མགོ་སྐོར་བཏང་བའི་ལན་དུ་གསེར་ཤིང་ཙེ་གང་ཐོབ་པ།
རྭ་རྒྱའི་བཀའ་འགྱུར་གྱི་དཔར་བརྐོ་སྐབས་ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས། བླ་བྲང་ནང་འཛིན་རྣམས་ལ་གསེར་ཤིང་ཙེ་རེ་རེ་བྱས་ནས་མཛོད་ཁང་གཅིག་གི་ནང་ནས་གཅིག་གི་ནང་ལ་སྐྱེལ་དུ་བཅུག་པར། དཔར་བརྐོ་རྣམས་ཀྱིས་འདི་འདྲའི་གསེར་མང་བོ་འདི་ཅི་ཡིན་ཞེས་དྲིས་པ་ན།ཤིང་བཟའ་བླ་བྲང་ནས་དཔར་བརྐོ་མཁན་ལ་ཡོན་དུ་སྟེར་རྒྱུའི་གསེར་རེད་དེ། རྗེས་ནས་དཔར་ཤིང་སྟེང་ལ་གསེར་བླུག་ནས་དཔར་ཇི་འདྲའི་ཟབ་ན་དེ་ལྟར་གསེར་འཐོབ་རྒྱུ་རེད་ཅེས་བཤད།
༼འདིར་བཤད་སྲོལ་གཉིས་ཡོད་ལ་ལ་ལས་དཔར་བརྐས་པའི་ཤིང་བཞོག་རྒྱ་མར་ཚད་ནས་དེའི་ལྗིད་ཚད་དང་མཉམ་པའི་གསེར་སྟེར་རྒྱུ་རེད་ཟེར། ༽དེ་ནས་བཟུང་གླ་བ་རྣམས་ཀྱིས་ནུས་པ་ཡོད་དགུ་བཏོན་ནས་དཔར་ཤིང་ཚང་མ་ལེགས་འགྲུབ་བྱུང་ནས་སྟོན་མོའི་ཉིན་དེར་ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་གསུང་རྒྱུར། ངེད་བླ་བྲང་ཚང་ལ་གསེར་ཤིང་ཚེ་གང་ལས་མེད་ལ། ཉིན་དེར་མཛོད་ཁང་གཉིས་ཀྱི་ཕུ་ནས་འགྲོ་ལམ་བཟོས་ཏེ་མི་བརྗེ་རེས་བྱས་ནས་མགོ་སྐོར་བཏང་དོན་ནི་དཔར་ཤིང་ཡག་པོ་ཡོང་ཆེད་ལས་གཞན་མེད། ཅེས་བཀའ་འགྱུར་དཀར་ཆགས་ཀྱི་དབུ་ཤིང་སྟེང་ལ་གསེར་ཤོང་ཚད་ཅིག་བླུག་ནས་དཔར་བརྐོ་མཁན་གྱི་མགོ་བར་ཕུལ་ཏེ། འདི་རྒྱ་མཚོའི་ཆུ་དང་རི་རབ་ཀྱི་རྩྭ་ལ་མི་ཐེ། ངས་ཁྱེད་ཅག་ལ་མགོ་སྐོར་བཏང་སོང་བས་བཤགས་པར་ཕུལ་བ་ཡིན་ཞེས་བཤད་པ་ན་དཔར་བརྐོ་བ་རྣམས་དགའ་ནས་མཐེ་བོང་བསྒྲེངས་བ་དང་བསྟོད་བསྔགས་བྱས་སོ།།
ཞེས་རྭ་རྒྱའི་བླ་རྒན་རྣམ་པའི་ངག་རྒྱུན་ལྟར་བྲིས་པ་ཡིན།
(དགེ་ལུགས་པའི་སྐྱེས་བུ་དམ་པ་དག་གི་ངག་རྒྱུན་འདི་ལྟ་བུ་བྲིས་ནས་བསྐུར་ན་དུས་ལྟར་དགེ་ལུགས་དྲ་བར་འགོད་ངེས།)
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།གསལ་འདེབས། རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། དྲ་བའི་སྦྲེལ་ཐགhttp://www.tb1025.cn