ཡིག་དྲུག་གི་དག་ཆ་ལ་དཔྱད་པ།

ཡོང་ཁུངས།   ལུག་ཚང་དཔལ་ཡོན།     སྤེལ་དུས།  2016-01-31 11:33:40     རྩོམ་པ་པོ།   སེར་བྱེས་འཇམ་དཔལ་བློ་བཤེས།    ཀློག་ཐེངས།  

དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ཡུལ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་དུ་མས་གསུངས་པ་ལྟར་དོན་ལ་ཡང་གནས་པར་སེམས་ཤིང་། མི་རིགས་གཞན་དང་མི་འདྲ་བའི་ཁྱད་པར་ཆེ་ཤོས་ཤིག་ནི་བོད་ཡུལ་སྟོད་སྨད་བར་གསུམ་གང་དུ་སོང་ཡང་བྱིས་པ་སྐད་བརྡ་འཕྲོད་ཐུབ་ཙམ་ནས་མ་ཎི་ཡིག་དྲུག་འདོན་མི་ཤེས་པ་མེད་ཅིང་། ཆོས་བརྒྱུད་རིས་སུ་མ་མཆིས་པར་འཕགས་པ་སྤྱན་རས་གཟིགས་སོགས་རིགས་གསུམ་མགོན་པོ་ལ་དད་པ་མི་བྱེད་མཁན་ཡང་ཕལ་ཆེར་མེད་པ་ལྟ་བུ་ཡིན་པ་མ་ཟད། ཕྱོགས་གཞན་ཞིག་ནས་བོད་མི་རིགས་ཕལ་ཆེ་བ་བྱམས་བརྩེ་ཆེ་ཞིང་ཆོས་ལ་ངང་གིས་དད་པ་སོགས་ཁྱད་པར་མང་དུ་མཆིས། གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་རོལ་སྤྲུལ་པའི་ཆོས་རྒྱལ་རིམ་པ་བྱོན་པ་རྣམས་ཀྱིས་ཡུན་ནས་ཡུན་དུ་སྐྱོང་བའི་ཐུགས་རྗེ་བཀའ་དྲིན་ལས། དུས་ད་ལྟའང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཀུན་སྤྱོད་གང་གི་ཐད་ནས་ཀྱང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ཚོད་དུ་ཡོད། འོན་ཀྱང་དེང་གི་དུས་སུ་ཆོས་བརྒྱུད་སོ་སོའི་འགན་ཁུར་བ་དང་བདག་གཉེར་བ་ཕོ་ང་ཡིན་དཔུང་པ་ང་སྦོམ་ཟེར་མཁན་ཕལ་མོ་ཆེ་ཞིག་གིས་ཆོས་རྒྱུད་རང་རང་གི་ལུང་གི་བསྟན་པ་བཤད་པས་འཛིན་ཚུལ་དང་རྟོགས་པའི་བསྟན་པ་སྒྲུབ་པ་ཉམས་ལེན་གྱིས་འཛིན་ཚུལ་གཉིས་འཕང་ཕྱིས་ཀྱི་རྡོ་ལྟར་ཅི་མི་སྙམ་པར་རང་དགར་བོར་ནས། ལོག་འཚོས་སྒྲུབ་པའི་དངུལ་དངོས་ཀྱིས་རྟེན་བཞེངས་དང་། དེང་རབས་ཚོང་ལས་ཀྱི་འགྲོས་དང་མཐུན་པའི་ཆོས་ལུགས་ཀྱི་ཁྱབ་བསྒྲགས་སྣ་ཚོགས་ཀྱིས་མངའ་འབངས་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་བ་ལ་ཕྱོགས་ཀུན་ནས་འབད་པའི་ནད་ཡམས་མི་བཟད་པ་ཞིག་བོད་ཁམས་ཡོངས་སུ་དང་ཆོས་རྒྱུད་ཡོངས་སུ་ཁྱབ།

དེའི་ཟུར་ནས་ཆོས་ལུགས་འཐེན་ཁྱེར་དང་ལྟ་གྲུབ་འགལ་བའི་རྩོད་གླེང་སྣ་ཚོགས་ཤིག་ཀྱང་རང་བཞིན་གྱིས་ཐོན་གྱིན་འདུག་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་དེ་ཡང་ཡི་གེ་དྲུག་ཏུ་འདོན་པ་དགེ་ལུགས་པས་འདོན་ལུགས་དང་། ཡི་གེ་བདུན་དུ་བཟོས་ནས་འདོན་པ་རྙིང་མ་པས་འདོན་ལུགས་ཡིན་ཞེས་ལུགས་གཉིས་སུ་ཕྱེས་ནས་འགྲེལ་བཤད་རྒྱག་བཞིན་འདུག རི་ཆེན་པོ་དང་བྲག་ཆེན་པོ་སོགས་ཀྱི་ངོས་སུ། ཡིག་དྲུག་བསྐོས་པ་འགའ་ཞིག་ལ་ཧྲཱི་ཡིག་འདི་འདྲ་ཞིག་བསྣན་པ་དང་མ་བསྣན་པ་གཉིས་འདུག་པས། གྲྭ་པ་ཞིག་གིས་ཡི་གེ་བདུན་དུ་བཟོས་པ་འདི་ནི་རྙིང་མ་པས་འབྲི་ལུགས་རེད།

ཡི་གེ་དྲུག་ཏུ་འབྲི་བ་ནི་དགེ་ལུགས་པས་འབྲི་ལུགས་རེད་ཅེས་བླུན་པོ་ངོ་མཚར་སྐྱེ་བའི་མཁས་ཉམས་ཀྱིས་འགྲེལ་བཤད་ལྟར་སྣང་རེ་རྒྱག་ཁུལ་བྱས་ནས་ཡིག་དྲུག་གི་འབྲི་ཚུལ་འདི་ལ་ཡང་ཆོས་རྒྱུད་གཉིས་སུ་ཕྱེས་ནས་ཕྱོགས་དང་རིས་སུ་བཅད་ཀྱིན་འདུག ད་དུང་གཟུངས་སྔགས་ཡི་གེ་དྲུག་མ་འདི་གཏེར་མ་རེད་ཟེར་བཞིན། མཇུག་ཏུ་གཏེར་ཡིག་གི་རྟགས་ཡིན་ཞེས་ཀླད་ཀོར་གཉིས་བརྩེགས་རེ་བྲིས་ནས་ཡོད་པའང་མཐོང་མོད། གཏེར་མ་ནི་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ནས་བྱུང་བ་མ་གཏོགས་མེད་ཅིང་། ཡི་གེ་དྲུག་མ་འདི་ནི་དེའི་སྔོན་ནས་རྒྱ་གར་གྱི་བཀའ་བསྟན་གྱི་ནང་དུ་བྱུང་ཟིན་པ་དང་། དེ་ཡང་བཀའ་འགྱུར་གྱི་ནང་དུ་སྤྱན་རས་གཟིགས་ཀྱི་གཟུངས་རིང་ཐུང་སྣ་ཚོགས་པ་བཀོད་ཡོད་པ་ཀུན་བཅོམ་ལྡན་འདས་དང་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་དངོས་སུ་གཟུངས་ཀྱི་ཕན་ཡོན་དང་བཅས་པ་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་ལ་གསུངས་པ་ཞིག་ཡིན་པར་མདོ་རང་ལས་འབྱུང་བས། གཏེར་མ་ཡིན་ལུགས་ཤིག་མེད་ལ། སྤྱིར་གཏེར་མ་ཡིན་ན་བྱིན་རླབས་ཆེ་བ་དང་གཏེར་མ་མིན་པས་བྱིན་རླབས་ཆུང་བ་གང་ཡང་མིན་ཏེ། མདོ་སྡེ་ཐམས་ཅད་ཀྱི་རྒྱལ་པོ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་དང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་གཏེར་མ་མིན་པས་སོ། །

དེས་ན་ཐབས་སྐྱོ་བ་དང་སེམས་ཕམ་པ་ཞིག་ལ། བོད་མི་རིགས་སྐད་བརྡ་འཕྲོད་པ་ཐམས་ཅད་ཁ་ནས་མ་ཎི་འདོན་མི་ཤེས་མཁན་མེད་ན་ཡང་། མ་ཎི་འབྲི་དྲུག་བྲི་མཁན་མང་པོ་ཞིག་འབྲུ་དྲུག་གི་དག་ཆ་ལ་རྨོངས་ཏེ། (ཨཱོྃ་མ་ཎི་པདྨེ་ཧཱུྃཿ)འདི་འདྲའི་(ཨཱོྃ་)ཡིག་གི་མགོའི་ཟླ་ཕྱེད་དང་འོག་གི་འ་ཆུང་ལྷག་པ། (ཧཱུྃཿ)གི་མགོའི་ཟླ་ཕྱེད་ལྷག་ཅིང་ཟུར་གྱི་གཏེར་མའི་རྟགས་སམ་རྣམ་བཅད་དགོས་མེད་དུ་སྦྱར་བ་སོགས་མ་དག་རྒྱུན་འབྱམས་སུ་སོང་བ་དང་། མ་ཟད་ཧཱུཾ་ཡིག་ཡོད་ཚད་ལ་རྒྱུ་མཚན་དང་གོ་རྒྱུ་ཅི་ཡང་མེད་པར་མགོ་ལ་ཟླ་ཕྱེད་དང་ཐིག་ལེ་རེ་སྦྱར་བ་དང་། ཡིག་དྲུག་ཡིག་འབྲུ་བདུན་དུ་བཟོས་ཏེ་དགོས་པ་མི་འདྲ་བ་ཞིག་ཡོད་ལུགས་ཀྱི་རྒྱུ་མཚན་ལྟར་སྣང་རེ་བཀོད་པ་ནི། འགའ་ཞིག་གིས་ཧྲཱི་ཡིག་ནི་སྤྱན་རས་གཟིགས་ཀྱི་ས་བོན་ཡིན་པས་སམ། རིགས་བདག་འོད་དཔག་མེད་ཀྱི་ས་བོན་ཡིན་པས་སྦྱོར་དགོས་ཞེས་དང་། འགའ་ཞིག་གིས་རྒྱུ་མཚན་གཞན་དགོད་རྒྱུ་མ་རྙེད་ཚེ་བླ་མའི་མན་ངག་ཡིན་ཞེས་བཤད་ཚོད་འདུག་སྟེ། དེ་ལྟ་ན་སྤྱན་རས་གཟིགས་ཀྱི་གཟུངས་རིང་གི་མཇུག་ཏུའང་སྦྱོར་དགོས་པར་འགྱུར་བ་དང་། འཇམ་དབྱངས་ཀྱི་གཟུང་སྔགས་སོགས་གཟུངས་སྔགས་ཐམས་ཅད་ཀྱི་མཐར་ལྷ་དེའི་ས་བོན་རེ་སྦྱོར་དགོས་ན་ཧ་ཅང་ཐལ་བར་འགྱུར་ཞིང་། བཀའ་འགྱུར་རིན་པོ་ཆེའི་ནང་དུ་སྤྱན་རས་གཟིགས་ཀྱི་སྙིང་པོའི་གཟུངས་ཀྱི་རྒྱུད་ཡོད་པ་དང་། དེ་གཟུངས་འདུས་ཀྱི་ནང་དུ་ཡང་བཀོད་ཡོད་པ་ལ་རྟོག་དཔྱོད་ཙམ་ཡང་མ་ཞུགས་ཤིང་རྒྱུད་ཚིག་རང་དགར་བཅོས་པའི་སྐྱོན་དུ་སྣང་ཞིང་། འགའ་ཞིག་གིས་སྔོན་གྱི་ཡིག་རྙིང་དང་རྡོ་བསྐོས་ལ་ཡང་འདི་འདྲ་ཤིན་ཏུ་མང་པོ་མཐོང་ཟེར་བ་ཡོད་མོད། དེ་ནི་སྔོན་ཆད་མོན་ཡུལ་ན་རྡོ་གཅོད་དག་པོ་གཅིག་དང་མ་དག་པ་མང་པོ་ཡོད་པ་རྣམས་ཞུ་དག་བྱེད་སྐབས་མ་དག་པ་རྣམས་དང་བསྟུན་ནས་དག་པ་དེ་ཡང་མ་དག་པར་བཟོས་པ་ལྟ་བུ་ཡིན། དེས་ན་སྔོན་གྱི་ཡིག་རྙིང་གི་དཔེ་དག་པ་རྣམས་དང་། རྡོ་བསྐོས་དག་པོ་རྣམས་ལ་བསྐྱར་གཟིགས་ཤིག་གནང་སྟེ། གཙོ་བོ་བཀའ་འགྱུར་གྱི་ནང་དུ་བཞུགས་པའི་སྤྱན་རས་གཟིགས་ཀྱི་རྒྱུད་དང་། རྒྱ་གར་མཁས་པས་མཛད་པའི་རྒྱུད་འགྲེལ་མང་པོ་ཡོད་མོད་དཔེར་མཚོན་གཅིག་དྲངས་ན།

འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ་ཞེས་པ་ལས་འདི་ལྟར་འབྱུང་སྟེ། དེ་ལྟར་གསལ་བར་གྱུར་པ་དང༌་། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་གསང་སྔགས་འདི། །རྒྱུན་མི་འཆད་དུ་བཟླས་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུཾ། འདི་ནི་མཚན་གྱི་རྒྱལ་པོ་སྟེ། མི་མཐུན་དྲི་མ་སྤང་བྱེད་ཅིང༌། །འདོད་པའི་འབྲས་བུ་ཀུན་སྟེར་བས། །ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་སོགས་ཇི་ལྟར་འབྱུང་བ་ལྟར་ཁས་ལེན་དགོས་པ་ལས། གཞུང་ལུགས་རྣམ་དག་གི་ཁུངས་དང་དྲི་མ་མེད་པའི་རིགས་པའི་རྒྱབ་རྟེན་གང་ཡང་མེད་པར་བླུན་པོའི་ངག་སྒྲོས་ཙམ་ལ་ཡིད་ཆེས་ཀྱིས་གཟུངས་སྔགས་ཁྱད་པར་ཅན་བཅོས་སླད་ཅན་དུ་བྱེད་མི་རུང་སྟེ། གཟུངས་སྔགས་ཀྱི་ནུས་པ་ཉམས་པར་འགྱུར་བའི་ཕྱིར་རོ། །

མདོར་ན། བོད་མི་ཆོས་དད་ཅན་མ་ཎི་རི་བྲག་སོགས་ལ་སྐོ་མཁན་དང་། ཡང་འབྲུ་དྲུག་རྡོ་ལ་བསྐོས་ནས་འཚོ་བ་སྐྱེལ་མཁན་སུ་ཡིན་ཡང་འབྲུ་དྲུག་གི་དག་ཆ་(ཨོཾ་མ་ཎི་པདྨེ་ཧཱུཾ།)འདི་འདྲ་ཞིག་བསྐོས་ཏེ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་འཚལ་ཞེས་རེ་བ་སྙིང་ནས་ཞུ། འདི་ནི་བོད་རིགས་ནང་ཆོས་ལ་དད་པ་ཤིན་ཏུ་བརྟན་ཞིང་ལྷག་བསམ་གཡོ་བ་མེད་པའི་དགེ་བསྙེན་བློ་གྲོས་རྒྱལ་མཚན་ནས་མ་ཎི་འབྲུ་དྲུག་གི་དག་ཆའི་སྐོར་ལ་དྲི་བ་འགའ་ཞིག་བྱུང་བའི་ལན་གྱི་ཚུལ་དུ་སེར་བྱེས་དགེ་བཤེས་ལྷ་རམས་པའི་མིང་ཙམ་འཛིན་པ་འདན་འཇམ་དཔལ་བློ་ཤེས་ཀྱིས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཨ་མདོ་རྗེ་སྐུ་འབུམ་དགོན་གྱི་ཉེ་འདབས་སུ་བྲིས་པ་དགེ་ལེགས་འཕེལ།

༢༠༡༥།༡༠།༡༢

གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།རྩོམ་ཁུངས།རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།