ཞབས་ཞུ་སྤྱིའི་ཁྲིམས་རྩ་ཞེས་བྱ་བ་ བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-06-06 20:45:41     རྩོམ་པ་པོ།   གུང་ཐང་བསྟན་པའི་དབང་ཕྱུག    ཀློག་ཐེངས།  

ཨོ་སྭ་སྟི། བླ་མ་འཇམ་དབྱངས་རྗེ་བཙུན་བློ་བཟང་གྲགས། །

ཡི་དམ་ཀུན་འདུས་འཕགས་མ་ཏཱ་རེ་ཡུམ། །

སྒྲུབ་སྒྲུབ་བསྟེན་པའི་སྲུང་མ་ལ་སོགས་པས། །

བསླུ་མེད་བདེན་བྱིན་དམ་པས་ཡུན་དུ་སྐྱོངས། །

ཀུན་ལ་ལྷག་བསམ་དཀར་བའི་དགེ་སྦྱོང་ང་། །

གཙུག་ཏུ་བཀུར་ཏེ་ཞབས་གཡོག་བསྒྲུབ་འདོད་ཚོ། །

ཆོས་སྲིད་ཟུང་དུ་འབྲེལ་བའི་ལམ་བཟང་འདིར། །

འབད་པས་བསྒྲིམས་ཏེ་བརྩོན་པས་བགྲོད་པར་རིགས། །

བསྲུང་བྱའི་ཁྱད་པར་རྩ་བ་གསུམ་པོ་ནི། །

རང་སེམས་མི་འགྱུར་བསམ་པ་བཟང་དང་གཅིག །

ཕྱི་ནང་གཉིས་ཀར་ལག་པ་བརྟན་དང་གཉིས། །

ནང་གཏམ་གཞན་ལ་མི་བཤད་རྩ་བ་གསུམ། །

 དང་བོའི་ཡན་ལག་མངོན་ལྐོག་མེད་པ་དང་། །

ཉེ་རིང་མེད་པར་རྒྱུ་འབྲས་ཚུལ་བཞིན་བྱེད། །

ཀུན་ལ་བྱམས་བརྩེའི་ངང་གིས་ཚིག་འཇམ་དང་། །

འཁོན་འཛིང་མི་བྱེད་སུ་ལའང་རོགས་རམ་བྱེད། །

གཉིས་པའི་ཡན་ལག་གྲོགས་ངན་བསྟེན་མི་བྱ། །

གཞན་རྒྱུར་མི་རྔམ་གཞུང་རྒྱུར་གཅེས་སྤྲས་བྱེད། །

ཆུད་ཟོས་མེད་པར་ན་བཟའ་མཛེས་པར་གྱོན། །

གཞན་གྱིས་གཡར་བཅོལ་ཏན་ཏན་བྱས་ནས་སྤྲོད། །

གསུམ་པའི་ཡན་ལག་ཕུང་ཁ་མཁའ་རྫུན་དང་། །

ཕན་ཚུན་ཕྲག་དོག་ང་རྒྱལ་སེམས་མགོ་མནོན། །

རྒྱུན་དུ་བླ་བཙག་རྐང་འདྲེན་གཏན་མི་བྱེད། །

ནང་ལ་ཕན་ཚུན་བརྩེ་དུང་སྤུན་ཟླ་ལྟར། །

དེ་བཞིན་རྩ་བ་གསུམ་པོ་རེ་རེ་ལ། །

ཡན་ལག་ཆུང་བ་བཞི་བཞི་བྱས་པ་ཡི། །

རྩ་བ་གསུམ་དང་ཡན་ལག་བཅུ་གཉིས་པོ། །

སྲུང་བའི་སྤུན་ཟླ་སུ་ཡིན་སྙིང་གི་གྲོགས། །

དེ་ཕྱིར་རྒན་པ་རྣམས་ཀྱིས་དོ་དམ་བྱེད། །

གཞོན་པ་རྣམས་ཀྱིས་འབད་པ་དང་ལེན་མཛོད། །

དེ་ལྟར་ཚུལ་བཞིན་བསྒྲུབས་པ་སུ་ཡིན་རྣམས། །

དེང་ནས་བཟུང་སྟེ་སྐྱེ་བའི་ཕྲེང་བརྒྱུད་དུ། །

ཁོ་བོར་མི་འབྲལ་བཤེས་གཉེན་དམ་པས་བསྐྱང་། །

རིམ་གཉིས་ལམ་གྱི་སྙིང་བོ་ལ་བརྟེན་ནས། །

ཕྲ་རགས་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །

ལྷན་གཅིག་རྒྱལ་བ་གཅིག་ལ་འཚང་རྒྱ་སྨོན། །

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

༼བཀའ་རྩོམ་འདི་ནི། འཇམ་དབྱངས་བླ་མ་ཁྲི་གུང་ཐང་བ་༧རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོའི་ཞལ་སྔ་ནས། སྐུ་བཅར་ཞབས་ཕྱི་སྤྱིས་མཚོན་པའི་ སྐལ་ལྡན་གྱི་གདུལ་བྱ་སའི་རྡུལ་གྲངས་དང་མཉམ་པ་མཐའ་དག་ལ་བསྩལ་བའི་ལྷོ་རྒྱུད་ཁྲི་གུང་ཐང་བླ་བྲང་ བྱམས་བརྩེ་ཀུན་སྐྱོང་གླིང་ཞབས་ཕྱི་སྤྱིའི་ཁྲིམས་རྩ་ཞེས་གསུངས་སོ། ། ༽ 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།