ཏཱ་ལའི་སྐུ་ཕྲེང་ལྔ་པ་མཆོག་དགེ་རྒྱལ་ཕྱོགས་སུ་ཆིབས་བསྒྱུར་ མཛད་པའི་སྐོར་གྱི་དཔྱད་གླེང་གསེར་གྱི་ཐིགས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-13 17:18:58     རྩོམ་པ་པོ།   ཁྱུང་པོ་བློ་བཟང་དབང་ཕྱུག    ཀློག་ཐེངས།  

མི་དབང་གསེར་གྱི་ཀ་ཆེན་གངས་འདབས་ནས་འཁྲུངས་དུས།། འདི་ན་ཆོས་རིག་དཔལ་གྱི་བླ་མཁར་དེ་བརྗིད་པ།།

བཀྲ་ཤིས་དངུལ་གྱི་དྲིལ་ཆུང་མཐའ་མེད་དུ་དཀྲོལ་བས།། རིས་མེད་སྙན་གྱི་དབུ་ལྕོག་དབང་མེད་དུ་འགུལ་ལོ།།

དེ་ལྟར་ཚིགས་སུ་བཅད་པས་སྔུན་བསུས་ཏེ་གླེང་བར་བྱ་བ་ནི།  མི་དབང་ཏཱ་ལའི་བླ་མའི་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་གོང་མའི་དབུ་བླར་ཕེབས་སྐབས་དགེ་རྒྱལ་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་སྐོར་ལ་དག་དང་མ་དག་པའི་ངག་རྒྱུན་དང་ཡིག་ཉོག་ཅི་རིགས་འདུག་པས་དེ་དག་ལ་གོ་བརྡ་དང་ལོ་རྒྱུས་སྨྲ་བ་རྣམས་ལ་དྲན་གསོའི་ཚུལ་དུ་གནད་བསྡུས་ཅིག་སྤྲོ་ན། དེ་ཡང་རྒྱལ་དབང་ལྔ་པ་མཆོག་ནི་རབ་བྱུང་བཅུ་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་༡༦༡༧ལོར་ལྷོ་ཁའི་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་སྐུ་འཁྲུངས། དགུང་གྲངས་རེ་དྲུག་ཏུ་སོན་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ་༡༦༨༢ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནོ།།

དབུས་ནས་རྒྱ་ནག་ཏུ་ཕེབས་པའི་སྐོར།

དེ་ཡང་རྒྱ་ནག་གོང་མས་སྔ་ཕྱི་དུ་མར་རྒྱ་ནག་ཏུ་འབྱོན་དགོས་པའི་བཀའ་ཕེབས་ཤིང་རྒྱ་ནག་དུ་ཕེབས་རྒྱུའི་སྐོར་ལ། དགའ་ལྡན་རྩེ་ཤར་གཉིས་ཀྱིས་ཐོག་དྲངས་སེ་འབྲས་དགེ་གསུམ་གྱི་བླ་མ་ལས་ཚན་རྣམས་ཚོགས་པའི་རབ་ཏུ་བཤོལ་ཐེབས་པ་ཞིག་དང་། ད་དུང་ལོ་གསུམ་ལས་མ་འགྱངས་པར་ཕྱིར་ཕེབས་རྒྱུའི་དན་ཁ་སོགས་བཀའ་གྲོས་བཞིན་རྒྱ་ནག་ཏུ་ཕེབས་རྒྱུའི་ཞལ་བཞེས་མཛད་དེ། ཆུ་འབྲུག་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་ལམ་ལ་ཆས། དེ་ནས་ཤོ་མོང་འཛོམ་ར་དང་གདང་ལ་སོགས་བརྒྱུད་སྙུག་ཆུ་དང་ཨག་འདམ་གྱི་ཆུ་རྣམས་རིམ་གྱིས་བརྒལ་ཏེ་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་གར་པ་ལྷ་རྩེ་གཞུང་དུ་ཕེབས། གར་པ་ལྷ་རྩེ་གཞུང་ནི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་དང་ཟུང་དུ་འབྲེལ་ཞིང་བཀྲ་ཤིས་འཁྱིལ་བའི་བྱང་ཕྱོགས་སུ་ཡོད། རྫ་གཞུང་ལྷ་རྩེ་ཉེར་ལྔའི་ཡ་གྱལ་སྨུག་གི་གར་པ་ལྷ་རྩེར་འབོད་པའི་རི་ནི་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་མགོ་སྲིབ་གོང་ཁ་ནས་མཐོང་ཐུབ་ཀྱི་ཡོད།  སྐབས་དེར་བོད་སོག་གི་སྐད་གཉིས་སྨྲ་ཞིང་མང་ཐོས་རྣམ་དཔྱོད་ཆེ་བའི་མེརྒན་བཀའ་བཅུ་ཤེས་རབ་རྒྱ་མཚོ་དང་སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་བསྐུལ་བ་བཞིན་བསང་དཔེ་བཀྲ་ཤིས་འཁྱིལ་བ་ལྗགས་རྩོམ་མཛད།  ངག་རྒྱུན་དང་དཔྱད་རྩོམ་རེ་འགར་བསང་མཆོད་བཀྲ་ཤིས་འཁྱིལ་བ་ཆུ་མགོ་བཀྲ་ཤིས་འཁྱིལ་ནས་རྩོམ་པ་དང་རྩོམ་པར་སྐུལ་མཁན་བླ་མ་ཤེས་རབ་སེངྒེ་སོགས་དགེ་རྒྱལ་དཔོན་འབངས་འདོད་པ་ནི། བསང་དཔེའི་མཇུག་བྱང་དང་རང་རྣམ་ཙམ་ཡང་མ་མཐོང་བའི་ཧམ་བཤད་དུ་ངེས་ལ་དཔྱད་པ་མེད་པའི་འདོད་སྦྱར་དང་ཕྱོགས་ཞེན་གྱི་འཁྱོག་བཤད་འདི་དག་འདོར་བར་བྱ་བ་ཁོ་ནའོ།། ཡང་དགེ་རྒྱལ་སྨུག་པོ་ལྡོང་གི་ལོ་རྒྱུས་ཀྱི་ཉིང་བཅུད་དུ། རྒྱ་ནག་དུ་མར་ཕེབས་པའི་སྐབས་དེར་ལྷ་ཕུག་བླ་མ་ཤེས་རབ་སེངྒེ་སོགས་སྡེ་དགོན་གཉིས་ནས་བརྒྱ་འབུལ་དང་བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག་སྟེ་བླ་མ་ལ་རྟེན་གསུམ་དང་དགོན་མིང་གནང་བ་སོགས་བཤད་པ་ནི་དཔྱད་གཞི་ཙམ་ལས་ཡིད་ཆེས་དཀའ་བའི་གནས་ཏེ། གཅིག རང་རྣམ་དུ་ལྷ་རྩེ་གཞུང་ནས་ཡགས་གཞུང་དུ་ཕེབས་པར་གསུང་བ་དང་ཚེ་གྲངས་སོགས་གང་གི་ཆ་ལ་བསམ་ནའང་བཀྲ་ཤིས་འཁྱིལ་བར་ཕེབས་ཚུལ་མེད་པ་དང་། གཉིས།   དགོན་པ་དགའ་ལྡན་ཐོས་བསམ་གླིང་ཞེས་མཚན་གནངཟེར་བ་ནི་ཡིག་ཆ་དང་ངག་རྒྱུན་གང་དང་ཡང་མི་མཐུན་པ་སྟེ། སྡེ་དགོན་ལོ་རྒྱུས་སུ་དགོན་པའི་མཚན་ལ་བཀྲ་ཤིས་བཤད་སྒྲུབ་ཐེག་ཆེན་གླིང་ཞེས་ཐོགས་གསུངས་པའི་བཀའ་ལུང་བྱུང་བར་བཤད་པ་དང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་ཞལ་ནས། དགེ་རྒྱལ་རྫ་སྟོད་རྫོང་ཁོངས་བཀྲ་ཤིས་ལྷ་ཕུག་དགོན་གནས་འདིར་༧རྒྱལ་དབང་ལྔ་པ་ཆེན་པོས་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་མཛད། དགོན་མིང་བཀྲ་ཤིས་བཤད་སྒྲུབ་ཐེག་ཆེན་གླིང་ཞེས་ཐོགས་གསུངས་པའི་བཀའ་ལུང་ཐོབ་ཅེས་གསུངས་པ་སོགས་ཁུངས་ལྡན་དུ་མ་དང་འགལ་བར་གྱུར་ལ་ངག་རྒྱུན་དུའང་ལུང་འདི་གཉིས་དང་མཐུན་པར་གྲགས་པའི་ཕྱིར་རོ།།  དེ་དུས་བེ་རི་སྟོད་པ་དཔོན་ཀརྨ་གཡུལ་རྒྱལ་དང་ཆོས་སྒྲོན་མིང་སྲིང་སོགས་ཀྱིས་འབུལ་བ་ཟབ་རྒྱས་ཞུས་པ་དང་རྒྱལ་དབང་ལྔ་པས་རྗེས་གནང་དང་ལུང་སོགས་ཕུན་སུམ་ཚོགས་པར་གནང་། དགེ་རྒྱལ་ཆོས་སྒྲོན་དང་བསོད་ནམས་དཔལ་བཟང་གཉིས་ཀྱིས་བསྐུལ་བ་བཞིན་རྒྱ་ནག་ནས་རིང་པོར་མ་ཐོགས་པར་ཡར་ཕེབས་པའི་སྨོན་ལམ་ཡོད་པའི་གསོལ་འདེབས་སོགས་མཛད་དེ་ཡགས་གཞུང་བརྒྱུད་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་རོ།།

བོད་དུ་ཕྱིར་ཕེབས་པའི་སྐོར།

དེ་ནས་དེའི་ཕྱི་ལོ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ཧོར་ཟླ་ལྔ་པ་ཕྱི་མའི་ཚེས་གཅིག་རྒྱལ་ཕུར་འགྲུབ་སྦྱོར་ལ་ཕྱིར་བོད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཟླ་བ་དགུ་བའི་ཚེས་གཅིག་ལ་འབྲི་ཆུ་ནས་བཏེག དེ་ནས་རྨོག་ལྗོངས་སུ་ཕེབས་ཏེ་དགེ་རྒྱལ་ཆོས་སྒྲོན་སྤུན་གསུམ་སོགས་ལ་མ་ཎིའི་བཟླས་ལུང་དང་གཞན་ཡང་རྗེས་གནང་དང་བསྙེན་གནས་ཆོ་གའི་ལུང་ཡང་གནང་། དགེ་རྒྱལ་དཔོན་ངག་དབང་རྡོ་རྗེས་བསྐུལ་བའི་རང་བསྟོད་ཅིག་བྲིས་པ་སོགས་རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་གསལ་བ་བཞིན་ལགས། དེ་ནས་ཆིབས་ཀྱི་ཁ་ལོ་དགེ་རྒྱལ་བཀྲ་ཤིས་ལྷ་ཕུག་དགོན་དུ་བསྒྱུར་ཏེ་འབྲི་གུང་བཀའ་རྒྱུད་ཀྱི་རིང་ལུགས་འཛིན་པའི་རྫ་ནག་མཆོད་རྟེན་ར་བའི་རྫ་ནག་བླ་བྲང་། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་དགུ་ཆེན་ལྷས་དམར་གྱི་བར་མ་བླ་བྲང་། དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་ལྷ་ཕུག་བླ་བྲང་གསུམ་གཅིག་ཏུ་སྒྲིལ་ཏེ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པའི་གདན་ས་དགེ་རྒྱལ་བཀྲ་ཤིས་ལྷ་ཕུག་དགོན་འདི་དར་བར་མཛད་ལ། སྐབས་དེར་རྒྱལ་བས་དངོས་སུ་གནང་བའི་ཐང་ནག་གསེར་བྲིས་མ་ཞུ་བ་ད་ལྟའང་དགོན་འདིར་དངོས་སུ་མཇལ་རྒྱུ་ཡོད། དགོན་མིང་ལ་བཀྲ་ཤིས་བཤད་སྒྲུབ་ཐེག་ཆེན་གླིང་ཞེས་ཐོགས་གསུངས་པའི་བཀའ་ལུང་བསྩལ་བ་སོགས་ངག་རྒྱུན་དུ་ཡོད་པ་བཞིན་ངེས་ཤིང་གོང་དུ་དྲངས་ཟིན་པའི་ལུང་དེ་དག་གིས་ཀྱང་གསལ་བར་མཚོན་ནུས་སོ།། ཡང་ཆུ་སྦྲུལ་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་ཆུ་མགོ་བཀྲ་ཤིས་འཁྱིལ་བར་ཕེབས་སྐབས་ལྷ་ཕུག་བླ་མ་ཤེས་རབ་སེངྒེ་གཙོས་སྡེ་དགོན་གཉིས་ནས་ཕེབས་བསུ་ཞུས་ཏེ། བཀྲ་ཤིས་རྟགས་བརྒྱད་ཀྱིས་སྣ་དྲངས་འབུལ་བ་ཟབ་རྒྱས་ཕུལ། དེ་དུས་༧རྒྱལ་བ་ལྔ་པ་ཐུགས་ཤིན་ཏུ་དགྱེས་ཏེ་ས་ལ་བཀྲ་ཤིས་འཁྱིལ་བ། དགོན་པ་ལ་བཀྲ་ཤིས་ལྷ་ཕུག འབུལ་བ་ལ་བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་སུམ་ལྡན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག་ཅེས་བླ་མ་ལ་གོས་ཆེན་སེར་པོའི་དབུ་གདུགས་དང་སྒྲོལ་མ་གཡུ་ཁྲབ་ཅན། ཐུབ་པ་གཡུ་མཛོད་ཅན་སོགས་རྟེན་གསུམ་མང་པོ་གནང་བའི་ངག་རྒྱུན་ཡོད་པ་བཞིན་ཡིན་ཞིང་། སྐབས་དེར་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས་དཔོན་ངག་དབང་རྡོ་རྗེ་ལ་བཀའ་ཤོག་མཚལ་ཐམ་རིན་པོ་ཆེའི་གནན་པ་ཟླ་ཚེས་དང་བཅས་ཡོད་པ་བསྩལ། དེ་ནས་གདང་ལ་སོགས་བརྒྱུད་དེ་དབུས་ཕྱོགས་སུ་ཆིབས་བསྒྱུར་མཛད།

༧གོང་ས་ལྔ་པས་གནང་བའི་བཀའ་ཤོག་ནི་འདི་ལྟར། ཏཱ་ལའི་བླ་མ་བཛྲ་དྷ་རའི་གཏམ། འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང་བྱེ་བྲག་ཁལ་ཁ་ཚོ་པ་བདུན། ཨོ་རོད་ཚོ་པ་བཞི། མདོ་སྟོད་སྨད་ས་ཆར་འཁོད་པའི་ལྷ་སྡེ་མི་སྡེ་དམག་ཇག་གི་འགྲིམ་འགྲུལ་བྱེད་པའི་བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་དང་བཅས་པ་མཐའ་དག་ལ་སྤྲིངས་པ། བེ་རི་སྟོད་པ་དགེ་རྒྱལ་འདི་པ་མི་རབས་སུ་ཞྭ་སེར་ཅོད་པན་འཛིན་པ་མཐའ་དག་གི་སྦྱིན་བདག་ཡིན་ཅིང་། ཁྱད་པར་དུ་དགའ་ལྡན་ཕོ་བྲང་ལ་གུས་ཞབས་ཆེ་བའི་སྐྱོང་འོས་ཡིན་པས་ཁྱོད་གོང་འཁོད་རྣམས་ཀྱིས་དཔོན་ངག་དབང་རྡོ་རྗེ་འདི་པའི་སྡེར་གཏོགས་མི་ནོར་ཕྱུགས་གསུམ་དང་བཅས་པར་གནོད་འགལ་ལོག་པར་འགྲོ་བ་མ་བྱེད། འཚུལ་བཞིན་བསྒྲུབས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན། རྣམ་པར་རྒྱལ་བ་ཞེས་པ་ཆུ་སྦྲུལ་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ནས་བྲིས། ཅེས་གསལ་བར་འཁོད་ཡོད་ལ། སྒར་གྲྭ་ཀརྨ་ལྷ་སྐྱབས་ཀྱིས་བྲིས་པའི་སྟག་ཡན་སྡེ་བའི་ལོ་རྒྱུས་སུ་བཀའ་ཤོག་དབུ་ཅན་དུ་ཕབ་པར་མ་ཡིག་དང་མི་མཐུན་པའི་ཡིག་ནོར་རེ་ཟུང་ཤོར་བའང་ཤེས་རྒྱུ་གལ་ཆེ་བར་སེམས་སོ།།དེ་ལྟར་ཚེས་གཅིག་འབྲི་ཆུ་ནས་ཡར་ཕེབས་པ་ནས་བཟུང་ཚེས་བཅུ་དགུ་གདང་ལ་ཕེབས་བར་གྱི་ཉིན་ཞག་བཅུ་དགུ་རིང་ལ་ཇོ་སྟོན་དགོན། རག་ཤུལ་དགོན། རྨོག་ལྗོངས། དགེ་རྒྱལ་དགོན། ཆུ་མགོ་བཀྲ་ཤིས་འཁྱིལ་བ་སོགས་སུ་མཛད་འཕྲིན་གསེར་གྱི་འཁོར་ལོ་རྨད་དུ་བྱུང་བ་བསྐོར་ཏེ་དེར་འབྲེལ་དཔོན་འབངས་ཡོངས་དགའ་བདེའི་དཔལ་གྱིས་ཡིད་སེམས་རབ་ཏུ་གང་བར་མཛད་པ་སོགས་ངོ་མཚར་གྱི་ལོ་རྒྱུས་རྒྱས་པ་རྒྱལ་དབང་ལྔ་པའི་རང་རྣམ་དང་ཡུལ་མིའི་ངག་རྒྱུན་སྣ་ཚོགས་ལས་ཤེས་པར་བྱ། རང་རྣམ་གྱི་ཚིག་རྣམས་འདིར་རྒྱས་པ་དང་ཉོག་པར་དོགས་ཏེ་མ་བཀོད་ལ་ཀློག་པར་དགའ་བའི་བློ་གསལ་དག་གིས་རང་རྣམ་དུ་མཇལ་བར་གལ་ཆེའོ།།  སྨྲས་པ།

དེ་ལྟར་དོན་གྱི་མོ་སྨན་སྐྱ་ལོའི་འབྲུག་མོ་འདི།།

གླིང་རྗེ་སྐྱེས་བུ་ཆེན་པོའི་ཡིད་ཀྱི་མཛའ་ན་མོ།།

ཁྲམ་པ་ཁྲོ་ཐུང་ལ་སོགས་དགའ་བའི་སྤྱན་རས་ལྡིང་།།

དེང་དུས་སྲིད་པ་རྒན་པོའི་བརྩེ་བ་ཅིས་མི་འགུལ།།

ལོ་རྒྱུས་ཚང་ཚིང་དཀྲིགས་པའི་དགེ་རྒྱལ་ནས།།

དྲུག་འགྱུར་ཀ་ལ་པིང་ཀའི་ཚིག་འཕྲེང་གྱེར།།

དགེ་འབྲོང་རི་ལུང་ཐང་གི་དབྱིག་འཛིན་ན།།

སྙན་འཇེབས་གསེར་གྱི་ཐིགས་པའི་གདངས་དབྱངས་འབར།།

ཞེས་༢༠༢༢ལོའི་ཟླ༥པའི་ཚེས་༨མ་ཡུམ་དུས་ཆེན་ཉིན་ལྡོང་བེ་རི་ཉ་མཚོ་དགེ་རྒྱལ་ཡུལ་ནས་ཁྱུང་པོ་བློ་བཟང་དབང་ཕྱུག་ཏུ་འབོད་པས་ལོ་རྒྱུས་སྨྲ་བ་རྣམས་ལ་དཔྱད་གླེང་གི་ཚུལ་དུ་སྤེལ་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།