕྲ་ཞིང་ཞིབ་མོར་སློབ་པ་དང་། རྒྱུད་ལ་ཡང་ཡང་འདྲིས་པར་བྱེད་པ། རྣམ་དཔྱོད་ཅན་དུ་མ་དང་ལྷན་དུ་ལན་གཅིག་མ་ཡིན་པར་ཡང་ཡང་དུ་བརྩད་ཅིང་དྲི་བ་དང་། བརྒལ་ཞིང་བརྟགས་པའི་སྒོ་ནས་བདར་ཤ་གཅོད་པ་དང་། གཞུང་ཆེན་མོ་རྣམས་ལ་རིང་དུ་འདྲིས་པར་བྱས་ནས་ཕུ་ཐག་ཆོད་པའི་གོ་བ་གཏིང་ཕྱིན་པ་རྙེད་པའི་ཐབས་ལ་འབད་པ་དང་། ཐོས་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པའི་སྒོ་ནས་གཞུང་ལུགས་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ངེས་པ་བརྟན་པོ་རྙེད་ནས་ཉིན་མཚན་ཁོར་མོ་ཡུག་ཏུ། ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་གྱི་རིམ་པ་མཐའ་དག་ཉམས་སུ་བླངས་ཏེ་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱ་དགོས”ཚུལ་སོགས་སློབ་གཉེར་བསླབ་བྱའི་རིམ་པ་ཚང་ལ་མ་ནོར་བ་བསྟན་པར་མཛད་དོ།།

གསུམ་པ། དབུས་ཕེབས་ཞལ་གདམས་བསླབ་བྱའི་དགོས་པ།

རྗེ་བླ་མ་ཙོང་ཁ་པ་ཆེན་པོས། “འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ། དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ཁུངས་ཤིག་རྙེད་ན་ནི་དེ་འཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ་ད་ལྟ་ཉིད་དུ་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད་དོ།།”ཅེས་གསུངས་པ་ལྟར། ཀུན་མཁྱེན་ཡབ་སྲས་སོགས་ཀྱང་རྒྱལ་བའི་དགོངས་པ་མཐར་ཐུག་ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་བརྒྱུད་པའི་ཟབ་མོ་དབུ་མའི་ལྟ་བའི་ཁུངས་འཚོལ་ཕྱིར་རམ་ལྷག་པར་རི་བོ་དགེ་ལུགས་པའི་བསྟན་པའི་སྙིང་བོ་འཚོལ་ཕྱིར་སྔ་ཕྱི་དབུས་གཙང་དུ་ཕེབས་ཏེ་མདོ་སྔགས་ཀྱི་གདམས་པ་མཐའ་ཡས་པ་མདོ་སྨད་སའི་ཁྱོན་དུ་བསྲིངས། དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པ་ཚང་ལ་མ་ནོར་བ་དྲངས་ཤིང་སྤེལ་བས་སྲད་རྒྱུད་ཀྱི་གདམས་པ་མཐའ་དག་གདན་ས་འདི་ནས་རྩ་བ་རྒྱས་ཤིང་འབྲས་བུ་སྨིན་པར་གྱུར། སྙན་བརྒྱུད་བསྟན་པའི་མངའ་བདག་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས། “དེང་སང་བྱང་ནས་དབུས་སུ་འོང་རྒྱུ་ནོམ་རྫས་ཁོ་ན་ཡིན་ལ། དབུས་ནས་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་གི་གླེགས་བམ་བྱང་དུ་བསྡུས་ནས་ཁྱེར་འགྲོ་བ་འདི་ལ་དཔགས་ན་བསྟན་པ་བྱང་ནས་བྱང་དུ་འཕོ་བའི་དུས་སྐབས་དངོས་ཡིན་པར་སྣང་།”ཞེས་གསུངས་པ་ལྟར། ཀུན་མཁྱེན་བར་མ་སྔ་ཕྱི་གཙང་དབུས་དུ་ཁྱོན་ལོ་ངོ་བཅུ་གྲངས་ལ“དབུ་ཕར་གྱི་གཞུང་ལ་ཞིབ་པར་ཚིག་དོན་རེ་རེ་ནས་ཆོས་གྲྭར་བརྒལ་བརྟག་ཀྱིས་གཏན་ལ་ཕབ། མཛོད་འདུལ་རྣམ་འགྲེལ་རང་རང་གི་རྩ་བའི་སྟེང་དུ་འཕགས་བོད་ཀྱི་འགྲེལ་བ་མང་པོ་དང་མཐའ་དཔྱོད་སོགས་གུང་བསྒྲིགས་ནས་དཔྱད་པ་ཞིབ་མོ་དང་། དཀའ་བའི་གནས་ལ་དོགས་གཅོད་མང་དུ་མཛད་དེ་བཀའ་པོད་ཆེན་པོ་ལྔའི་ཚིག་དོན་མཐའ་དག་ལྷག་མ་མེད་པར་ཐུགས་སུ་ཆུད། སྔགས་ལ་རྒྱུད་གྲྭར་ཕེབས་པ་མ་ཤར་ཡང་རྒྱུད་དང་རྒྱུད་འགྲེལ་ཆེན་མོ་རྣམས་དང་། དེའི་གནད་བསྡུས་པའི་བསྐྱེད་རྫོགས་སོགས་ལ་གཟིགས་རྟོག་མཛད་ཅིང་མཁས་པ་མང་དུ་བསྟེན་ནས་གཞུང་སྤྱིའི་ཁོག་ཕུགས་པའི་གཟབ་བཤད། དཀའ་བའི་གནས་ལ་དམིགས་ཀྱིས་བསལ་བའི་དོགས་གཅོད། ལག་ལེན་གྱི་རིགས་ལ་མཐོང་བ་བརྒྱུད་པའི་ཞིབ་ཁྲིད་བཅས་སྦྱངས་ཏེ། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་མཁྱེན་པའི་ཀློང་རྡོལ་བཤེས་གཉེན་མཚན་ཉིད་དུ་ལྡན་པ་དུ་མ་ཚུལ་བཞིན་དུ་བསྟེན་ཏེ། དབང་ལུང་རྗེས་གསུམ་ཁྲིད་མན་ངག་དང་བཅས་པ་གང་བཞུགས་དང་། ཁྱད་པར་དུ་ཡང་་་་་་་དུས་དབང་གིས་ཆོས་རྒྱུན་ཉག་ཕྲ་བར་ཡོད་པ་རྣམས་ཐུགས་ཀྱིས་མ་བཟོད་པར་ཕྱོགས་མཐའ་དག་ནས་དཀའ་བ་བརྒྱ་ཕྲག་གིས་བཙལ་ཏེ་གསན།་་་་་དེའི་ཚེ་ཕྱག་རྫས་གཞི་ཆེ་བ་མེད་ཀྱང་གང་ཡོད་ཆོས་ཞུས་ཀྱི་ཡོན་དང་ཕྱག་དཔེ་གསར་བསྒྲིགས་ཀྱི་ཐེབས་སུ་བཏང་ནས་རྒྱུན་ལྡན་བཞེས་པ་རུས་ཐུག་རེ་ཙམ་གྱིས་ཆོག་ཤེས་མཛད།”

ཀུན་མཁྱེན་སྐུ་ཕྲེང་གསུམ་པས་ཀྱང་། “ཀུན་མཁྱེན་གོང་མ་རྣམ་གཉིས་དབུས་སུ་ཕེབས་པ་བསྟན་འགྲོའི་དོན་ཁོ་ན་ཡིན་ཞིང་། ངེད་ཀྱང་དགོན་པ་འདི་དང་བསྟན་འགྲོའི་ཕན་བདེ་ལ་བསམ་སྟེ་དབུས་སུ་སོང་བ་ཡིན་པས”ཕེབས་ཁ་མར། ཁྲི་བ་དབལ་མང་ཚང་ནས་རྫོངས་འབུལ་གྱ་ནོམ་པ་སོགས་ཕུལ་ཏེ“གང་ཅིའི་སྐུ་དོན་སྐོར་ལ་སྙན་བསྐུལ་ཆོས་རྒྱུན་དཀོན་པ་གསན་བཞེས་དང་། དཔེ་རྒྱུན་དཀོན་པ་རྩར་གཅོད་གནང་རྒྱུ། རྒྱུད་སྟོད་སྨད་སོགས་གྲྭ་ཚང་སོ་སོའི་འདོན་རྟ་དབྱངས་ཁྲིད་ཕྱག་ལེན་སོགས་ལ་གསན་གཟིགས་དགོས་ཚུལ་གྱི་བསྙེལ་གསོའི་ཐོ་ཆུང་བྲིས་ཏེ་ཕུལ།”ཉིད་ཀྱིས་ཀྱང་དབུས་གཙང་ནས་སློབ་གཉེར་མཐར་ཕྱིན་པ་གནང་ཞིང་བླ་མའི་ཐུགས་བཀོད་བཞིན་བྱ་བ་ཐམས་ཅད་ཡར་ལྡན་དུ་འབྲས་བུ་དུས་སུ་སྨིན་པར་མཛད།

རྗེས་སུ་ཀུན་མཁྱེན་སྐུ་ཕྲེང་གསུམ་པས་ཐུགས་སྲས་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་སྔ་ཕྱི་ཐེངས་གཉིས་ལ་དབུས་གཙང་དུ་བརྫངས་ནས་ཐེངས་དང་པོར“དབུས་ན་བུ་སྟོན་གསུང་འབུམ་དང་ས་སྐྱའི་བཀའ་འབུམ་གྱི་ལུང་རྒྱུན་ཡོད་སྐད་འདུག་པས་དགོན་པ་འདིར་གལ་ཆེ་ཞེས་ནན་ཏན་མཛད།”ཐེངས་གཉིས་པར། “རྗེ་དགེ་འདུན་གྲུབ་ཀྱི་གསུང་ཐོར་འབྲས་སྤུངས་སྤར་དུ་མ་ཐེ་བའི་ཐོར་བུ་ལུང་གང་ཡོད། ཤ་བོ་སྒང་བའི་བློ་སྦྱོང་དེ་བློ་སྦྱོང་བརྒྱ་རྩ་ན་ཡོད་མེད་བརྟག་ཅིང་དཔེ་བྱུང་ཚེ་ཡོངས་རྫོགས་ཀྱི་ལུང་། རྟ་ཕུག་པའི་ལམ་རིམ་སྔོན་འགྲོ། གྲུབ་ཆེན་ཛེ་ཏ་རིའི་འཆི་མེད་རྔ་སྒྲའི་མངོན་དཀྱིལ། སྐྱིད་ཤོད་བློ་བཟང་བསྟན་འཛིན་རྒྱ་མཚོ། སྨན་ཁང་བ། འཇམ་དབྱངས་བདེ་བའི་རྡོ་རྗེ། རྒྱལ་རོང་ནམ་མཁའ་ལྷུན་གྲུབ་རྣམས་ཀྱི་གསུང་འབུམ།་་་་་་་་དངུལ་ཆུ་སྐོར་གསུམ་གྱི་ཕྱག་ལེན་སོགས་གསུང་བཀོད་གང་དགོས་ཉིན་སྦྲེལ་ནས་སྩལ་བ་ལ་ཐོ་བྲི་གནང་མཛད”དེ་དབུས་ལ་བརྫངས་པ་སོགས་ཀྱིས་བསྟན་པའི་འབྱུང་ཁུངས་སམ་ཆོས་རྒྱུན་གྱི་ཁུངས་བཙལ་རྒྱུ་དང་དབང་ལུང་མན་ངག་གི་རྒྱུན་མི་ཉམས་བསྲིང་རྒྱུའམ་དར་སྤེལ་གྱི་དགོས་པ་འབའ་ཞིག་ལགས་ན་འདི་ལས་བསྟན་པ་ལ་བྱ་བ་བྱས་པའམ་སེམས་ཅན་གྱི་དོན་སྒྲུབ་ཚུལ་གཞན་མེད་པས་ཤིན་ཏུ་ངོ་མཚར་བའི་གནས་སོ།།

ལྷག་པར་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་རྗེ་བླ་མ་ཙོང་ཁ་པ་ནས་རྒྱུད་པའི་མདོ་སྔགས་ཀྱི་ཁྲིད་རྒྱུན་མཐའ་དག་དབུས་གཙང་གི་ཡུལ་གང་དུ་དམ་པ་སུའི་ཐུགས་སུ་མངའ་བ་རྒྱུ་ཡོན་དད་པ་དག་སྣང་གིས་འབད་པས་བཙལ་ཏེ། “བླ་ཆེན་དུ་མིང་མ་བཏགས་པའི་ཞྭ་ལུའི་རི་ཁྲོད་པ་འགའ་ཞིག་དང་། བཀྲ་ཤིས་ལྷུན་པོའི་རྗེ་དྲུང་ཡེ་ཤེས་མཐའ་ཡས་སོགས་ལས་ཆོས་མང་དུ་གསན། པྲ་སྟི་དགེ་བཤེས་ཀྱི་སློབ་མ་རི་ཁྲོད་པ་ཞིག་ལས་ཀྱང་སུམ་རྟགས་ལ་གསན་སྤྱོང་མཛད། དེ་མ་ཟད་ཀུན་མཁྱེན་གོང་མས་རྒྱལ་ཐང་བའི་གཅོད་ལ་བསྔགས་བརྗོད་མཛད་ཚུལ་ལ་བརྟེན། གསན་བཞེད་ཆེ་ཡང་ཆོས་རྒྱུན་ཁུངས་དག་རྩད་མ་ཆོད་པའི་སྐབས་ཤིག་ལྷ་ས་སྨོན་ལམ་གྱི་གནས་ཚང་དུ་མཇལ་སྐོར་བ་ཞིག་གི་ཁུར་པོའི་ནང་ན་དཔེ་འགའ་ཞིག་འདུག་པའི་ཁྲོད་དུ་གཅོད་དེ་སྐོར་གྱི་ཆ་ལག་ཚང་བར་ཡོད་པ་གཟིགས་ནས་གསུང་འཕྲོས་གནང་བས་ཆོས་རྒྱུན་ཡང་ཁུངས་བཙུན་རྫོགས་པས་ནོད་འདུག་པས་ཐུགས་དགྱེས་ཚོར་ཆེན་པོ་མཛད་དེ་འབྲས་སྤུངས་སུ་གདན་དྲངས་ནས་ཆ་ཚང་བར་གསན་ཏེ།་་་་གསན་པ་དེ་ཡང་ཐོབ་ལོ་ཙམ་མ་ཡིན་པར་བསྟན་པའི་རྒྱུན་ལ་དགོངས་ནས་བརྒྱུད་རིམ། ཆོ་ག་ཕྱག་ལེན་ཐ་ན་བཅའ་ཤོམ་ཚུན་ཆོད་ལ་ཡང་དག་པར་ཞིབ་ཐིག་མཛད”པ་སོགས་རྣམ་ཐར་རང་དུ་གསལ།

དུས་ཕྱིས་ཐུན་མོང་རིག་གནས་ཀྱི་སྐོར་ལའང་གསན་སྦྱང་དང་ཁྲིད་རྒྱུན་ཞལ་ལུང་སྤེལ་ཚུལ་སོགས་ཀྱང་མདོར་ན། “རོང་པོ་མེ་རྒན་ཆོས་རྗེ་ལས་སྙན་ངག་གསན་མོད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་དབྱིག་ཇ་པཎྜིཏ་ལས། རྒྱལ་དབང་ལྔ་བ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ནས་བརྒྱུད་པའི་སྒྲ་དང་སྡེབ་སྦྱོར་སོགས་རིག་གནས་རྣམས་གསན། པྲ་སྟི་རིན་ཆེན་དོན་གྲུབ་ཀྱི་དངོས་སློབ། པྲ་སྟི་དགེ་བཤེས་བློ་བཟང་དགེ་ལེགས་ལས། པྲ་སྟི་རིན་ཆེན་དོན་གྲུབ་ནས་བརྒྱུད་པའི་རིག་གནས་རྣམས་གསན། སི་ཏུ་པཎ་ཆེན་གདན་དྲངས་ཀྱང་ཁོང་སྐུ་ན་སྨིན་པའི་སྟབས་ཀྱིས་ཕེབས་མ་ཐུབ་པར་ཁོང་གི་དངོས་སློབ་ཀརྨ་གཙུག་ལག་ཀུན་དགའ་སངས་རྒྱས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ། སི་ཏུ་པཎ་ཆེན་ནས་བརྒྱུད་པའི་རིག་གནས་རྣམས་གསན། བོད་མཁས་སྙན་འགྲེལ་སྟེང་ནས་སྙན་ངག་བསྐྱར་ཁྲིད་གནང་། དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ཀྱི་ཁྲིད་རྒྱུན་སྔར་ནས་བླ་བྲང་དུ་ཡོད་མོད། ཕྱིས་སུ་བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཀྱང་བཤད་རྒྱུན་བླངས་ཞེས་པཎ་ཆེན་ཤཱི་ལའི་མཚན་ཅན་གྱིས་གསུངས། སི་ཏུའི་སུམ་རྟགས་དང་། པྲ་ཏིའི་སུམ་རྟགས་གཉིས་ཀའི་ཁྲིད་རྒྱུན་དང་ལུང་རྒྱུན་སྤེལ་ཏེ། པྲ་སྟིའི་སུམ་རྟགས་ཤིན་ཏུ་ཐུགས་ལ་བབས་ཏེ་དཔར་ལ་བཀོད། དཔར་ཤིང་སྨོན་ཚིག་ཀྱང་ཁོང་གིས་གསུངས་ཏེ་བསྔགས་བརྗོད་བླ་ན་མེད་པ་གནང་། པྲ་སྟིའི་རྟགས་འཇུག་ལའང་བཤད་ཚུལ་མི་འདྲ་བ་གཉིས་ཡོད་པ་དཔར་ལ་བཀོད།་་་་་བོད་མཁས་སྙན་འགྲེལ་དཔེ་བརྗོད་དང་བཅས་པ་དཔར་ལ་བཀོད་ནས་ཁྲིད་རྒྱུན་སྤེལ།”དེ་ལྟར་ཀུན་མཁྱེན་ཡབ་སྲས་ཚོས་དབུས་གཙང་གི“དགོན་སྡེ་ཆེ་ཕྲ་སོ་སོ་ནས་ཕྱག་དཔེ་གང་མཁོ་དཔར་དགོས་པ་རྣམས་དཔར། བླུ་དགོས་པ་རྣམས་བླུས་ཏེ་པོ་ཏི་བརྒྱ་ལྷག་གསར་དུ་བསྒྲིགས།”དུས་དབང་གིས་ཉམས་ཆག་ཐེབས་པའི་དབང་ལུང་མན་ངག་གི་བརྒྱུད་ཁུངས་དང་ཆིངས་སོགས་རྩད་གཅོད་པ། གསུང་བཤད་ཟིན་བྲིས་སུ་འདེབས་པ་སོགས་དམ་པའི་ཆོས་འཚོལ་བའི་བསླབ་སྟོན་ཞིབ་ཏུ་བསྩལ་བ་དག་གིས་དུས་ཕྱིས་བླ་བྲང་བཀྲ་ཤིས་འཁྱིལ་བ་གཙོས་པའི་མདོ་སྨད་ཀྱི་དགོན་སྡེ་དག་གི་ཆོས་རྒྱུན་གྱི་ཁུངས་མ་ལུས་པ་གྲ་མ་ཉམས་ཟུར་མ་ཆགས་པར་རྒྱས་པར་གྱུར་ལ་མདོ་སྨད་དང་སོག་ཡུལ་སོགས་ཡུལ་གྲུ་དུ་མ་ཞིག་ན་རིག་གནས་ཀྱི་འབྱུང་ཁུངས་དང་། བྱང་ཕྱོགས་སྡི་ཚ་དང་སྐུ་འབུམ། ལྷོ་ཕྱོགས་མཛོད་དགེ་རྔ་བ་སོགས་ཀྱི་ཕྱི་ནང་གི་རིག་གནས་ཐམས་ཅད་ཀྱི་འབྱུང་ཁུངས་ཆུ་མགོ་ལྟ་བུར་གྱུར་པས། གུང་ཐང་བསྟན་པའི་སྒྲོན་མེས“བོད་ཆེན་པོ་བྱང་གི་ཕྱོགས་མཐའ་འདིར། །མ་འགྲོ་བའི་བདེ་སྐྱིད་བསྟན་ལ་རག །ཆོས་བསྟན་པའི་འཕེལ་རྒྱས་ཁྱེད་ཀྱི་དྲིན། །འདི་བསམ་ཞིང་བཀའ་དྲིན་སྙིང་ནས་དྲན། །”ཞེས་གསུངས་སོ།།

མཇུག་སྡུད་པ།

《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》དུ། “དེས་ན་བདག་ཉིད་ཆེན་པོ་འདི་དག་གིས་བསླབ་བྱ་གདམས་ངག་དུ་འདོམས་པའི་ཚེ་འཁོར་བའི་སྣང་ཚུལ་བྱ་གཞག་གི་རིགས་ཚིག་ཟུར་ཙམ་མི་མངའ་བར་ཆོས་ལྡན་གྱི་གསུང་འབའ་ཞིག་དང་། དེ་ཡང་སྤྱིར་བཏང་གི་ཆོས་སྐད་མ་ཡིན་པར་ཤློ་ཀ་འགའ་ཞིག་ཙམ་གྱི་ནང་དུ་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཐོས་བསམ་སྒོམ་གསུམ་བྱ་ཚུལ་གྱི་གནས་མཐའ་དག་ཡོངས་སུ་བསྡུས་ཏེ་འདོམས་པར་མཛད་པ་དང་། ཇི་ལྟར་འདོམས་པའི་དོན་རྣམས་རྗེ་བདག་ཉིད་ཆེན་པོས་ཀྱང་ཐོས་ལོ་དང་གོ་ཡུལ་ཙམ་དུ་མ་ལུས་པར་དོན་ལྷག་དང་བཅས་པ་ཐུགས་ཉམས་སུ་བསྟར་བ་འདི་འདྲ་བའི་བླ་སློབ་ཀྱི་རྣམ་ཐར་ལ་ནི་བསམ་བཞིན་དད་པ་འཕེལ། བརྟགས་ཀྱིན་ངེས་ཤེས་སྐྱེ་བའི་གནས་དམ་པའོ།།”ཞེས་གསུངས་པ་ལྟར། ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་དག་ལས་མངོན་པའི་བསླབ་བྱའི་ཤོ་ལོ་ཀ་གཅིག་གིས་ཀྱང་སྤྱིར་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་པར་ཐོག་མར་འཕགས་ཡུལ་ཤིང་རྟ་ཆེན་མོའི་གཞུང་དང་། རྗེ་ཡབ་སྲས་ཀྱི་ལེགས་བཤད་གུང་བསྒྲིགས། དོན་ཟབ་དཀའ་གནད་རྣམས་ལ་ཇི་ལྟར་སློབ་གཉེར་གནང་ཚུལ་ལག་མཐིལ་གྱི་རི་མོ་བཞིན་དུ་སྟོན་པར་མཛད་པས་རྗེས་འཇུག་ཚོས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལས་ཀྱི་འཁོར་ལོ་ཡར་ལྡན་དུ་འགྲོ་བར་ཕན་ནུས་རྒྱ་ཆེར་བསྐྲུན་ཡོད།

རྗེ་བླ་མའི་རྣམ་ཐར་གྱི་གཞི་ལ་བསྟུན་ཞིང་སློབ་གཉེར་གྱི་རིམ་པའང་རྗེ་བླ་མའི་མི་ཚེའི་སློབ་གཉེར་གྱི་ཉམས་མྱོང་ལ་སྦྱར་བའི《རྟོགས་བརྗོད་འདུན་ལེགས་མའི》ཚུལ་ལྟར་གནང་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི《བསླབ་བྱ་མུ་ཐི་ལའི་འཁྲི་ཤིང》དང་། ཀུན་མཁྱེན་འཇིགས་མེད་དབང་བོའི《སློབ་གཉེར་བསླབ་བྱ》གུང་ཐང་བསྟན་པའི་སྒྲོན་མེའི《བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ལྷ་བཙུན་མཐུ་སྟོབས་ཉི་མ་དབུས་སུ་སློབ་གཉེར་ལ་འགྲོ་སྐབས་གནང་བའི《བསླབ་བྱ་མུ་ཏིག་ཕྲེང་བ》ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི《བོད་ལ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་ལའི་ཕྲེང་བ》སོགས་སྟེ། སློབ་གཉེར་བསླབ་བྱ་འདི་དག་གིས་གཅིག་ནས་དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ་རྒྱུ་དང་གཉིས་ནས་མདོ་སྨད་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ་ཕྱིར་རམ་བྱེ་བྲག་གདན་ས་བཀྲ་ཤིས་འཁྱིལ་བ་གཙོས་མདོ་སྨད་ཀྱི་དགོན་སྡེ་ཆེ་ཆུང་དག་གི་བསླབ་པ་སློབ་གཉེར་ཡར་ལྡན་དུ་འགྲོ་ཆེད་ཡིན་པས། རྣམ་ཐར་འདི་དག་ལས་བྱུང་བའི་དབུས་ཕེབས་ཞལ་གདམས་བསླབ་བྱ་དག་ནི་དྲང་དོན་དུ་རང་གི་ཐུགས་ཀྱི་སྲས་པོར་གདམས་པའི་ཚུལ་དང་ངེས་དོན་དུ་ངེད་ཅག་བོད་ཀྱི་རིག་གཞུང་སྤྱི་ལ་སློབ་གཉེར་གནང་མཁན་དག་ལ་གདམས་པའི་བསླབ་བྱའི་རིམ་པར་གོ་བས། ཆེས་རྟོགས་དཀའ་ཞིང་རྒྱ་ཆེ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ལམ་གྱི་རིམ་པ་རྣམས་ཚང་ལ་གོ་རིམ་མ་ནོར་བར་སྟོན་པའི་རིག་པའི་སྒོ་མོ་འབྱེད་པའི་ལྡེ་མིག་གམ་སྤྱི་ཆིངས་སུ་ངེས་པས་ཆོས་དང་རིག་གནས་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་འདིར་དམ་པ་གོང་མ་ཁོང་དག་གི་རྣམ་ཐར་སྤྱི་དང་བྱེ་བྲག་སློབ་གཉེར་གྱི་ཞལ་གདམས་དག་རིག་པ་དོན་གཉེར་མཁན་ཚོས་འབད་པས་བཙལ་ཏེ་སྦྱངས་པར་རིགས་སོ།།

拉卜楞寺嘉木样师徒传所记入藏求学教诲教育价值探析

马乃东智

西北民族大学 甘肃兰州730030

摘要:本文以历代嘉木样师徒传所记“入藏求学教诲”作为切入点,通过深入解读各传记中所表现的入藏前师徒教导对求学者深造的理念和学经教育的作用,主要以安多拉卜楞寺为主甘青地区诸属寺院的佛教教义教诲传承,培养一代又一代学僧对学经教育的发展和教育贡献进行梳理。

关键词:嘉木样师徒传 入藏求学 教诲 教育价值

Study on the educational value of “Study in Tibet teaching” in the biography of Master and apprentice Jia Mu in Labrang Monastery

Manai Dongzhi

Northwest University for nationalities, lanzhou, Gansu 730030

abstract: This article takes the "learning and education in Tibet" recorded in the biographies of Jiamuxiang Master and Apprentice in the past dynasties as the starting point, and combs the development and educational contribution of the Buddhist teachings of various monasteries in the Gansu and Qinghai regions, mainly through the in-depth interpretation of the concept of pre-Tibetan master and apprentice education and the role of learning and education in various biographies.

Key Words: Master and apprentice like Jiamu, study in Tibet, teaching, educational value.

1、本文系“一带一路与喜马拉雅区域研究中心2023年招标课题项目”阶段性成果之一。

2、作者简介:马乃东智,男,藏族,青海循化人,西北民族大学中国语言文学学部讲师,主要研究方向:藏族古代历史与文献。

3、地址:甘肃省兰州市城关区西北新村1号

4、邮编:730030

5、手机:13519402016

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།