ཆུ་ཡོས་དུས་ཟིང་དང་མདོ་སྨད་ཀྱི་དགོན་སྡེའི་ཉམ་ཆག

ཆུ་ཡོས་དུས་ཟིང་ལངས་པའི་རྐྱེན་ནི་ཀོ་ཤྲི་ཧན་གྱི་བུ་བཀྲ་ཤིས་པ་ཐུར་ཐས་ཇི་སོགས་མཚོ་སྔོན་པོའི་དཔོན་པོ་རྣམས་བདེ་སྐྱིད་རྒྱལ་བོའི་དུས་ཉིང་ཤར་མཁར་དུ་གོང་མ་ཆེན་པོར་མཇལ་ཞིང་། སོ་སོའི་གོ་བབས་དང་བསྟུན་པའི་ཝང་། བེའི་ལེ། བེའི་ཟེ། གུང་སོགས་ཀྱི་གོ་ས་དང་གནང་སྦྱིན་བདག་རྐྱེན་བསམ་གྱིས་མི་ཁྱབ་པ་མཛད།
དེ་ནས་བཟུང་སྟེ་མཚོ་སྔོན་པོ་རྣམས་ལ་གོང་མའི་སྤྱན་བསྐྱངས་ཤིན་ཏུ་ཆེ་བ་ལ། གོང་མ་ཡུང་ཊིང་གི་སྐབས་མཚོ་སྔོན་གྱི་དཔོན་པོ་སོག་པོ་བསྟན་འཛིན་ཆིང་ཝང་ལ་བདག་རྐྱེན་ཧ་ཅང་ཆེ་དྲག་པ་ཁོས་བསོད་ནམས་ཀྱིས་མ་ཆུན་པར། རྒྱ་ནག་ལ་ངོ་ལོག་རྩིས་ཀྱིས་སོག་དམག་བསྡུས་ནས་ཉེ་འཁོར་གྱི་ཟེན་ཆིང་ཟེར་བའི་རྒྱ་མཁར་ཆུང་ངུ་ཞིག་ཡོད་པ་གཏོར། དེར་དམག་དཔོན་ཡོའུ་ཀྲིན་ཆི་དང་ཉན་ཀུན་གཡོ་གཉིས་བཅས། གོང་མའི་དམག་དཔུང་ཆེན་པོ་རླུང་དམར་བཞིན་དུ་གཡོས་ཏེ། སོག་དམག་ཐམས་ཅད་གཏོར། བསྟན་འཛིན་ཝང་ཡང་ཇུན་གར་དུ་བྲོས།
དེ་ལྟ་ན་ཡང་ཕྱོགས་འདིའི་དགོན་སྡེ་རྣམས་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བའི་བཅའ་ཁྲིམས་རིས་སུ་མ་བོར་བར་རབ་བྱུང་བའི་འདུག་ལུགས་ཀྱིས་རང་རང་གི་ས་མནན་ན་ཉེས་སྐྱོན་ག་ལ་འབྱུང་མོད་ཀྱང་། དུས་ཟིར་མ་བྱུང་བའི་གོང་ཙམ་ནས་དགོན་སྡེ་ཕན་ཚུན་གྱིས་སོག་པོའི་ཤེད་བཟུང་ནས་རྒྱ་ལ་རྩིས་མེད་མང་དུ་བྱས་པ་དང་། དགོན་སྡེའི་ལས་བྱེད་པ་བདུད་སྙིང་ལ་ཞུགས་པ་རེ་གཉིས་ཀྱིས་ནང་ཕན་ཚུན་དམག་རྒྱག་རེས་བྱེད་པ། སྡེ་ཁྲོད་ཀྱི་རྐུན་མ་བཟུང་ནས་ལག་པ་གཅོད་པ། ལ་ཆ་གཏིགས་པ་སོགས་རབ་བྱུང་བ་ལ་མི་འོས་པའི་བྱ་བ་མང་པོ་བྱེད་པ་དང་། རྒྱལ་ལྡོག་དགོན་གྱི་བླ་མ་གསེར་ཁོག་པ་གླང་ཏཱ་ལའི་ཆོས་རྗེས་དམག་དཔོན་བྱས་ཏེ་རྒྱལ་ལྡོག་གི་བོད་དམག་ཁ་ཤས་རྒྱ་མཁར་དུ་རྒྱུག་པ་དང་།ཟེན་ཆིང་མཁར་གཏོར་སྐབས། བཙན་པོ་དགོན་གྱི་སོག་པོའི་གྲྭ་བ་སེ་ཆེན་རབ་འབྱམས་པས་ཁོ་རང་གིས་རིགས་གཏོགས་ཀྱི་གྲྭ་བ་མང་བོ་ཁྲིད་ནས་དམག་ཏུ་སོང་བ་དང་། གྲྭ་བ་རྐམ་ཆགས་ཅན་མང་བོ་ནོར་རྫས་ལེན་པར་སོང་བ་རྣམས་རྒྱ་དམག་གིས་བཟུང་བ་སོགས་མི་ངན་མི་རེ་ཟུང་གི་བྱ་སྤྱོད་ངན་པ་ཉེས་པ་ཡོད་མེད་ཀྱི་དགོན་སྒྲུབ་སྡེ་མང་བོ་ཞིག་གི་འཇིགས་རྐྱེན་དུ་གྱུར་ཏེ། ཡོས་ཀྱི་ལོར་རྒྱ་དམག་གིས་གསེར་ཁོག་དགོན་གཏོར། ཆུ་བཟང་རིན་པོ་ཆེའི་མཛད་སྤྱོད་ཉེས་པ་ཅུང་ཟད་ཀྱང་མེད་ནའང་། དེ་དུས་གསེར་ཁོག་གི་བླ་མ་ལས་ཐོག་པ་ཡིན་པའི་ཉེས་པ་དེ་ཁོ་ནས། ཁོང་གཙོ་བོས་གྲྭ་རྒན་བཅུ་བདུན་ཙམ་གཡོ་སྒྱུས་ཡཱ་མིན་གྲོང་ཙེར་གདན་དྲངས་ནས་མེ་ཞུགས་ཕུལ། དགོན་དེའི་བཙུན་པ་ཉེས་མེད་བརྒྱ་ཕྲག་ལྷག་བཀྲོངས་ཤིང་། འདུ་ཁང་གཙུག་ལག་ཁང་སོགས་མེར་བསྲེགས། ཞྭ་བོ་ཁོག་གི་དགོན་པ་གསུམ་དང་། འཇུ་ལག་གི་རྒྱལ་ལྡོག་དགོན། སེམས་ཉིད་དགོན། ཇག་རུང་གི་ཡར་ལུང་དགོན་རྙིང་། ཕོ་རོད་ཀྱི་པྲ་སྟི་དགོན་སོགས་ཀྱང་གཏོར། སྐུ་འབུམ་དེ་གོང་ནས་བཞུགས་ཚུགས་པ་དང་། དགོན་སྡེ་ཉེས་ཅན་རྣམས་དང་ས་ཐག་ཅུང་ཟད་རིང་བས་གྲྭ་བ་ཆེ་རྒན་སུམ་ཅུ་ལྷག་ཙམ་བཀྲོངས་པ་ལས་དགོན་པ་བྱིངས་ལ་སྐྱོན་མ་བྱུང་།
ལྕང་སྐྱ་རིན་པོ་ཆེ་སྐུ་འཕྲེང་གཉིས་པ་གོང་མ་བདེ་སྐྱིད་རྒྱལ་བོའི་བླ་མ་ཡིན་པ་དང་། གོང་མ་ཡུང་ཊིང་ཡང་རྒྱལ་སར་མ་འཁོད་གོང་དུ་རྗེ་འདི་བ་ལ་དད་འདུན་ཤིན་ཏུ་ཆེ་ཞིང་། ཐུའུ་བཀྭན་རིན་པོ་ཆེ་སྐུ་འཕྲེང་གཉིས་པ་པེ་ཅིན་དུ་གོང་མ་རྒྱལ་བོ་དང་མཆོད་ཡོན་ཟུང་འབྲེལ་དུ་བཞུགས་སྐབས་ཡིན་པ་སོགས་གང་ཅི་ནས་དགོན་ལུང་བ་ཚོས་རང་ཚུགས་བཟུང་ན་རྒྱའི་ནང་ནས་རང་མགོ་ཐོན་པ་ཞིག་ཡོང་རྒྱུ་ཡིན་ཡང་། དགོན་ལུང་ཁྲི་བ་འདན་མ་སྤྲུལ་སྐུ་དང་གྲྭ་རྒན་ཁ་ཤས་བཅས་ཟི་ལིང་དུ་སོང་ནས་དམག་དཔོན་ཆེན་པོར་རྒྱུ་མཚན་ཞིབ་ཏུ་བཤད་པས། ཅང་ཇུན་སོགས་དཔོན་པོ་རྣམས་ཀྱིས་ཀྱང་ཉེས་མེད་དུ་གོ་ནས་བདག་རྐྱེན་ཕྲན་བུ་ཡང་བྱུང་སྟེ་ཚུར་ལོག་ནས་དགོན་པར་འགྲོ་བའི་ལམ་བར་དུ་བཙན་པོ་དགོན་གྱི་ནག་ཅན་སེ་ཆེན་རབ་འབྱམས་པ་རྒྱས་བཟུང་ནས་ཁྲིད་འགྲོ་བ་ལ། ཁོས་སྲོག་སྐྱོབ་དགོས་ཚུལ་གྱི་ངུ་སྐད་བཏོན་པར། གྲྭ་རྒན་ཚོས་མ་ཉན་ཀྱང་འདན་མ་སྤྲུལ་སྐུས་སྙིང་རྗེ་རྗེ་ལྟ་བུས། ཕྱིར་ལོག་ནས་ཅང་ཇུན་སོགས་ལ་སེ་ཆེན་རབ་འབྱམས་པ་ཉེས་པ་ཆེན་པོ་མེད་ཚུལ་གྱི་དག་སངས་བྱས་པས། ཉེས་པ་མངོན་སུམ་དུ་གྲུབ་པའི་མི་ནག་ཅན་འདི་འདྲ་ཡང་ཉེས་མེད་དུ་སྒྲུབ་ན། བླ་མ་ཁྱོད་ཀྱང་འདིའི་ཕྱོགས་གཏོགས་ཡིན་འདུག་ཟེར་ནས་སེ་ཆེན་མགོ་མ་ཐོན་པའི་ཁར། འདན་མ་སྤྲུལ་སྐུ་ཁོང་རང་ཡང་ནག་ཅན་གྱི་གྲས་སུ་བཞག་ནས་སེ་ཆེན་དང་ལྷན་དུ་ཟི་ལིང་མཁར་གྱི་རྒྱ་སྒོའི་ཕྱི་ལོག་ཏུ་མཚོན་གྱིས་བཀྲོངས།
རྒྱུ་མཚན་དེ་དང་གཞན་ཡང་དགོན་པར་རྒྱུན་དུ་ཚོང་ལ་ཡོང་བཞིན་པའི་མུ་སྟེགས་པ་ཧོས་ཧོས་འགའ་ཞིག་གིས་ཀྱང་། དགོན་ལུང་མཚོ་སྔོན་པ་དང་བློ་མཐུན་ཡིན་ཚུལ་གྱི་དབྱེན་མང་བོ་བྱས་པ་སོགས་རྐྱེན་ངན་དུ་མ་རུ་འཛིངས་ཏེ། ཤིང་འབྲུག་སྤྱི་ལོ༡༧༢༤ལོའི་ཟླ་བ་དང་བོའི་ནང་དུ་རྒྱའི་དམག་ཆེན་དགོན་ལུང་དུ་ལྷགས། ད་དུང་ཡང་དཔའ་རིན་ཆོས་རྗེ་ངག་དབང་བཀྲ་ཤིས་སོགས་མི་བློ་ལྡན་འགའ་ཞིག་གི་མདུན་བགྲོས་ལྟར་དམག་ལན་སོགས་མ་བྱས་པར་གྲྭ་བ་ཐམས་ཅད་བྲོས་ན་སྐྱོན་མེད་པ་ཙམ་ཡོང་རྒྱུ་ཡིན་ཡང་། རྡོ་བ་གཉེར་བ། རྒྱ་རྩེ་གཉེར་བ། ཨ་བན་དབུ་མཛད་སོགས་དམ་སྲི་མི་གཟུགས་ཅན་ཁ་ཤས་དང་། ཕུང་འདྲེ་མིའི་ཁོག་ཏུ་བརླམས་པ་ཞིག་གིས། ཕོ་དཔའ་བོས་བསྟན་པ་འཛིན་པའི་དུས། །ཞེས་སོགས་ཟེར་བ་ལ་ཉན་ནས་གྲོང་འབྲོག་གི་སྡེ་ཁྲོད་ནས་དམག་བསྡུས་ཏེ་རྒྱ་དམག་དང་འཐབ་ཁུལ་བྱས་པར། དམུས་ལོང་སྤྲང་བོས་འཁོར་བསྒྱུར་གྱི་དཔུང་ལ་དབྱུག་པས་གཡུལ་འགྱེད་པའི་དཔེ་ལྟར་སྔ་དྲོ་ཙམ་གྱི་འགྲན་ཟླ་ཡང་མ་ཐུབ་པར་ཕམ་སྟེ། ཨ་བན་དབུ་མཛད་སོགས་གྲྭ་བ་ཁ་ཤས་འཐབ་གྲལ་དུ་ཤིདགོན་ལུང་གི་འདུ་ཁང་གཙུག་ལག་ཁང་སྤྱིལ་བོ་རྣམས་དང་། བཀའ་བསྟན་འགྱུར་ཚར་བཅུ་བཞི་སོགས་སྐུ་གསུང་ཐུགས་རྟེན་མང་བོ་མེར་བསྲེགས་པ་སོགས་རྗེས་ཤུལ་མེད་པར་བཏང་ངོ་། །
དེ་ནས་རེ་ཞིག་གི་བར་ཕྱོགས་དེར་རབ་བྱུང་གི་རྟགས་ཆ་ལུགས་ཙམ་ཡང་མེད་ཅིང་། དགོན་པ་གཉིས་ཀའི་གྲྭ་བ་རྣམས་གྲོང་ཡུལ་དུ་ཁྱིམ་པའི་ཆ་ལུགས་ཀྱིས་གནས་དགོས་པ་བྱུང་། དེ་དུས་གོང་མ་རྒྱལ་བོས་ལྕང་སྐྱའི་སྤྲུལ་སྐུ་དམག་འཁྲུགས་ནང་དུ་སྐུ་ལ་ཉམས་ཉེས་མེད་པར་ཅིས་ཀྱང་ཕོ་བྲང་ཆེན་པོར་གདན་དྲོངས་ཤིགཅེས་པའི་བཀའ་དམག་དཔོན་གཉིས་ལ་འཕྲལ་དུ། ལྕང་སྐྱ་རོལ་བའི་རྡོ་རྗེ་དགུང་ལོ་བརྒྱད་པ་ཟི་ལིང་དུ་གདན་དྲངས་ནས་པེ་ཅིན་དུ་ཆིབས་བསྐྱོད་གནང་།
དེ་ནས་མི་རིང་བར་ཐུའུ་བཀྭན་སྐུ་འཕྲེང་གཉིས་པ་དང་། ལྕང་སྐྱ་སྐུ་འཕྲེང་གསུམ་པ་རྣམས་གཉིས་ཀྱིས་གོང་མ་ལ་ཐབས་མཁས་ཀྱིས་ཞུས་པའི་བཀའ་དྲིན་ལས། དགོན་ལུང་བ་རྣམས་བྱང་ཆུབ་གླིང་དང་། ཆོས་བཟང་། མང་འདུས་ཏེ་རི་ཁྲོད་གསུམ་དུ་བསྡད་ཆོག་པའི་བཀའ་ཕེབས། དེ་མ་ཐག་དགོན་ཆེ་ཆུང་མང་བོ་གསར་འཛུགས་བྱེད་རྒྱུ་བྱུང་བས། དེ་དུས་ཡར་ལུང་དགོན་གསར་འདི་ཡང་རྒྱལ་དབང་ཚངས་དབྱངས་པས་ཕྱག་འདེབས་མཛད་པ་ཡིན།བཙན་པོ་དགོན་གསལ་ཁ་མ་བྱུང་བ་ལ། ལྕང་སྐྱ་དང་ཐུའུ་བཀྭན་ཡབ་སྲས་གཉིས་ཀྱིས་སླར་ཡང་ཞུ་མཁས་མཛད་པས་ཁོ་ཚོ་ཡང་ཕུན་ཚོགས་ལུང་བར་བསྡད་ཆོག་པའི་བཀའ་ཕེབས།
དེ་ནས་རྒྱ་ནག་ཕོ་བྲང་དུ་ས་གཡོས་ཆེན་པོ་དང་རྡོ་ཆར་སོགས་ཆོ་འཕྲུལ་འཇིགས་སུ་རུང་བ་བྱུང་ཞིང་། རྗེ་ལྕང་སྐྱ་ཐུའུ་བཀྭན་ཡབ་སྲས་ཀྱིས་གོང་མ་རྒྱལ་བོ་བློན་པོ་དང་བཅས་ཐབས་མཁས་ཀྱི་ཞུ་བ་ནན་ཏན་དུ་མཛད་པས། ས་བྱ་སྤྱི་ལོ༡༧༢༤ལ་དགོན་ལུང་སྔར་གྱི་གནས་རྙིང་གཙུག་ལག་ཁང་སོགས་ཀྱི་རྨང་བཏིང་ཞིང་། གྲྭ་བ་རྣམས་ཀྱང་འདུས། གསེར་ཁོག་དགོན་སོགས་དགོན་པ་གཞན་རྣམས་ཀྱང་ཆགས། ལྷ་སྡེ་རྣམས་རྒྱའི་ཁྲལ་འོག་ཏུ་ཤོར་ཀྱང་། གོང་མ་རྒྱལ་བོས་སླར་ཡང་གཟིགས་པ་དགེ་བས་བསྐྱངས་པ་ལ་བརྟེན་ནས་འདུ་ཁང་གྲྭ་ཤག་སོགས་ཀྱང་སླར་གསོ་བྱེད་ཐུབ་པ་བྱུང་ངོ་། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn
