རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་མིན་ལ་དཔྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-05-18 17:30:21     རྩོམ་པ་པོ།   དགྲ་ལྷ།    ཀློག་ཐེངས།  

 

888961056752835502.jpg

                                                གཅིག 
              དོགས་གཞི་གཙོ་བོ་གཉིས་ལས། དབུ་མ་རིན་ཆེན་སྒྲོན་མེ་ལས། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་སོགས་པར་བལྟ་བར་བྱའོ། །ཞེས་གསུངས་པས་ན་རྟོག་གེ་འབར་བ་དང་འདི་གཉིས་རྩོམ་པ་པོ་གཅིག་ཏུ་འགྱུར་ལ། དབུ་མ་རིན་ཆེན་སྒྲོན་མེའི་ནང་དུ་དཔལ་ཆོས་གྲགས་སོགས་ཀྱི་ལུང་ཤེས་བྱེད་དུ་བཀོད་པས་ན། དེ་དག་གི་རྗེས་སུ་བྱོན་པར་མངོན་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། དཔལ་ལྡན་ཟླ་བ་གྲགས་པ་གསུམ་པོ་དམིགས་བསལ་གྱི་ཚད་མར་འཛིན་པས། ཤེས་རབ་སྒྲོན་མ་རྩོམ་པ་པོ་ལེགས་ལྡན་འབྱེད་ཀྱིས་ཟླ་བ་གྲགས་པ་དེ་ལྟར་ཁས་ལེན་དཀའ་བ་དང་། བྱོན་པའི་དུས་རིམ་ཡང་འགལ་བར་འགྱུར་བ་ལྟ་བུའི་དོགས་གཞི་དང་། 
             ཡང་བུ་སྟོན་ཆོས་འབྱུང་ལས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤླཽ་ཀ་བརྒྱད་ཅུ། དེའི་འགྲེལ་བ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། དབུ་མ་རིན་པོ་ཆེའི་སྒྲོན་མ་རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར་ཞེས་གསུངས་པ་དང་། བསྟན་འགྱུར་གྱི་གཞུང་སྒྲིག་རིམ་ལྟར་ན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་ཆོས་ཀྱི་ཁུངས་སུ་རིན་སྒྲོན་བཞག་ཡོད་དོ། །
            གཞན་ཡང་བླ་མ་རྡོ་རྗེ་གདན་པའི་གསུང་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། ། དངོས་པོའི་སྟོབས་ཤུགས་རིགས་པའི་ལམ། ། མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། ། རྗེས་སུ་འབྲངས་པ་ངོ་མཚར་ཆེ། ། ཞེས་གསུངས་པ་འདིས་དབུ་མ་རིན་ཆེན་སྒྲོན་མེ་ལེགས་ལྡན་འབྱེད་ཀྱིས་བརྩམས་པ་ལྟ་བུར་མངོན་ཡོད། 
            ད་དུང་། ཤེས་རབ་སྒྲོན་མའི་མཇུག་ཏུ། བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པ་བྱོན་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན་གྱིས་ཉེ་བར་སྦྱར་བ་རྫོགས་སོ། །ཞེས་འབྱུང་བ་དང་། དབུ་མ་རིན་ཆེན་སྒྲོན་མེའི་མཇུག་ཏུ། དབུ་མ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་པ་འཛིན་པའི་གནས་སུ་གཤེགས་པའི་སློབ་དཔོན་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ། ། ཞེས་ཤེས་རབ་སྒྲོན་མ་དང་འདི་གཉིས་ཀྱི་མཛད་བྱང་གི་ཚིག་རིས་ཀྱང་མཐུན་པས་མཛད་པ་པོ་གཅིག་ལྟ་བུའི་དོགས་པར་ཡང་འགྱུར། 
                                               གཉིས། 
            རྟོག་གེ་འབར་བར། འདིར་སློབ་དཔོན་གྱིས་བཤད་པ། གལ་ཏེ་བདག་སྒྲ་དོན་བཞིན་ཏེ། ། འགའ་ལ་ཉེ་བར་གདགས་པའི་ཕྱིར། ། སེང་གེའི་སྒྲ་དང་འདྲ་ཞེ་ན། ། བདག་ནི་གྲུབ་པ་ཉིད་མི་འགྱུར། ། ཞེས་དབུ་མ་སྙིང་པོའི་ཚིག་འགའ་ཞིག་གི་སྐབས་སུ་དེ་ལྟར་བྱུང་ཡོད་པས། རང་གིས་རང་ལ་སློབ་དཔོན་ཟེར་བ་དང་། སློབ་དཔོན་གྱིས་བཤད་པ་ཟེར་བ་དང་། སློབ་དཔོན་གྱིས་སྨྲས་པ་ཟེར་བ་དང་། སློབ་དཔོན་གྱིས་ལན་སྨྲས་པ་ཟེར་བ་དང་། སློ་དཔོན་བདག་ཉིད་བསྟན་པ་ཡིན་ནོ་ཞེས་ཟེར་བ་འདི་དག་འོང་མི་རིགས་ལ། དེ་འདྲ་གསུང་སྲོལ་ཡང་མེད་པར་འདྲ་བས་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་བརྩམས་པ་མ་ཡིན་ནོ་སྙམ་པའོ། །
                                               གསུམ། 
           དོགས་པ་དེ་དག་ལ་ལན་གྱི་རྣམ་པར་བཤད་ན། 
           དབུ་མ་རིན་ཆེན་སྒྲོན་མེ་ལས། བདག་གིས་བཀོད་པ་རྟོག་གེ་འབར་བ་ཞེས་པའི་ཚིག་འདིས་རྟོག་གེ་འབར་བ་རང་ཉིད་ཀྱིས་བརྩམས་པར་བསྟན་པ་མ་ཡིན་པས། དེའི་ཚུལ་ནི། རྟོག་གེ་འབར་བ་ལས། བདེ་བར་གཤེགས་པས་ཇི་སྐད་དུ། ། སྲིད་གསུམ་བཏགས་པ་ཉིད་ཙམ་སྟེ། ། དངོས་པོའི་ངོ་བོར་ཡོད་མ་ཡིན། ། བཏགས་པ་དངོས་པོའི་དངོས་ཉིད་དུ། ། ངན་རྟོག་རྣམས་ནི་རྟོག་པར་བྱེད། ། ཅེས་གསུངས་པ་དང་དེ་བཞིན་དུ། གཟུགས་ནི་དབུ་བ་རྡོས་པ་འདྲ། ། ཚོར་བ་ཆུ་བུར་དག་དང་མཚུངས། ། འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། ། འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། ། རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། ། དེ་ཉིད་གཟིགས་པས་བཀའ་བསྩལ་ཏོ། ། ཞེས་གསུངས་ཡོད་པ་ལ། དབུ་མ་རིན་ཆེན་སྒྲོན་མེར་ཡང་། བཅོམ་ལྡན་འདས་ཀྱིས་ཀྱང་། སྲིད་གསུམ་བཏགས་པ་ཙམ་ཉིད་དེ། ། དངོས་པོའི་ངོ་བོར་ཡོད་པ་མིན། ། བཏགས་པ་དངོས་པོའི་དངོས་ཉིད་དུ། ། ངན་རྟོག་རྣམས་ནི་རྟོག་པར་བྱེད། ། ཅེས་གསུངས་སོ། ། ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཟུགས་ནི་དབུ་བ་རྡོས་པ་འདྲ། ། ཚོར་བ་ཆུ་ཡི་ཆུ་བུར་འདྲ། ། འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། ། འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། ། རྣམ་པར་ཤེས་པ་སྒྱུ་མ་ལྟར། ། ཉི་མའི་གཉེན་གྱིས་གསུངས་པ་ཡིན། ། ཞེས་གསུངས་སོ། ། ཞེས་གསུངས་པས་ན། རང་ཉིད་ཀྱིས་མདོ་དེ་གཉིས་མདོ་སྡེ་སོ་སོའི་ནང་ནས་དྲངས་པ་མིན་པར་རྟོག་གེ་འབར་བ་ལས་དྲངས་པ་ཡིན་ཞིང་། དེ་ཉིད་ཤེས་བྱེད་དུ་བདག་གིས་བཀོད་པ་ཞེས་གསུངས་པ་ཡིན་སྙམ་སྟེ། རྟོག་གེ་འབར་བར་མདོ་ཚིག་དྲངས་པ་དེ་འདིར་བཀོད་པ་ལྟར་འདྲ་ཞིང་། བདག་གིས་བཤད་པ་ཞེས་དང་བདག་གིས་བརྩམས་པ་ཞེས་སོགས་གང་ཡང་མ་བྱུང་བར་བདག་གིས་བཀོད་པ་ཞེས་གསུངས་པ་ལ་གོ་རྒྱུ་ཁྱད་པར་བ་ཞིག་ཡོད་པར་མངོན་ནོ། །
                                                བཞི།
          རྟོག་གེ་འབར་བ་དང་རིན་ཆེན་སྒྲོན་མེ་གཉིས་ཀྱི་བརྗོད་བྱ་མི་མཐུན་ས་མང་ཡང་། ཁྱད་པར་དུ་རྡུལ་ཕྲ་རབ་འདོད་སྟངས་མི་འདྲ་སྟེ། རྟོག་གེ་འབར་བ་ལས། ཁྱོད་ཀྱིས་འདུས་པ་ནི་དམིགས་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་ཁོ་བོས་ཀྱང་འདུས་པ་དམིགས་པ་ཡིན་པར་དམ་བཅས་ཏེ། འོ་ན་ཇི་ལྟར་དམ་བཅས་ཤེ་ན། རྡུལ་ཕྲ་རབ་བསགས་པ་ནི་དམིགས་པ་ཡིན་པར་དམ་བཅས་པས་ཁྱོད་ཀྱིས་འདུས་པ་དམིགས་པ་མ་ཡིན་པར་དེ་འགོག་པ་ནི་ཁོ་བོ་ལ་གནོད་པ་མེད་དོ། ། བསགས་པ་དང་འདུས་པ་ཞེས་བྱ་བ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྡུལ་ཕྲ་རབ་རིགས་མཐུན་པ་དག་གཞི་གཅིག་ལ་བརྟེན་པ་ནི་ཚོགས་པ་ཞེས་བྱའོ། ། ཞེས་གསུངས་པས་རྡུལ་བསགས་པ་ཁས་ལེན་པ་དང་རྡུལ་ཕྲ་རབ་ཁས་ལེན་པར་གསལ་པོ་བྱུང་ལ། རིན་ཆེན་སྒྲོན་མེ་ལས། དང་པོར་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་ཡང་མི་འགྲུབ་སྟེ། དྲུག་གིས་ཅིག་ཅར་སྦྱར་བ་ན། ། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། ། དྲུག་པོ་དག་ནི་གོ་གཅིག་ན། ། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། ། ཞེས་པའི་རིགས་པས་སོ། ། ཞེས་སློབ་དཔོན་དབྱིག་གཉེན་གྱི་རིགས་པ་ལ་བརྟེན་ནས་རྡུལ་ཕྲ་རབ་འགོག་པས་ན་གཞུང་དེ་གཉིས་རྩོམ་པ་པོ་གང་ཟག་གཅིག་ཡིན་པ་འཇོག་དཀའ་ལ། སྤྱིར་སྔ་རྩོམ་དང་ཕྱི་རྩོམ་གཉིས་ལ་མི་འདྲ་ས་དུ་མར་འོང་སྲིད་པ་དང་། ཕྱི་རྩོམ་ཁུངས་བཙན་པ་དང་རྩོམ་པ་པོའི་དགོངས་པ་ཡང་ཕྱི་རྩོམ་ལྟར་ཡིན་པ་སྤྱི་འགྲོས་སུ་གྲུབ་པས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱི་མ་ལྟར་ཁས་མི་ལེན་པ་དང་། ཟླ་བའི་རྗེས་སུ་མི་འབྲངས་པ་མཁས་པ་སྔ་ཕྱི་དུ་མ་ལ་གྲགས་ཤིང་གྲགས་པ་ལྟར་དོན་ལ་གནས་པ་ཡིན་ནོ། །
                                                ལྔ།
          བུ་སྟོན་ཆོས་འབྱུང་སོགས་ལས་བྱུང་བ་དེ་དག་ཀྱང་ཁུངས་ཐུབ་ཚད་ལྡན་ཡིན་པའི་ངེས་པ་མེད་པ་ནི། ཆོས་འབྱུང་དེ་ཉིད་དུ། ག་ལས་འཇིགས་མེད་དབུ་མའི་རྩ་བའི་རང་འགྲེལ་ཡིན་པ་དང་། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་བརྩམས་པར་ཞལ་གྱིས་བཞེས་པ་སོགས་པཎྜི་ཏའི་ཐུགས་མཉམ་པར་མ་བཞག་པའི་ཚིག་དུ་མར་སྣང་བའི་ཕྱིར་རོ། ། བསྟོད་པ་ངོ་མཚར་ཚིགས་བཅད་མས་གསུངས་པ་དེ་ཤེས་རབ་སྒྲོན་མེ་རྩོམ་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པའི་ངེས་པ་མེད་པར་མ་ཟད། གལ་ཏེ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ལེགས་ལྡན་འབྱེད་ལ་གསུངས་པ་ཡིན་རུང་། དེའི་གསུངས་ལྟར་དོན་ལ་གནས་པས་ཁྱབ་པ་མེད་དོ། ། དེས་ན་དབུ་མ་རིན་ཆེན་སྒྲོན་མེ་རྩོམ་པ་པོ་ལེགས་ལྡན་འབྱེད་ཟེར་བ་ཞིག་འཇོག་དགོས་པར་སྣང་བས་ལྕང་སྐྱའི་གྲུབ་མཐར་གསུངས་པ་ལྟར་འཐད་ཕྱོགས་སུ་འཛིན་ཏོ། །
                                              དྲུག
          རྟོག་གེ་འབར་བར། སློབ་དཔོན་གྱིས་བཤད་པ་ཞེས་དབུ་མ་སྙིང་པོའི་ཚིག་འདྲེན་སྟངས་དང་བསྟུན་ན་དེ་གཉིས་རྩོམ་པ་པོ་གཅིག་མིན་པ་ལྟ་བུར་མངོན་ན་ཡང་། དབུ་མ་སྙིང་པོའི་ནང་གི་ཚིག་དེ་དག་ཀླུ་སྒྲུབ་ཀྱི་གསུང་དེའི་ནང་དུ་བཀོད་པ་ཨེ་ཡིན་སྙམ་པའི་དོགས་པ་ཡོད་དེ། དཔེར་ན། མིང་ནི་གང་དང་གང་དག་གིས། ། ཆོས་རྣམས་གང་དང་གང་བརྗོད་པ། ། དེ་ལ་དེ་ནི་ཡོད་མིན་པ། ། དེ་ནི་ཆོས་རྣམས་ཆོས་ཉིད་དོ། ། ཞེས་པའི་སྲིད་པ་འཕོ་བའི་མདོ་ཚིག་འདིར་རྩ་བའི་ཚུལ་དུ་བཀོད་ཡོད་པ་དང་། དེ་བཞིན་གཞུང་གཞན་ལས་དཔེ་མཚོན་བཀོད་ན། དབུ་མ་རྟེན་འབྲེལ་སྙིང་པོ་ལས། འདི་ལ་གསལ་བྱ་གང་ཡང་མེད། ། གཞག་པར་བྱ་བ་ཅི་ཡང་མེད། ། ཡང་དག་ཉིད་ལ་ཡང་དག་བལྟ། ། ཡང་དག་མཐོང་ན་རྣམ་པར་གྲོལ། ། ཞེས་པའི་ཚིག་འདི་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་སོགས་སུ་འབྱུང་བ་ལྟ་བུའི་རིགས་མང་པོར་གནས། ཡང་། རྩ་ཤེས་ཀྱི་འགྲེལ་ཆེན་གསུམ་གྱི་ནང་དུ་སློབ་དཔོན་ཞེས་པ་ལས་མཚན་དངོས་སུ་མ་སྨྲས་པ་ལ་ཀླུ་སྒྲུབ་དང་སློབ་དཔོན་གཞན་དག་ལ་རང་རང་གི་མཚན་དངོས་སུ་སྨྲས་པས་ཁྱབ་པ་ཡོད་ཀྱང་། བཞི་བརྒྱ་བའི་ཟླ་འགྲེལ་དུ། སློབ་དཔོན་གྱིས་ཞེས་པའི་སྐབས་གཉིས་སུ་བཞི་བརྒྱ་བའི་ཚིག་དྲངས་ཡོད་པས། འདི་དག་ཐམས་ཅད་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུང་ཡིན་ཟེར་དགོས་ན། ཚོད་དཔག་ཙམ་ལས་རྒྱུ་མཚན་ཡང་དག་མ་མཐོང་བས་དོགས་སློང་གི་ཚུལ་དུ་བཀོད་པ་ཡིན་ནོ། །
                                               བདུན།
          ཤེས་རབ་སྒྲོན་མའི་རབ་བྱེད་ཉེར་ལྔ་བའི་སྐབས་སུ། དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོའི་དེ་ཁོ་ན་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་བ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ། ། ཞེས་གསུངས་པའི་དོན་ལ། དེའི་ཐད་ཀྱི་འགྲེལ་ཆེན་ལས། རྣམ་པར་ཤེས་པ་ཙམ་དུ་སྨྲས་པ་དག་གི་གཞུང་མི་འཐད་པར་དཔྱད་པ་རྒྱས་པར་ནི། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ཀྱིས་དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བའི་ནང་ནས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ལ་འཇུག་པ་ཞེས་བྱ་བའི་སྐབས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ། ། ཞེས་གསུངས་པས་ན་དཔྱད་པ་རྒྱས་པར་གསུང་ས་རྟོག་གེ་འབར་བ་དང་གསུང་མཁན་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པར་གསལ་ལ། ཡང་རྟོག་གེ་འབར་བ་ལས། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱི་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཐའ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པར་རྟོགས་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ། དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། ། རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། ། མཐོ་ཡོར་ལ་ནི་མི་བློ་བཞིན། ། ཞེས་གསུངས་པ་འདི་དང་འདི་འདྲ་བ་དག་གིས་རྩ་འགྲེལ་རྩོམ་པ་པོ་གཅིག་ལྟ་བུར་བསྟན་ཡོད་དོ། ། དེས་ན་རྟོག་གེ་འབར་བ་ཡང་སྙིང་རྩོམ་པོ་གང་ཡིན་གྱི་ཐད་ལ་དཔྱོད་ལྡན་དག་གིས་གོང་གི་ཚིག་དག་ལ་བརྟེན་ནས་སྣ་ཚོགས་ཤིག་གསུངས་ཡོད་དོ། །
                                               བརྒྱད། 
          ཡང་། ཤེས་རབ་སྒྲོན་མའི་རབ་བྱེད་བཅོ་བརྒྱད་པ་ལས། འདི་ལྟར་ཁོ་བོ་ཅག་གི་ལུང་ལས་ཀྱང་། བདག་གི་སྒྲ་རྣམ་པར་ཤེས་པ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ། སྐྱེ་བ་ལ་སོགས་པ་དག་ལ་ནི་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་གདགས་པར་འདོད་པ་བཞིན་དུ། ཞེས་ཁོ་བོས་གསུངས་པའི་ལུང་ན་རྣམ་ཤེས་ལ་བདག་སྒྲ་དངོས་དང་ཕུང་པོའི་སྟེང་གི་སྐྱེ་བ་སོགས་ལ་བདག་སྒྲ་བཏགས་པ་བར་འཇུག་ཚུལ་བཤད་ཡོད་པར་གསུངས་པས། དེ་ནི་རྟོག་གེ་འབར་བ་ཡིན་ཏེ། དེ་ཉིད་ཀྱི་ལེའུ་གསུམ་པ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ། དཔེར་ན་ཡན་ལག་ཚོགས་པ་ལ། ། ཤིང་རྟ་ཞེས་ནི་དྲན་པ་ལྟར། ། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། ། ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། ། ཅེས་གསུངས་པའི་ཕྱིར་རོ། ། ཞེས་གསུངས་པ་འདི་ཡིན་པ་ལྟ་བུར་མངོན་ནོ། །
                                                དགུ
           དེས་ན་གཞུང་གི་གསུང་ཚུལ་རྣམས་གོང་འོག་བསྒྲིགས་ཏེ་དཔྱད་པ་ན། རྟོག་གེ་འབར་བ་རྩོམ་པ་པོ་ཤེར་སྒྲོན་རྩོམ་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པའི་ཕྱོགས་སུ་གོ་ནུས་ཏེ། རིགས་པ་ནི་སྤྱིར་གོང་དུ་བཀོད་པ་དེ་དག་དང་། ད་དུང་རྗེ་བླ་མས་ལེགས་བཤད་སྙིང་པོ་སོགས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པའི་དགོངས་པ་བཀྲལ་ཚུལ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའི་འདོད་ཚུལ་བཀོད་པ་ན། ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་གཉིས་དྲངས་ཡོད་པ་དང་། མཛད་བྱང་དུ་གཞུང་དེ་རྩོམ་པ་པོ་བཀོད་པ་དེ་ཉིད་གཞུང་དེ་རྩོམ་པ་པོ་ཡིན་མིན་ལ་དོགས་པ་ཡོད་ན། དེ་ལ་གསལ་བཤད་གསུངས་རིགས་པ་རྣམས་ལ་དེ་ལྟར་གསུངས་ཡོད་ཀྱང་། རྟོག་གེ་འབར་བ་འདི་ལ་ཟུར་ཙམ་ཡང་མ་བྱུང་བས་རྗེ་བླ་མས་རང་འགྲེལ་དུ་ཞལ་གྱིས་བཞེས་པར་འདྲའོ། ། ཡང་། ལོ་རྒྱུས་གསེར་ཐང་མར། ཏརྐཛཱལཱ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པ་ཚ་ཚང་། འདི་རྩ་བ་དབུ་མ་སྙིང་པོ་རང་ཡིན་གྱི་འགྲེལ་བ་མིན། ཞེས་འབྱུང་བས། དབུ་མ་སྙིང་པོའི་མིང་ལ་རྟོག་གེ་འབར་བ་གསུང་སྒྲོས་ཡོད་པ་ལྟར་སྣང་ན་ཡང་། ཟམ་གདོང་མཆོག་གིས། དབུ་མ་སྙིང་པོ་རང་ཡིན་ན། མདྷཡམཀཧྲིདཡ་འདི་འབྱུང་དགོས་པ་མ་གཏོགས་ཏརྐཛཱལཱ་འདི་འདྲ་འབྱུང་དོན་མེད། པཎྜིཏརཱཧུལ་གྱིས་བཀོད་པའི་ནང་དུའང་། ཏརྐཛཱལཱ་མདྷཡམཀཧྲིདཡ་ཞེས་བཀོད་དེ་གཉིས་ཀ་གཞུང་གཅིག་གི་མཚན་ཡིན་པ་ལྟ་བུར་བྱས་འདུག་ཀྱང་དོན་དུ་རྩ་བ་དབུ་མ་སྙིང་པོ་དང་རང་འགྲེལ་རྟོག་གེ་འབར་བ་གཉིས་ཀ་གླེགས་བམ་གཅིག་ཏུ་བཞུགས་པ་ཡིན་པས་ན་དེ་ལྟར་གསུངས་པ་ཡིན་པར་གསུངས་ཡོད་ཀྱང་ད་དུང་དཔྱད་རྒྱུ་ཡོད་པར་སེམས། 
            མདོར་ན།

            གཞུང་བརྒྱ་རྫོགས་པར་གཟིགས་པའི་བརྩོན་འགྲུས་དང་། །          

            གཞུང་དོན་གཏན་ལ་འབེབས་པའི་ཤེས་རབ་གཉིས། །
            གང་ཡང་མེད་པའི་བླུན་རྨོངས་ང་ལྟ་བུས། །
            དཔྱོད་པའི་སྒོ་ནས་འཇུག་པ་དེ་ཙམ་མོ། །

                                                                  ཕྱི་ལོ ༢༠༡༦ ཟླ་བ ༥ ཚེས ༡༦ ཉིན་དགྲ་ལྷས་བྲིས།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།