སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་སྐོར་རགས་ཙམ་བཤད་པ།

    སྤེལ་དུས།  2015-12-08 14:53:51     རྩོམ་པ་པོ།   གསེར་ལག་བློ་བཟང་རྒྱ་མཚོ།(མ    ཀློག་ཐེངས།  

ཐོག་མའི་གླེང་གཞི།

       ༄༅།། ཆོས་ལུགས་ཀྱི་བསམ་བློའི་ལྟ་བའི་སྐོར་ལ་དེང་སང་སྣ་ཚོགས་ཤིག་བཤད་པ་འདུག་ཅིང་། དེ་དག་ཀྱང་མཐའ་གཅིག་ཏུ་བསམ་བློ་ནོར་འཁྲུལ་ཐེབས་ཏེ་དེ་ལྟར་སྨྲ་བའི་ངེས་བ་མིན་ཡང་གྲོགས་པོ་མང་པོ་ཞིག་གིས་ཆོས་ལུགས་ལ་སློབ་པ་མེད་ཀྱང་འོལ་ཚོད་ཀྱིས་ཆོས་ལུགས་ཀྱི་ལྟ་བ་མེད་དགག་དང་། ཡང་ན་བདག་མེད་དུ་འདོད་པ་ལ་སྐྱོན་འགེབས་བྱེད་པ། འགའ་རེས་ལྟ་བ་མང་བོ་ཕྱོགས་གཅིག་ཏུ་བསྲེས་ཏེ་དབྱེ་འབྱེད་མ་ཤེས་པར་ནོར་འཁྲུལ་བྱུང་བ།ལ་ལས་ཆོས་ལུགས་ཀྱི་ལྟ་བ་ཚན་རིག་དང་མཐུན་པའམ་སྤྱི་ཚོགས་དང་མཐུན་པར་གླེང་འདོད་ཀྱིས་རྫོབ་བཤད་བྱས་པ་སོགས་ཀྱི་དཔེ་དེབ་མང་དུ་ཡོད་པས་ཕྱི་རབས་པ་མང་བོ་ཞིག་གི་རྒྱུད་ལ་ནོར་འཁྲུལ་ཅན་གྱི་བག་ཆགས་ངན་པ་ཞིག་བཟོས་ཡོད། ཁོ་བོས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བོད་བརྒྱུད་ཚད་མ་རིག་པ་དང་ཀྲུང་ནུབ་གཏན་ཚིགས་རིགས་པའི་ཞིབ་བསྡུར་གྲོས་མོལ་བྱས་པའི་སྐབས་སུའང་གྲོགས་པོ་མང་བོ་ཞིག་གིས་སྐྱེ་བ་སྔ་ཕྱི་ཡོད་མེད། ལས་འབྲས་ལ་བསླུ་བ་ཡོད་མེད། སྐྱབས་འགྲོའི་བསམ་བློ་འཇིགས་སྐྲག་ཡིན་མིན། ཁྱད་པར་དུ་ཆོས་ལུགས་ལྟ་བ་བདག་མེད་ཡིན་ན། སྤྱི་ཚོགས་བདག་བཅས་སུ་གྲུབ་པསའཕེལ་རྒྱས་ཀྱི་འགག་རྡོ་རུ་གྱུར་སོང་ཞེས་སོགས་གྱི་དྲི་བ་བྱུང། ང་ཚོ་སུ་ཡིན་རུང་རང་སྒེར་གྱི་བསམ་བློའི་གདེང་ཚོད་ལ་ཡིད་རྟོན་མི་བྱེད་པར་གཞུང་ལུགས་དང་གཏན་ཚིགས། ཁྱད་པར་དུ་རྗེ་ཙོང་ཁ་བ་ཆེན་པོས།དེ་དག་ཀྱང་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། ཞེས་གསུངས་པ་ལྟར་བདེན་དོན་དང་གནས་ལུགས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན།

                      དང་པོ། ནང་བསྟན་ཆོས་ལུགས་ཀྱི་འཕེལ་རིམ།

      སངས་རྒྱས་བཅོམ་ལྡན་འདས་ཕུང་བོ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་བའི་ཚུལ་བསྟན་ནས་ད་ལྟའི་བར་མི་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྔ་བཅུ་དང་། ཉག་མ་གཅིག་འགོར་ཡོད་ལ། སངས་རྒྱས་ཆོས་ལུགས་གནས་པའི་ཚད་ནི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས་ད་ལྟའི་བར་ཡིན། 
      ཆོས་ལུགས་འདི་ཐོག་མར་རྒྱ་གར་དུ་དར་དུས་རྒྱ་གར་ན་གནའ་བོའི་སྲོལ་རྒྱུན་གྱི་ཆོས་ལུགས་གྲུབ་མཐའ་དྲུག་ཅུ་ལྷག་ཡོད་པར་གྲགས་ལ། དེ་དག་ལས་གྲུབ་མཐའ་ཆེ་ཤོས་ཚངས་པའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་སོགས་གང་ཡིན་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་ནས་བཅུད་སེམས་ཅན་གྲུབ་པའི་བར་གྱི་འཇིག་རྟེན་ཁམས་ཀྱི་ཡོད་དོ་ཅོག་ལྷ་ཚངས་པ་དང་དབང་ཕྱུག ཁྱབ་འཇུག ཡང་ན་ཨ་ནན་སོགས་ཀྱི་བློའི་གཡོ་བ་ལས་བྱུང་བའམ་བསྐྲུན་པ་ཡིན་པས། དེ་དག་དང་འདྲ་བའི་མཐུ་ནུས་ཆེ་བ་དང་དྲིན་ཅན་མཐར་ཐུག་མེད་པར་འདོད། ཆོས་ལུགས་དེ་དག་ལ་དད་པ་བྱེད་པའི་མི་རིགས་གང་ཡིན་ཀྱང་སྔོན་ནས་ད་བར་དུ་དད་པ་བྱེད་ཕྱོགས་ཀྱང་།ལྷ་དེ་དག་རང་ལ་དྲིན་ཅན་ཡིན་པས་ཡོད་ཚད་ཀྱིས་དེ་ལ་དྲིན་ལན་འཇལ་དགོས་པ་དང་། དེའི་ཆེད་དུ་གཡུལ་ངོར་ཤི་དགོས་ཀྱང་འོས་པར་མ་ཟད་། དེ་ལྟར་ཤི་ན་རང་ལ་སྐལ་བ་ལྡན་པ་དང་ཐར་བ་ཐོབ་པར་འདོད་པའི་བསམ་བློའི་ལྟ་བ་ཞིག་རེད། 
       དེ་ལས་ཀྱང་སྐྱོན་ཆེ་བ་ཞིག་ནི་ཁོ་བོའི་ཆོས་ལུགས་འདི་ལ་མི་དད་པའི་མི་སུ་ཡིན་ཀྱང་ཀླ་ཀློ་དང་།གླེན་རྨོངས། ལྷ་ལ་མི་དད་པའི་འདྲེ་ལྟ་བུ་ཡིན་པས་དེ་དག་འཚོ་བ་དོན་མེད་པ་དང་བསད་ན་ཕན་ཡོན་ཡོད་པར་བསྒྲགས་ནས་མང་བསད་དགེ་བའམ་ཨ་ནན་དོན་དུ་གཡུལ་ངོར་རྒྱུགས་ཞེས་པའི་ཐ་སྙད་ཀྱང་བྱུང་ཡོད་པ་རེད། རྒྱ་གར་གྱི་རིགས་རུས་དྲེགས་ཞན་ཧ་ཅང་ཆེ་ལ། མིའི་འཚོ་བ་དང་རང་དབང་ཐོབ་ཐང་ལ་འདྲ་མཉམ་མེད་པ་མངོན་གསལ་ཡོད་དེ། བྲམ་ཟེ་ཆོས་ལུགས་ནི་རྒྱལ་རིགས་དང་བྲམ་ཟེ་རིགས་མ་གཏོགས་རིགས་གཞན་ལ་ཁྱབ་སྤེལ་མི་བྱེད་ལ།དམངས་རིགས་དང་གདོལ་བའི་རིགས་ནི་ཆོས་ལུགས་དེའི་གདུལ་བྱའམ་སྣོད་ལྡན་མ་ཡིན་པར་མ་ཟད། རང་བཞིན་གྱིས་རིགས་དམན་པ་ཡིན་པས་བྲན་གཡོག་ཁོ་ན་ལས་རིག་གནས་ཡོན་ཏན་སློབ་པའི་གོ་སྐབས་མི་སྲིད་ལ།རྒྱལ་རིགས་དང་བྲམ་ཟེ་རིགས་ལ་མཉམ་སྦྲེལ་དང་གླེང་མོལ་བྱེད་པ་ཕར་ཟད། ཐ་ན་ངོར་ལྟ་བ་དང་གྲིབ་མ་ཕོག་པ་ཙམ་ལའང་གཅར་རྡུང་བྱས་ཏེ་བསད་ཀྱང་འོས་པར་འཛིན་པ་དང་།ལམ་སྲང་དུ་འཕྲད་ཚེ་ལམ་འོག་དུ་བསྡད་ནས་ཡན་ལག་ལྔ་ཀ་ས་ལ་གཏུགས་ཏེ་བྲམ་ཟེ་དང་རྒྱལ་རིགས་ཀྱི་རྐང་བའི་ལོང་བུ་ཡན་ལ་བལྟས་མི་ཆོག་པ་ལྟ་བུའི་རིགས་རུས་དྲེགས་ཞན་མངོན་གསལ་དུ་ཡོད།
      དེའི་སྐབས་སུ། མིའི་འཚོ་བ་དང་བདེ་སྡུག་ལེགས་ཉེས་ཅི་བྱུང་ཐམས་ཅད་རང་གིས་བྱས་པའི་ལས་བསགས་པ་ལས་བྱུང་བའི་འབྲས་བུ་ཡིན་པས་རྒྱུ་རྐྱེན་དང་ལས་དབང་གིས་གྲུབ།ཅེས་དང་། རིགས་མི་གཙོ།རུས་མི་གཙོ། བསླབ་པ་གཙོ། ཞེས་སྨྲ་བའི་སངས་རྒྱས་པའི་གྲུབ་མཐའ་ཟེར་བའི་ལམ་ལུགས་འདི་ཐོག་མར་བྱུང་བ་རེད།
       གྲུབ་མཐའ་འདི་གསར་གཏོད་མཁན་སྟོན་པ་ཤྭཀྱ་ཐུབ་པ་ནི་རྒྱལ་བའི་སྲས་སུ་འཁྲུངས་ཏེ་རང་ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་བསྐྱངས།དེ་ནས་གྲོང་ཁྱེར་གྱི་སྒོ་བཞིའི་ཐད་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་པ་གཟིགས་ནས་འཁོར་བའི་གནས་ལ་སྐྱོ་བའི་ངེས་འབྱུང་སྐྱེས་ཏེ། རྒྱལ་སྲིད་སྤངས་ནས་ཆུ་བོ་ནེ་རན་ཛཱ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་དེ་ཏིང་འཛིན་བསྒྲུབས། ཤེས་པར་དཀའ་བའི་གནས་ལུགས་དུ་མ་ཁོང་དུ་ཆུད་པར་མ་ཟད། འཁོར་བའི་སྡུག་བསྔལ་དང་ལས་ཉོན་གྱི་རྒྱུ་འབྲས་འབྲེལ་བ་བརྟགས་པ་ལས་ཕྲ་ཞིང་ཞིབ་པའི་ལས་འབྲས་ལ་ངེས་པ་ཁོང་དུ་ཆུད།དེ་ནས་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་ཚན་པ་གཅིག་དང་། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ཚན་པ་གཅིག་སྟེ། བདེན་བཞིའི་བླང་དོར་བསྟན་པའི་ཆོས་འཁོར་རིམ་པ་དང་བོ་བསྐོར་བ་ནས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་རེད། 
       འོན་ཀྱང་།སྐབས་འདིའི་གླེང་བྱ་ནི་ཆོས་ཕུང་གྲངས་མང་བ་དང་ཆོས་གསུངས་མ་གསུངས་ཀྱི་དོན་ལ་ལྟོས་པ་མིན་པར་སྔོན་ནས་རྒྱུན་འབྱམས་སུ་ཡོད་པའི་གྲུབ་མཐའ་སྟོབས་ལྡན་དེ་དག་གི་བཙན་གནོན་དང་ཤི་གསོན་གྱི་གཡུལ་འཁྲུགས་འོག་ཏུ་ཅིའི་ཕྱིརའཚར་ལོངས་བྱུང་བ་དེ་ཡིན། གོང་དུ་བཤད་པ་བཞིན་ཨ་ནན་དོན་དུ་གཡུལ་ངོར་རྒྱུགཅེས་པའི་དཔུང་བསྟོད་འདིས་ལག་པ་གཡས་པར་ཁྲག་དམར་གྱི་རལ་གྲི་དང་གཡོན་པར་གྲུབ་མཐའི་དཔེ་ཆ་བཟུང་བའི་དབང་བསྒྱུར་གྱི་ལོ་རྒྱུས་དཀར་ནག་གཉིས་ཡོད་པ་ལྟར་གྲུབ་མཐའ་ཕལ་མོ་ཆེར་ཡོད་ནའང་ནང་བ་སངས་རྒྱས་པའི་རང་ལུགས་ལ་བྱེད་ཐབས་དེ་མ་ཡིན་པར་གྲུབ་མཐའ་གཞན་དང་མི་མཐུན་པ་བྱུང་བའི་ཚེ་རྒྱལ་བོའམ་གཟུ་བ་དབང་བོར་བཞག་ནས་བདེན་དོན་གྱིས་རྒྱལ་ཕམ་རྩོད་རྒྱུ་དེ་ཡིན། 
      སྟོན་པ་ཞལ་བཞུགས་པའི་སྐབས་སུའང་མུ་སྟེགས་ཀྱི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ཏེ་རྒྱལ་ཕམ་བརྩད་པ་དང་།རྗེས་སུ་བསྟན་འཛིན་གྱི་སྐྱེས་པུ་འཕགས་པ་ཀླུ་སྒྲུབ་དང་ཨརྱ་དེ་ཝ། ཕྱོགས་གླང་། ཆོས་གྲགས། ཟླ་བ་གྲགས་པ། ཛེ་ཏཱ་རི། ནཱ་རོ་པ།ཇོ་བོ་རྗེ། བོད་ཀྱི་ས་སྐྱ་པཎ་ཊི་ཏ་སོགས་པཎ་གྲུབ་ཀུན་བདེན་དོན་གྱིས་རྒྱལ་བ་དང་དུས་མཚུངས་སུ་ནང་བའི་བསྟན་པ་དར་ཁྱབ་ཏུ་སོང་བ་ཤ་སྟག་རེད། སངས་རྒྱས་བཅོམ་ལྡན་འདས་སྐུ་བཞུགས་དུས་གྲོང་ཁྱེར་སེར་སྐྱའི་ཡུལ་དུ་དུ་རུ་ཀའི་དམག་དྲངས་ནས་སེར་སྐྱ་བཅོམ་པ་དང་དཔལ་ན་ལེན་དྲ་དང་ཀྲི་ཀ་མ་ལ་ཤི་ལའི་ཆོས་སྡེ་ཆེན་པོ་དག་ཏུའང་ཁ་ཆེའི་དམག་དཔུང་ཡང་ཡང་བྱུང་ནས་རིང་དུ་མ་གནས་པར་ཁ་ཆེའི་ལུགས་ཀྱིས་དབང་དུ་བསྒྱུར་བ་དང་།སྔོན་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱ་གར་གྱི་ཡུལ་གྲུ་མང་བོ་ཆོས་ལུགས་གཞན་གྱི་དབང་དུ་ཤོར་ལ།དེང་དུས་ཀྱི་པ་ཅི་སུ་ཐན། ཨ་ཧྥུ་ཧྭན།ཡིས་ལང་སོགས་ཀྱང་གོང་སྨོས་བཞིན་དམག་འཁྲུག་གིས་དབང་དུ་བསྡུས་པ་དང་དུས་མཚུངས་ཁ་ཆེའི་ཆོས་སྤེལ་བ་རེད། 
      མདོར་དྲིལ་ན། སངས་རྒྱས་ཀྱི་བསྟན་པ་ནི་གཞན་གྱི་སྲོག་མི་གཅོད་པ་འཚེ་མེད་སྙིང་རྗེ་ཞི་བའི་བསྟན་པ་ཡིན་པས་དམག་འཁྲུག་གི་ལས་མི་མཛད་ལ། ཁ་ཆེའི་ཆོས་ནི་དེ་ལས་ལྡོག་ཏེ་མང་བསད་དགེ་བར་རློམ་པ་ཡིན་པས་སངས་རྒྱས་པ་དག་ནམ་ཡང་རང་གི་གནས་གཞི་བསྐྱུར་ནས་ཡུལ་གཞན་དུ་མི་འགྲོ་ཀ་མེད་ཅིག་བྱུང་ཡོད་པས། རྒྱ་གར་ཕྱོགས་སུ་ཡུན་རིང་དུ་གནས་མ་ཐུབ་པར་ལྷོ་བརྒྱུད་དང་རྒྱ་བརྒྱུད།བོད་བརྒྱུད་བཅས་ཕྱོགས་སོ་སོར་གྱེས་སོང་བ་ལྟ་བུ་ཞིག་ཡོད། 
       སངས་རྒྱས་ཆོས་ལུགས་འདི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་འཁོར་ལྔ་སྡེ་ལ་གསུངས་པ་ནས་ད་ལྟའི་བར་ནང་ཆོས་ལ་དད་པ་བྱེད་པའི་མི་གྲངས་ནི། དེང་རབས་བོད་བརྒྱུད་ནང་བསྟན་ཕྱི་རྒྱལ་དུ་དར་ཚུལ་ཀྲུང་གོ་བོད་རིགས་དྲྭ་རྒྱ་ལས། ༡༩༩༠ལོར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལྗོངས་༢༥༢དང་མི་གྲངས་དུང་ཕྱུར་༥༢་༩༢ལས་ཆོས་ལུགས་ལ་དད་པ་བྱེད་པའི་མི་གྲངས་དུང་ཕྱུར་༤༡་༩༣ཡོད། དེའི་འཛམ་གླིང་མི་གྲངས་ཀྱི་བརྒྱ་ཆའི་༨༠ཡན་ཆད་ཟིན། དེའི་ནང་ནང་བསྟན་ཆོས་ལུགས་ལ་དད་པའི་མི་གྲངས་ནི་དུང་ཕྱུར་༣དང་། ཡེ་ཤི་ཀའི་ཆོས་ལ་དད་པའི་མི་གྲངས་དུང་ཕྱུར༡༧ དབྱི་སུ་ལན་ཆོས་ལ་དད་པའི་མི་གྲངསདུང་ཕྱུར༩གཞན་རྒྱ་གར་ཆོས་ལ་དད་པའི་མི་གྲངས་དུང་ཕྱུར༧ཡོད་པར་བཤད། ཆོས་ལ་དད་པའི་མི་གྲངས་ཚད་བཟུང་ཤིན་ཏུ་དཀའ་ཡངརྒྱ་གར་ནས་རྒྱལ་ཁབ་སོ་སོར་དར་དུས་བྱང་བརྒྱུད།ལྷོ་བརྒྱུད། བོད་བརྒྱུད་བཅས་ཕྱོགས་ཆེན་པོ་གསུམ་དུ་གྱེས།རྒྱ་ནག འཇར་པན། ཁྲོ་ཞན།ཡོ་ནན་བཅས་སུ་དར་བ་ནི་བྱང་བརྒྱུད་ཆོས་ལུགས་ཡིན། འབར་མ།ཐེ་གོ ཅན་པོ་ཁྲེ།ལོ་ཝོ།གཞན་ཡང་། ཀྲུང་གོའི་ཡོན་ནན་གྱི་ཐེ་རིགས།པིན་ལུང་། པོའི་ལིང་སོགས་ལྷོ་བརྒྱུད་ཡིན།བོད་དང་སོག་པོ། སུའུ་ལན་སོགས་སུ་དར་བ་ནི་བོད་བརྒྱུད་ཆོས་ལུགས་ཡིན་པར་མ་ཟད་རྒྱ་ནག་དུ་དར་བའི་ཆོས་ལུགས་ནང་ནས་ཀྱང་བོད་བརྒྱུད་ཆོས་ལུགས་ཀྱིས་ཆེས་མཐོའི་བའི་གོ་གནས་བཟུང་ཡོད། ཉེ་སྔོན་རྒྱ་གར།དབྱིན་ཇི། ཧྥ་རན་སི།སུའུ་ལན། འཇར་མན།དབྱི་ཐ་ལི། པིས་ལིསཧྥི།ཞུང་ཡ་ལས། རོའུ་ཏེན།ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་མང་བོ་ལ་དར་ཡོད། དེ་དག་ཏུ་བོད་བརྒྱུད་ནང་ཆོས་ཀྱི་དགོན་པ་དང་སློབ་གྲྭ ལྟེ་གནས་སོགས་མིང་དུ་ཐོན་པ་ཨ་རི་ན་ལྔ་བཅུ།ཧྥ་རན་སིརབཅུ་བཞི། པིས་ལས་སིར་དྲུག ཞིས་ཏི་ན་བཞི།ལྟེ་གནས་སུམ་ཅུ་བཅས་བསྡོམས་པས་བརྒྱ་དང་བཅོ་ལྔ་ལྷག་ཡོད་པ་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་སྐད་ཆ་རྙིང་བ་ཞིག་རེད། དེང་དུས་ཧྥ་རན་སི་གཅིག་བུ་ནའང་ཆོས་ཁང་དང་ལྟེ་གནས་བཞི་བཅུ་ལྷག་ཡོད་པ་བཅས་ཞིབ་དུ་ནི་གཞན་ལས་ཤེས་པར་བྱའོ།། ཆོས་ལ་དད་པའི་མི་གྲངས་ཀྱང་ཕལ་ཆེར་དུང་ཕྱུར་བདུན་ལ་སླེབས་ཡོད་པ་རེད། དེ་ལྟར་འཕེལ་ཏེ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་སུ་གྱུར་བ་རེད། འཕེལ་བ་དང་ཁྱབ་བརྡལ་དུ་སོང་བའི་རྒྱུ་མཚན་གང་ཡིན་ཞེ་ན། རྗོད་བྱེད་གཞུང་ལུགས་མཐུས་ཚང་ལ་བརྗོད་བྱ་གནས་ལུགས་དང་མཐུན་པ།ཚན་རིག་དང་མཐུན་པ། གཏན་ཚིགས་ཀྱིས་གྲུབ་པ། ཁྱད་པར་དུ་ཡུལ་དུས་རང་བཞིན་གང་ལ་བསྟུན་ཀྱང་སྔོན་ཐོན་གྱི་བསམ་བློའི་ལྟ་བ་ཞིག་ཡོད་པས་ཡིན།

 གཅིག འདྲ་མཉམ་གྱི་ལྟ་བ།

       ནང་བསྟན་སངས་རྒྱས་ཆོས་ལུགས་ནི་ལྟ་བ་གཅིག་ཁོ་ན་མཁྲེགས་འཛིན་བྱེད་པའི་ཨུ་ཚུགས་མཐར་སྐྱེལ་མ་ཡིན་པར་སྤྱི་ཚོགས་དང་མཐུན་པ།ཡུལ་དུས་དང་མཐུན་པ། མིའི་བསམ་བློ་དང་མཐུན་པ།རིགས་ཀྱི་བྱེ་བྲག་དང་མཐུན་པར་་སེམས་ཅན་ཡོད་དོ་ཅོག་གི་བདེ་སྒྲུབ་སྡུག་སེལ་གྱི་བྱ་བ་ཁུར་དུ་ལེན་པ་ལ་འཇུག་པ་ཡིན་ཕྱིར། འདྲ་མཉམ་གྱི་ལྟ་བ་འདི་ཆེས་ཐོག་མའི་བསམ་བློ་རྨང་གཞི་ལྟ་བུ་ཞིག་རེད་དེ། མི་དང་དུད་འགྲོ། དམྱལ་བ། ཡི་དྭགས། ལྷ་དང་ལྷ་མ་ཡིན། ཐ་ན་འབུ་སྲིན་གྲོག་མ་ཚུན་ཆད་ལ་འདྲ་མཉམ་གྱི་ལྟ་ཚུལ་འདི་བཟུང་ཡོད་པ་རེད། ཇི་ལྟར་བཟུང་ཞེ་ན། དེ་དག་གི་འཚོ་བ་དང་སྤྱོད་ཚུལ། ཕྱི་གཟུགས། ཡང་ན་ནུས་པ་འདྲ་བསམ་པའི་ལྟ་ལོག་བཟུང་བ་མིན། སེམས་ཅན་གང་ཡིན་ཀྱང་བདེ་སྡུག་གི་ཚོར་བ་ནི་སེམས་ལས་འབྱུང་བཞིན་ཡོད་ན། སུ་ཡིན་ཀྱང་བདེ་ན་སྐྱིད་སྣང་དང་གཟེར་ན་སྡུག་སྣང་འབྱུང་བ་ཆོས་ཉིད་ཡིན། དཔེར་ན་དུད་འགྲོ་དང་འདབ་ཆགས་སོགས་ལའང་ཕ་མ་དང་བུ་ཕྲུག་ཡོད་ལ། བརྩེ་དུང་དང་བདེ་སྐྱིད་ཀྱང་ཡོད།གཞན་ཡང་མི་མཐུན་པའི་འཁོན་འཛིང་དང་སྡུག་བསྔལ་ཡང་ཡོད། བོའུ་བརྒྱབ་པ་དང་སྐེ་འབྲེག་པ་སོགས་བཙན་གྱིས་སྲོག་ལ་རྔམས་ན་ཁྲག་བཞུར་བ་དང་འཇིགས་སྐྲག་སྡུག་བསྔལ་སྐྱེ་བའང་ང་ཚོ་དང་འདྲ་བར་མ་ཟད། འགྲོ་བ་སེམས་ཅན་སྤྱིའི་ཆོས་ཉིད་ཡིན།
      སེམས་ལྡན་སུ་ཡིན་ཀྱང་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པས་ང་ཚོ་ཚང་མའི་དམིགས་ཡུལ་འདྲ་མཉམ་ཡིན་པར་མ་ཟད། སྤྱོད་འཇུག་ལས་གསུངས་པ་བཞིན་རང་གིས་གཞན་ལ་གནོད་བསྐྱལ་ན་གཞན་གྱིས་རང་ལ་གནོད་བསྐྱལ་བ་བཞིན་སྡུག་བསྔལ་འབྱུང་ལ། དེ་ལས་ལྡོག་སྟེ་ཕན་བཏགས་ན་བདེ་བ་འབྱུང་ན།ཅིའི་ཕྱིར། གླེན་པའི་ལུགས་བཞིན་བདེ་བ་བཏང་ནས་སྡུག་བསྔལ་སྒྲུབ། དེས་ན་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་བ་དང་ཕན་སེམས་སྦྱངས་པའི་ཆེད་དུ་ནང་བ་སངས་རྒྱས་པས་སྐྱབས་འགྲོ་བྱས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བྱམས་པ་དང་།སྙིང་རྗེ། དགའ་བ།བཏང་སྙོམས་ཚད་མེད་བཞིསསྨོན་པ་དང་ཁུར་དུ་འཁྱེར་བ། ལས་ལ་བརྩོན་པའི་སྡོམ་ཚིག་ཆེན་པོ་བཞི་བཞག་ཡོད་པ་རེད། འདི་ལ་ཐེག་པ་ཆེ་ཆུང་གཉིས། གྲུབ་མཐའ་སྨྲ་བ་བཞི། བོད་ས་དགེ་རྙིང་གསུམ་གྱིས་མཚོན་པའི་ནང་བ་སངས་རྒྱས་པ་ཡོད་ཚད་གཅིག་མཐུན་ཡིན།སྐྱབས་འགྲོ་ལ་དགག་པ་རྒྱག་ན་ཐོག་མར་ཁོའི་བསམ་བློའི་རྨང་གཞི་སེམས་ཅན་འདྲ་མཉམ་གྱི་ལྟ་ཚུལ་འདི་དགག་དགོས་ཏེ། ལྗོན་ཤིང་དེའི་འབྲས་བུ་རྩ་མེད་དུ་གཏོང་ན་ལྗོན་ཤིང་རྩ་བ་ནས་འབྲེག་དགོས་པ་ཡིན་གྱི་ལོ་མ་རེ་གཉིས་ཙམ་འཐོག་ཕྱིར་ཤེད་ཤུགས་རྩལ་དུ་འདོན་པ་བླུན་པོའི་ལུགས་ཡིན་པ་ཤེས་ དགོས།འདི་ལ་རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འགྲོ། །ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག།། ཞེས་གསུངས་པ་རེད། མི་རིགས་འདྲ་མཉམ་གྱི་བསམ་བློ་ལ་དགག་སྒྲུབ་བྱེད་པ་ཞིག་གལ་ཏེ་ཡོད་ན། དེ་ནི་འཛམ་གླིང་གི་དགྲ་བོ་ཡིན།ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ།བདེ་ལྡན་སྡུག་བྲལ་གྱི་དགའ་བ། ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་འདོད་ཀྱི་བསམ་བློ་ནི་མི་རིགས་འདྲ་མཉམ་གྱི་ལྟ་བ་ཡིན། ལྟ་བ་འདི་འཛམ་གླིང་མཐུན་སྒྲིལ་དང་ཞི་བདེའི་སྲོག་ཤིང་ཡིན་ལ། མཐུན་སྒྲིལ་དང་ཞི་བདེ་ནི་འཛམ་གླིང་རིགས་སོ་སོའི་ཕུགས་འདུན་ཉག་གཅིག་ཡིན་པས་དེ་ལ་དགག་སྒྲུབ་བྱས་ན་འཛམ་གླིང་གི་དགྲ་བོ་ཞེས་སྨྲ་འོས་པ་ཡིན་ནོ།།

      ལོ་ཟླ་དུས་ཚོད་འགྱུར་བ་བཞིན། །སྐྱིད་སྡུག་སོ་ན་མི་གནས་ཀྱང་། །བྱམས་དང་སྙིང་རྗེའི་ལྟ་བ་དང་། །འཛམ་གླིང་ཞི་བདེ་བརྟན་པར་སྨོན། །

གཉིས། རང་དབང་གི་ལྟ་བ།

      ནང་བསྟན་ཆོས་ལུགས་འདི་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དར་བ་དང་སྤེལ་བ།ཁྱབ་བརྡལ་དུ་སོང་བའི་རྣམ་ཐར་མང་ལ། ཉམས་པ་དང་བཤིག་པ།བྲོས་པ། ཡང་ན།ལྷག་ལུས་ཀྱི་ལོ་རྒྱུས་ཀྱང་མང་། འོན་ཀྱང་དེ་དག་ལས་བྱིངས་ཆེ་བར་བདེན་དཔང་བྱེད་ཐུབ་པ་ཞིག་ནི།བོད་དང་རྒྱ་ཡུལ་དུ་དར་བ་ལ་མཚོན་ན། མི་རིགས་རང་ཉིད་ཀྱི་ལོ་ཙ་བ་དང་དམ་པ་མང་བོས་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་ནས་དང་དུ་ལེན་འདོད་ཀྱིས་ཚུར་གདན་དྲངས་པ་ལས་ཆོས་ལུགས་ཁོ་རང་གི་ངོས་ནས་བཙན་དང་སྟོབས་དང་།དམག་གིས་དབང་བསྒྱུར་བའི་འོག་ཁྱབ་སྤེལ་བྱས་པའི་ལོ་རྒྱུས་མེད་པ་འདིས་ཡུལ་ཁམས་དང་མི་རིགས་གང་ལ་མཚོན་ནའང་འདྲ་མཉམ་དུ་མ་ཟད་ཆེས་ཁྱད་པར་དུ་འཕགས་པ་རང་དབང་བའི་ལྟ་བ་ཞིག་བསྟན་ཡོད་པ་རེད། དེ་བཞིན་མི་སྒེར་ལ་མཚོན་ནའང་སངས་རྒྱས་ཆོས་ལུགས་ལ་དད་མི་དད་རང་གི་དབང་ཆ་ཡིན་པ་ལས་བཙན་དང་དབང་གིས་དད་པ་མེད་ལ།རལ་གྲི་དང་གླེགས་བམ་བཟུང་ནས་ཁྱོད་ཆོས་ལ་དད་དམ་མགོ་ལེན་ཟེར་བ་ལྟ་བུ་སྲོག་གི་ཆེད་དུ་ཆོས་ལ་ཞུགས་པའི་ལོ་རྒྱུས་ནང་བ་སངས་རྒྱས་པ་ལ་མེད་པ་རེད། ཅིའི་ཕྱིར་ཞེ་ན། སངས་རྒྱས་བསྟན་པའི་ངོ་བོ་གཞན་ལ་འཚེ་བ་མི་བྱེད་པ་དེ་ཡིན། མདོ་ལས། སྙིང་རྗེ་སེམས་ཅན་ཐམས་ཅད་ལ་ཁྱབ་པའོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ཕྱིར་སྩལ་བའོ།། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཞིང་འདོན་པའོ།།བདག་གི་ལུས་ཀྱི་བདེ་བ་ལ་མི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བསྟན་པ་སྟེ་ཞེས་གསུངས་།དེའི་རྒྱུ་མཚན་ཡང་སུ་ཡིན་ཀྱང་ཚེ་སྲོག་གི་རིན་ཐང་ཆེས་ཆེ་བ་དང་རང་གི་སྲོག་ལས་གཅེས་པ་གཞན་མེད་པས་སངས་རྒྱས་དང་ནང་བསྟན་ཆོས་ལུགས་གང་ཡིན་ཀྱང་ཚེ་སྲོག་གི་མགོན་སྐྱབས་སུ་འགྱུར་དགོས་པ་ལས། དེ་ལས་ལྡོག་སྟེ་ཚེ་སྲོག་གི་གཤེད་མར་གྱུར་བ་ཆོས་ལུགས་སུ་ཁས་མི་ ལེན་པ་རེད།དཔེར་ན། ཁྱད་པར་འཕགས་བསྟོད་ལས། མཆོད་སྤྲིན་ལ་ནི་ཕྱུགས་བཀུམ་པར།། དྲང་སྲོང་རྣམས་ནི་སྨྲ་ཞེས་གྲགས།། སྡིག་མེད་ཁྱོད་ནི་གྲོག་མ་ལའང་།། གནོད་པ་བགྱིད་པར་རྗེས་མ་གནང་། །ཞེས་གསུངས་བ་ལྟ་བུ་ཕྱོགས་མང་བོ་ནས་མཚོན་ཐུབ་པ་ཡིན། དེས་ན་ཆོས་ལུགས་དད་མོས་རང་དབང་གི་བདེན་དོན་ཞིག་ཁོའི་ལོ་རྒྱུས་དང་གཞུང་ལུགས་ལས་ངོ་སྤྲོད་འབྱུང་ལ།འགྲོ་བ་མིའི་རིགས་ཀྱིས་བརྩི་མཐོང་དང་དད་མོས་བྱེད་པའི་རྒྱུ་མཚན་གཅིག་ཀྱང་ཡིན།
      གཞན་ཡང་། མི་སུ་ཡིན་ཀྱང་དོན་དུ་གཉེར་བྱའི་གཙོ་བོ་རང་དབང་གི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་པར་འདོད་པ་དེ་ཡིན་ཞིང་། དེ་ཡང་གཞུང་ལུགས་ཕུན་སུམ་ཚོགས་པ་འཇིག་རྟེན་སྤྱོད་པའི་དོན་དང་མཐུན་པ། 
       བསམ་པ་དགེ་ཞིང་ལས་ལ་བརྩོན་པ།རང་དང་གཞན་གྱི་དོན་འགྲུབ་པ་ཞིག་ལ་བསྟེན་ཏེ་སྒྲུབ་དགོས་པར་མ་ཟད། གཟུགས་ཅན་གྱི་གང་ཟག་འཚོ་བའི་གཞི་རྟེན་གཙོ་བོ་རགས་པ་ཁམ་གྱི་ཟས་དང་ཕྲ་བ་རྣམ་ཤེས་ཀྱི་ཟས་གཉིས་དགོས་པར་སྟོན་པའི་གཞུང་ལུགས་ཤིག་སྒྲུབ་ན།ད་གཟོད་རང་དབང་གི་འཚོ་བ་འཛོམ་པོ་ཞིག་རོལ་ཐུབ། གཞུང་ལུགས་དེ་ནི་ནང་བསྟན་ཆོས་ལུགས་ལ་མཐུས་ཚང་བར་ཡོད་པས་ནང་བསྟན་ཆོས་ལུགས་ལ་སློབ་པ་ནི་རང་དབང་གི་འཚོ་བ་དེའི་ཆེད་དུ་ཡིན་པར་མ་ཟད། གཞན་དོན་དུའང་ཡིན་པ་རེད། ས་སྐྱ་པན་ཊི་ཏས། བདེ་བའི་མཆོག་ནི་སེམས་སྐྱིད་པ། ། ཞེས་གསུངས་པ་བཞིན་སེམས་ལ་སྡུག་བསྔལ་མེད་པའི་བདེ་བ་ནི་མཆོག་དང་། ལུས་ལ་ནད་མེད་པའི་བདེ་བ་ནི་འབྲིང་དང་། རང་བྱུང་ཁོར་ཡུག་གིས་བྱིན་པའི་སྤྲོ་སྣང་ནི་ཐ་མ་དང་།རང་གི་འབད་འབུངས་ཀྱིས་ཐོབ་པའི་བདེ་སྐྱིད་ལྟ་བུའི་སྣང་བ་དེ་ཐ་མའི་ཡང་ཐ་མ་ཡིན་པ་ལྟ་བུ་རེད། དེས་ན་ང་ཚོ་ཚང་མས་སེམས་ཀྱི་བདེ་བ་དོན་དུ་གཉེར་བ་སྐབས་སུ་བབས་ཡོད་པས།ཐོག་མར་སེམས་ཀྱི་བདེ་བ་སྒྲུབ་པའི་དངོས་ཀྱི་ཉེར་ལེན་དེ་གང་ཡིན་བཙལ་དགོས།རིགས་པའི་ལམ་ཞིག་སྤྲོས་ན། དཔལ་ཆོས་ཀྱི་གྲགས་པས།རྣམ་ཤེས་མིན་པས་རྣམ་ཤེས་ཀྱི། །ཉེར་ལེན་མིན། །ཞེས་རྣམ་ཤེས་ཀྱི་ཉེར་ལེན་དང་དེ་མ་ཐག་རྐྱེན་ལ་ཤེས་པས་ཁྱབ་པར་མཚན་ཉིད་རིག་པས་གསུངས་པ་འདིས། ཕྱིའི་དཔལ་འབྱོར་དང་འཛུགས་སྐྲུན།ཁང་ཁྱིམ།ཟ་འཐུང་སོགས་ཀྱིས་ང་ཚོའི་སེམས་ཀྱི་བདེ་སྐྱིད་ཀྱི་ཉེར་ལེན་མི་བྱེད་པ་ཤེས་ཐུབ། འོན་ཀྱང་འདི་ལྟར་སྨྲ་བར་འདོད་དེ།
     རྣམ་དཀར་དགེ་བས་སེམས་ལ་བདེ་བ་སྟེར།། གནས་མལ་འབྱོར་བས་ལུས་ལ་བདེ་བ་སྟེར། །ལུས་སེམས་གཉིས་ཀ་བདེ་སྐྱིད་འཛོམ་འདོད་ན།།གཅིག་གི་ཟླ་ལ་གཅིག་ཀྱང་བསྟེན་པར་རིགས། །ཞེས་སོ༎

   བཞི། ནང་བསྟན་ཆོས་ལུགས་ཀྱི་དམངས་གཙོའི་ལྟ་བ།

      ནང་བསྟན་ཆོས་ལུགས་ཀྱི་དམངས་གཙོའི་ལྟ་བ་ཟེར་བའི་སྐད་ཆ་འདི་དེང་རབས་ཀྱི་ཐ་སྙད་གསར་བ་ཞིག་ཡིན་མོད། བདེན་པ་བདེན་ཐུབ་ཀྱིས་བཤད་ནའང་ནང་བསྟན་ཆོས་ལུགས་ཀྱིས་དམངས་གཙོའི་ལྟ་བ་འདི་གཙོ་ཆེར་གསུངས་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། རིགས་མི་གཙོ། རུས་མི་གཙོ། བསླབ་པ་ཡོན་ཏན་གཙོ། ཞེས་གསུངས་པ་འདིས། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ལམ་ཕྱོགས་གཙོ་བོ་རིགས་རུས་དྲག་ཞན་དང་། དཔལ་འབྱོར་སྟོབས་ཤུགས། ང་ཆེ་ང་བཙན་གྱིས་བྲན་གཡོག་སྤྱི་ཚོགས་དབང་བསྒྱུར་བྱེད་པའི་སྲོལ་རྒྱུན་གྱི་ལྕགས་རི་དང་གཞུང་ལུགས་ཀྱི་རྨང་གཞི་གཏོར་བ་རེད། རིགས་མཐོ་བ་དང་རུས་བཙན་པ་ཙམ་གྱིས་འགྲོ་བ་མིའི་དབང་ཐང་དང་མཐོ་དམན་མ་བཤད་པར་སུ་ལ་ལུས་ངག་གི་སྤྱོད་པ་བཟང་བ། སེམས་ཀྱི་དུག་གསུམ་ཉུང་བ། ཤེས་རབ་ཀྱི་ཡོན་ཏན་ལྡན་པ་དེ་མཆོག་ཏུ་བསྔགས་ཡོད། 
འདི་ནི་དུས་རབས་བཅུ་དགུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་། བློ་མཐུན་ཏིང་ཞོ་ཕེན་གྱིས། བྱི་ལ་དཀར་ནག་གང་ཡིན་མི་གཙོ། ཙི་གུ་འཛིན་ཐུབ་པ་གཙོ། ཟེར་བའི་དམངས་གཙོའི་ལྟ་བ་བཤད་པ་དང་ཡང་མཚུངས་ལ། སངས་རྒྱས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་ལྟ་བ་འདི་བསྒྲགས་པ་རེད། 
ངས་གོང་དུ་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་རིམ་བྲིས་པའི་ནང་བཤད་པ་བཞིན། རྒྱ་གར་གྱི་རིགས་རུས་དྲེགས་ཞན་དང་། སྲོལ་རྒྱུན་ཆོས་ལུགས་ཕྱོགས་ཞེན་གྱི་དབང་བསྒྱུར་འོག་སངས་རྒྱས་ཆོས་ལུགས་མཚར་ལོངས་བྱུང་བའི་རྒྱུ་མཚན་གཅིག་དམངས་གཙོའི་ལྟ་བ་འདི་ལ་མང་ཚོགས་ཕལ་ཆེ་བ་ཡིད་ཆེས་བྱུང་བ་ཡིན། དེའི་རྒྱུ་མཚན་ནི། ལྟ་བ་འདི་སངས་རྒྱས་ཀྱིས་གསུངས་པ་ཡིན་པའི་ཆ་ནས་ཁས་བླངས་པ་མ་ཡིན་པར་བདེན་དོན་ནམ་དངོས་ཡོད་ཀྱི་འཚོ་བས་ཐག་བཅད་པ་ཞིག་ཡིན་པས་ཤེས་ཡོན་ལྡན་པ་སུ་ཡིན་ཀྱང་ཁས་མི་ལེན་ཐབས་མེད་བྱུང་ཡོད། 
གཞུང་ལུགས་ཀྱི་ངོས་ནས་བཤད་ན། དམངས་གཙོའི་ལྟ་བ་ཟེར་བ་ནི་མི་གྲངས་འབོར་ཆེན་གྱིས་ཁས་ལེན་པའི་ཆ་ཁོ་ནས་མིན་ལ། སངས་རྒྱས་དང་རྒྱལ་བོས་ཐག་བཅད་པ་ལྟར་ཁས་ལེན་དགོས་པ་དེ་ལས་ཀྱང་མིན། མཐར་གཏུགས་ན་རང་དང་རང་གི་མི་རིགས། སྲོལ་རྒྱུན་རིག་གནས་སོགས་ཀྱི་ཕྱོགས་ཞེན་དོར་ནས་འགྲོ་བ་མིའི་རིགས་ཀྱི་གནས་སྟངས་དང་། རིག་གཞུང་སྤྱིའི་གནས་ལུགས་དང་མཐུན་པར་ཁས་ལེན་དགོས་པ་དེ་རེད། དེ་ཡང་བདེན་དོན་གྱིས་ཐག་གཅོད་དགོས། ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་ལྟ་བ་ཆེས་མཐོ་བའི་དབུ་མ་ཐལ་འགྱུར་པས་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་བར་ཐག་བཅད་ནས། སྒྱུ་མར་བྱ་བྱེད་ཐམས་ཅད་མི་འགལ་པའི་ཐ་སྙད་བདེན་གྲུབ་ཁས་བླངས་པ་འདི་ཡང་དམངས་གཙོའི་ལྟ་བ་མཐོར་འདེགས་བྱེད་པའི་ཆེད་ཡིན་ཏེ། དཔལ་ལྡན་ཟླ་བ་གྲགས་པས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་ཅིག་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་གསུངས་པ་འདི་རེད། 
      དེ་བཞིན་སངས་རྒྱས་ཁོང་ཉིད་ཀྱིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླངས་པར་བྱ་ཡི་གུས་ཕྱིར་མིན། །ཞེས་སངས་རྒྱས་ང་བཟང་བ་དང་། ངས་གསུང་བ་ཡིན་པ་ཙམ་གྱིས་ཁས་བླངས་མི་བྱ་བར། ངས་བསྟན་པའི་ཆོས་ལུགས་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད། སྒོམ་པས་ཉམས་སུ་ལོངས་དང་། བདེན་ན་ད་གཟོད་དད་པ་གྱིས་ལ་ཁས་ལོངས། གསུངས་པ་འདི་ལས་གཞན་པའི་དམངས་གཙོའི་ལྟ་བ་ཞིག་འཇོག་རྒྱུ་མེད། 
གོང་གི་ཤོ་ལོ་ཀ་འདིས་ནི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ། ཚིག་ལ་མི་རྟོན་དོན་ལ་རྟོན་པ། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ། ཞེས་རྟོན་པ་བཞི་དང་མི་རྟོན་པ་བཞི་གསུངས་ལ། དཔེ་ནི། ང་ཚོས་གསེར་ཉོ་བའི་ཚེ་བལྟས་ཏེ། བསྲེག་སྟེ། བཅད་དེ། བརྡར་ཏེ་བརྟག་དགོས་པ་བཞིན། ཆོས་ལའང་བརྟག་དཔྱད་མ་བཏང་བར་དག་སྣང་སྦྱོང་བ་དང་དད་པ་ཆེ་མདོག་གིས་གྱ་ཚོམ་དུ་འཇུག་པ་ནི་མི་རུང་བའི་དོན་ནོ། །
      གོང་དུ་བཤད་པའི་འདྲ་མཉམ་གྱི་ལྟ་བ་བདེ་སྒྲུབ་སྡུག་སེལ་དེ་མེད་ན། རང་དབང་གི་ལྟ་བ་འབྱུང་བའི་གཞི་མེད་པ་དང་། དེ་མེད་ན་དམངས་གཙོའི་ལྟ་བ་མེད་པས་ལྟ་བ་དེ་གསུམ་ནི་རྗེས་སུ་འགྲོ་ལྡོག་གྲུབ་པ་མ་ཟད། ཡོད་ན་ཡོད་ཉམས་དང་མེད་ན་མེད་ཉམས་ཀྱི་འབྲེལ་བ་དམ་པོ་ཡོད། འཛམ་གླིང་ཞི་བདེ་ཞེས་པའི་ཞི་བ་དང་བདེ་བ་ནི་སེམས་ལས་འབྱུང་དགོས་པ་ཞིག་ཡིན་ལ། སེམས་དེ་ཡང་རང་དབང་ཡིན་པ། འདྲ་མཉམ་ཡིན་པ། ཐམས་ཅད་མཐུན་པ་ཡིན་ན་ཞི་བདེ་ཡིན་ལ། མིན་ན་ཞི་བདེ་མེད་པའི་ངོས་བཟུང་བྱས་ཡོད་པ་རེད། 
    ནུབ་ཕྱོགས་ཀྱི་མིང་གྲགས་ལྡན་པའི་ཚན་རིག་མཁས་པ་ནུབ་ཕྱོགས་འཇར་མན་གྱི་པོ་འུན་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཆེད་ལས་ཞིབ་འཇུག་རབ་འབྱམས་པ་པུའུ་ལེ་འུན་གྱིས། དེང་སྐབས་འཛམ་གླིང་དུ་བོད་བརྒྱུད་ནང་བསྟན་ལ་ཆེས་ཡིད་དབང་འཕྲོག་པའི་ནུས་པ་གཉིས་ལྡན་ཡོད། གཅིག་ནི་ཟབ་ཅིང་རྒྱ་ཆེ་བའི་མཚན་ཉིད་ཀྱི་རིག་པ་དང་། གཅིག་ནི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་བླ་ན་མ་མཆིས་པའི་རིན་ཐང་གི་འདུ་ཤེས་དེ་རེད། ཅེས་དང་། ཨ་མེ་རི་ཀའི་རབ་འབྱམས་པ་ཝེ་ཧྲི་ཡིས། ཚན་རིག་ལག་རྩལ་ལ་བརྟེན་པ་རྐྱང་བས་ནི་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་མི་ནུས་པ་ང་ཚོས་ད་ལྟ་ཤེས་ཏེ། ཚན་རིག་ལག་རྩལ་ལ་བརྟེན་ནས་བྱ་བ་བཟང་བོ་བསྒྲུབ་ཆོག་ལ་ངན་པའང་བསྒྲུབ་ཆོག་གོ  མཛངས་པ་དང་།   ཤེས་རབ། འདྲ་མཉམ་གྱི་བློ་ཁོ་ནས་ཚན་རིག་ལག་རྩལ་ལ་སྤྱད་ན། ད་གདོད་ཚན་རིག་ལག་རྩལ་གྱིས་ང་ཚོ་ལ་རོགས་རམ་བྱེད་ཐུབ། དེས་ན་ང་ཚོས་ངེས་པར་དུ་ཡང་དག་པའི་འདྲ་མཉམ་གྱི་བསམ་པ་དེ་རྙེད་དགོས། ཞེས་དང་། འཛམ་གླིང་གི་ཚན་རིག་པ་གྲགས་ཅན་སྟོང་གཅིག་དང་དྲུག་བརྒྱ་ལྷག་གིས་བརྩམས་ཤིང་ད་ལྟ་རྒྱ་ཡིག་ཏུ་བསྒྱུར་ཡོད་པའི་ནང་དུའང་། མ་འོངས་འཛམ་གླིང་མྱུར་སྐྱོབས་བྱེད་པའི་སྨན་པ་དང་། འཇིག་རྟེན་ཞི་བདེ་ཡོང་པའི་ས་མཁན་ཉག་གཅིག་ཡོད་ན། དེ་ནི་སངས་རྒྱས་ཆོས་ལུགས་ཁོ་ནའི་སྟེང་དུ་འབབས། གསུངས་པ་སོགས་མང་པོས་ནང་བསྟན་ཆོས་ལུགས་ནི། འཛམ་གླིང་ཞི་བདེའི་སྟེགས་བུ་དང་སྲོག་ཤིང་ཡིན་པར་ལུང་རིགས་མང་པོས་སྒྲུབ་ཡོད་པ་འདིས་ཀྱང་། འདྲ་མཉམ་དང་། རང་དབང་། དམངས་གཙོའི་ལྟ་བ་  གསུམ་ནང་བསྟན་ཆོས་ལུགས་ལ་ལྡན་པར་མ་ཟད། བྱམས་སྙིང་རྗེའི་ལྟ་བ་དང་། རྡུལ་ཕྲན་གྱི་ལྟ་བ། གཟུང་འཛིན་གཉིས་མེད་ཀྱི་ལྟ་བ། བདག་འཛིན་མི་རུང་བའི་ལྟ་བ། བདེན་གྲུབ་མེད་པའི་ལྟ་བ་བཅས་ལྟ་བ་སྣ་མང་འཛོམས་ཤིང་། ཚད་མ་རིག་པའི་བདག་ཉིད་དུ་གྱུར་པའི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རིག་གནས་ཁྱད་འཕགས་ཤིག་ཏུ་བདེན་ཐག་བཅད་ཡོད་པ་རེད།སྨྲས་པ། །སྐྱེས་ཆེན་དམ་པས་རྒྱལ་བསྟན་སྒྲུབ་པས་འཛིན། །མཁས་པ་རྣམས་ཀྱིས་ལུང་དང་རིགས་པས་འཛིན། །བླ་མ་མང་པོས་དབང་སྡུད་འབྱོར་བས་འཛིན། །སྐྱེ་བོ་ཕལ་བས་དད་དང་འདུན་པས་འཛིན། །དམ་པའི་ཆོས་ཀྱི་མཐའ་དང་ངོ་བོ་དཀར། །དགེ་སྡིག་སྤང་བླངས་འདི་དང་ཕྱི་མར་གསལ། །མི་ཚེའི་རིན་ཐང་གཞན་ཕན་མཛད་བཟང་སྟེ། །འདི་གསུམ་འཇིག་རྟེན་སྙིང་བོ་བསླུ་མེད་གསུམ། །ཀྭ་ཡེ་རིག་པའི་གནས་ལ་བརྩོན་པ་སྐྱེད། །གངས་ལྗོངས་བོད་ཀྱི་ཡུལ་ལ་མཛད་རྗེས་ཞོག ། གླིང་ལྔ་མཚོ་བཞིས་བསྡུས་པའི་འཛམ་གླིང་གི ། ཞི་བདེའི་ལམ་ཆེན་སྟེང་དུ་མཉམ་དུ་འགྲོ། །ཞེས་སོ། །
(ཨོའུ་རྒྱ་བློ་བཟང་རྒྱ་མཚོ་ལགས་ནི་ད་ལྟ་བོད་གསང་སྔགས་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བྱས་ནས་ ཕྱག་ལས་གནང་གིན་ཡོད། )
 


བརྒྱུད་འགོད།