ཟླ་གསུམ་པའི་དཔེ་ཀློག་ཟིན་བྲིས། 《ཉི་མ་ལྟ་བུའི་དགེ་བསྙེན》(འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར།)

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-03-30 12:02:18     རྩོམ་པ་པོ།   བསོད་ནམས་ལྷ་མོ།    ཀློག་ཐེངས།  

༡.རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

དགེ་བཤེས་ཤེས་རབ་བསྟན་དར། སྨྱུག་མིང་རྒྱ་གྲོལ། ༡༩༦༨ལོར།མདོ་སྨད་མང་རར་འཁྲུངས།

༢.ནང་དོན

དཔེ་ཆ་འདི་ནི་བོད་ཀྱི་ལོ་རྒྱུས་ལས་ཆེས་ཕུལ་དུ་བྱུང་བ་དང་མཛད་རྗེས་ཆེ་བའི་ཉི་མ་ལྟ་བུའི་དགེ་བསྙེན་ཏེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ལོ་རྒྱུས་སམ་མི་ཚེ་གང་བོའི་རྣམ་ཐར་བྲིས་པ་ཞིག་རེད།(འབྲོམ་སྟོན་པ་དང་དགེ་བཤེས་སྟོན་པ།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།དགེ་བསྙེན་ཆོས་འཕེལ་བཅས་མཚན་འགའ་ཡོད།)དཔེ་ཆ་འདི་ནི་འབྲོམ་སྟོན་པ་ཁོང་གི་རྣམ་ཐར་ཙམ་མིན་པར།བཀའ་གདམས་པའི་གྲུབ་མཐའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དཔེ་ཆ་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་པ་གཅིག་ཀྱང་མེད།དཔེ་ཆ་འདི་བཀའ་གདམས་ཆོས་འབྱུང་སོགས་དཔེ་ཆ་གཞན་དང་བསྡུར་ན་མདོར་བསྡུས་ཡིན་རུང་།ལྷུག་རྩོམ་གཙོ་བྱས་ཏེ་བྲིས་པ་ཞིག་ཡིན་པས།རང་ལ་མཚོན་ན་ཀློག་སྤྲོ་ལ་ཀློག་བདེ་བ་ཞིག་རེད། གྲུབ་མཐའ་སྣ་མང་ནི་རིག་གནས་ཀྱི་འཕེལ་རྒྱས་ཤིག་ཏུ་བརྩིས་ཏེ།གྲུབ་མཐའ་སོ་སོར་བརྩི་འཇོག་དང་།སོ་སོའི་ལེགས་ཆ་དང་དུ་ལེན་རྒྱུ་ནི་དཔེ་ཆ་འདི་བཀླགས་ནས་ཐོབ་པའི་ཐོབ་བྱ་གལ་ཆེན་ཞིག་རེད།ལྷག་ཏུ་གྲུབ་མཐའ་ག་གེ་མོ་ཞིག་གསར་དུ་འབྱུང་བར་གྲུབ་མཐའ་ཞིག་གི་རྨང་གཞི་དགོས་པ་དང་།གཅིག་དེ་འཕེལ་རྒྱས་དང་འཐུས་ཚང་དུ་སོང་ནས་ཚད་ངེས་ཅན་ཞིག་ལ་སླེབས་དུས་གཉིས་པ་དེ་བྱུང་བ་ནི་ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་ཅིག་ག་ལ་མིན།རྗེས་ཀྱི་བཀའ་བརྒྱུད་པ་དང་།ས་སྐྱ་བ་དང་།དགེ་ལྡན་པ་རྣམས་ཀྱང་ཇོ་བོ་རྗེའི་འཕྲིན་ལས་དང་བཀའ་གདམས་པའི་འཕྲིན་ལས་ལས་བྱུང་བ་ཤ་སྟག་ཡིན་པས།བཀའ་གདམས་པའི་གྲུབ་མཐའ་འམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་སྟོན་པ་སོགས་ནི་བོད་པ་རྣམས་དང་གྲུབ་མཐའི་འཕེལ་རྒྱས་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ནི་སྨྲ་མ་དགོས་པའོ།། དཔེ་ཆ་འདིའི་ནང་དུ་འབྲོམ་སྟོན་པ་ལགས་ཇོ་བོ་དང་མཇལ་ནས།ཇོ་བོའི་(དཔལ་ལྡན་ཨ་ཏི་ཤ)མདུན་ནས་བཀའ་ལུང་བླངས་པ་དང་།ཇོ་བོར་ཞབས་གཡོག་སྒྲུབ་ཆེད་དུ་སྐུ་ཚེ་ཧྲིལ་བོར་དགེ་བསྙེན་གྱི་རྟེན་གཅིག་པུར་བསྟེན་པ་ལས།ཁོང་ནི་བླ་མར་ཤིན་ཏུ་གུས་པ་ཞིག་ཡིན་པ་ཡང་གསལ་བོར་རྟོགས་ཐུབ།རྟེན་དགེ་བསྙེན་དུ་བཞུགས་ནའང་བྱ་བ་སྤྱོད་པས་དགེ་སློང་རྣམས་ཀྱང་ཟིལ་གྱིས་གནོན་པར་གྱུར།(རྟེན་ལ་གསུམ་སྟེ།དགེ་བསྙེན་དང་དགེ་ཚུལ།དགེ་བསྙེན་བཅས་ཡིན་པ་དང་།སོ་སོར་སྲུང་དགོས་པའི་སྡོམ་ཁྲིམས་ཀྱི་གྲངས་ཀ་ལ་བར་ཁྱད་ཡོད།)ཁོང་ལ་“སྙིང་སྟོབས་ལྡན་ཡང་ཤིན་ཏུ་དུལ་གྱུར་ཅིང་།།ཤེས་རབ་དང་ལྡན་ཁེངས་པའི་དྲི་མས་དབེན།།ཐུགས་ཟབ་སྐྱེ་བོ་ཀུན་གྱིས་རྟོགས་དཀའ་བའི།།མཚོ་ཆེན་མི་ཡི་གཟུགས་ལ་ཕྱག་འཚལ་ལོ།།”ཞེས་བསྟོད་བསྔགས་མཛད་པ་དེ་མིང་དོན་དང་མཚུངས་པ་ཞིག་རེད།

འབྲོམ་སྟོན་པ་ནི་བྱང་གཉན་ཆེན་ཐང་ལྷའི་འོག་རྩྭ་སྒྱེ་མོ་སྟེ་དེང་གི་འདམ་གཞུང་རྫོང་ཡངས་པ་ཅན་ཆུས་ཟམ་གསར་ཤང་བྱེ་ལུང་རུ་ཁག་གསུམ་པ་རུ་ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༡༠༠༤~༡༠༦༤བར།དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། ཡབ་ཡུམ་གྱི་མཚན་དང་འཁྲུངས་ལོ་སོགས་ལ་བཤད་ཚུལ་མང་མོད།ཡོངས་གྲགས་སུ་གོང་སྨྲོས་ལྟར་དུ་ཡིན་ཞེས་དཔེ་དེབ་ལས་གསུངས། ཀློག་བསླབ་པའི་སློབ་དཔོན་ནི་གཡུང་ཆོས་མགོན་དང་།དགེ་བསྙེན་གྱི་སྡོམ་པ་འབོགས་པའི་བླ་མ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག ལམ་ཡོངས་རྫོགས་ཀྱི་གདམས་པ་གནང་བའི་བླ་མ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ མདོ་སྔགས་ཀྱི་གཞུང་སྟོན་པའི་སློབ་དཔོན་བླ་མ་སེ་བཙུན་བྱང་ཆུབ་གཞོན་ནུ།སཾསྐྲྀ་ཏའི་སྐད་སློབ་པའི་སློབ་དཔོན་སྨྲི་ཏི་ཛྙཱ་ན་ཀིརྟི་ཡིན།

གསུངས་བཤད་གལ་ཆེན་རྣམས།

༡.མི་ཚེ་འདིར་ཆེས་གལ་ཆེ་བ་ཞིག་ཡོད་པ་ནི་བླ་མ་བཟང་བོ་ཞིག་བསྟེན་པ་དེ་ཡིན་ལ།བླ་མར་བསྟེན་པའི་དགོས་པ་ནི་སློབ་གཉེར་ལེགས་པོ་ཞིག་བྱས་ཏེ།རང་གི་མི་ཚེ་འདིར་རིག་པའི་མིག་དང་ལྡན་པ་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན།

༢.འཇིག་རྟེན་གྱི་སྐྱིད་སྡུག་ལ་ངེས་པ་མེད་ཀྱང་འགལ་རྐྱེན་མཐུན་རྐྱེན་དུ་གྱུར་པ་དང་མཐུན་རྐྱེན་འགལ་རྐྱེན་དུ་གྱུར་པའང་མང་།གཙོ་བོ་གང་ག་ཐུག་ཀྱང་སྤོབས་པ་ཞིག་དགོས་ལ།དུས་གང་འདྲར་སླེབས་ཀྱང་བརྩོན་པ་ཡལ་མི་ཉན་པ་དེ་རེད།

༣.འགལ་བ་ཇི་ལྟར་བྱུང་ཡང་འདི་བསམ་སྟེ།།འཁྲུལ་བས་བཅིངས་པའི་སེམས་ཅན་སྙིང་རེ་རྗེ།།སྐྱེ་མེད་ཆོས་ལ་བདག་དང་གཞན་བཟུང་བའི།།འདི་ལ་དངོས་པོ་ཅི་ཡང་མེད་དོ་ཞེས།།ཆོས་དབྱིངས་ཉིད་དུ་ངེས་པར་བསམ་པར་བྱ།།

༤.ཆོས་པ་ཞིག་ཡིན་ན་ཕྱིའི་རྣམ་པར་མ་སོང་བར་སེམས་ཆོས་སུ་འགྲོ་དགོས་པ་དེ་གསལ་བོར་གསུངས།དང་བོ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་བསྒོམས་ལ།རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་ཀུན་དག་པར་བྱ།བྱམས་པ་དང་སྙིང་རྗེ་མང་དུ་བསྒོམས་ལ།བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན།མི་འགྲོ་ན་ཆོས་མིན།འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན།མཐུན་ན་ཆོས་མིན།བཀའ་ལུང་དང་མཐུན་ན་ཆོས་ཡིན།མི་མཐུན་ན་ཆོས་མིན།རྗེས་བཟང་ན་ཆོས་ཡིན།རྗེས་ངན་ན་ཆོས་མིན།

༥.གྲོགས་ཀྱི་ཕྱི་ཐག་ནི་ཚེ་འདིའི་ཆེས་མཛའ་བའི་ཁྲེལ་གཞུང་ཡིན་ལ།བླ་སློབ་ཀྱི་དམ་ཚིག་ནི་འཇིག་རྟེན་འདིར་ཆེས་རིན་ཐང་ཆེ་བའི་དངོས་པོ་ཡིན། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ།།འདྲེ་གདོན་རྒྱལ་བའི་སྤྲུལ་བ་ཡིན།།ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ།།སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན།།

༦.མངོན་ཤེས་མ་ཐོབ་བར་དུ་གཞན་དོན་མ་བྱེད། དམུས་ལོང་གིས་འབེན་ལ་མདའ་འཕེན་པ་དང་འདྲ།སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཅི་ཐོགས་བྱ་ཞིང་།སངས་རྒྱས་ཀྱི་བསྟན་པ་འཛིན་པ་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང་།དགེ་འདུན་གྱི་སྡེ་དགེ་སློང་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་ཅི་ཡོད་བྱ།དེ་བས་ཁྱོད་ཀྱིས་ཀྱང་གཙུག་ལག་ཁང་བཞེངས་ཤིག་གསུངས།(ཇོ་བོས་འབྲོམ་ལ་གསུངས་པའི་ཞལ་ཆེམས།)

༧.ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀུན།། སེན་མོའི་སྟེང་དུ་ཞིང་རྨོས་ཀྱང་།།ང་ཡི་རབ་ཏུ་བྱུང་བ་རྣམས།།འཚོ་བས་ཕོངས་པར་མི་འགྱུར་རོ།།(བདག་ཅག་གི་སྟོན་པའི་གསུངས།)

༨.བཅོམ་ལྡན་འདས་ཀྱི་འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལས།སེམས་ཅན་གྱི་སྲོག་བསྐྱབས་པ་ཕན་ཡོན་ཆེ་བར་གསུངས། 

བདག་གི་ཉེས་པ་བསྒྲག་བྱ་ཞིང་།།གཞན་གྱི་འཁྲུལ་བ་བཙལ་མི་བྱ།།བདག་གི་ཡོན་ཏན་སྦ་བྱ་ཞིང་།།གཞན་གྱི་ཡོན་ཏན་བསྒྲག་པར་བྱ།།རྙེད་དང་བཀུར་སྟི་སྤངས་བྱ་ཞིང་།།ཁེ་གྲགས་ཀུན་ཏུ་སྤང་བར་བྱ།།འདོད་པ་ཆུང་ཞིང་ཆོག་ཤེས་དང་།།བྱས་ལ་དྲིན་དུ་གཟོ་བར་བྱ།།བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་།།བྱང་ཆུབ་སེམས་ནི་བརྟན་པར་བྱ།།མི་དགེ་བཅུ་ནི་སྤང་བྱ་ཞིང་།།རྟག་ཏུ་དད་པ་བརྟན་པར་བྱ།།ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང་།།དམན་པའི་སེམས་དང་ལྡན་པར་བྱ།།

༩.རྟེན་གྱི་གང་ཟག་ཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསླབ་བྱ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་།རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པོ་གཅིག་ལས་མེད།གཅིག་པོ་གང་ཡིན་ཞེ་ན་སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་ཡིན།

བཀའ་གདམས་པ་དང་འབྲེལ་ཡོད་ཀྱི་ཤེས་བྱ།

(1):བོད་ཀྱི་སྟོན་པ་རྣམ་གསུམ་མམ་ཁུ་རྔོག་འབྲོམ་གསུམ།:ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།རྔོག་ལེགས་པའི་ཤེས་རབ།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

(2):དབུས་ཀྱི་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་དབུས་ཀྱི་གདན་ས་ཆེན་མོ་དྲུག་ཟེར་བ་ཞིག་ཡོད་པ་སྟེ།དེ་དག་ནི། གསང་ཕུ།བདེ་བ་ཅན།ཚལ་གུང་ཐང་།དགའ་གདོང་།སྐྱོར་མོ་ལུང་།ཟུལ་ཕུ་བཅས་ཡིན།

(3):རྭ་སྒྲེང་དགོན་པ་ནི་བཀའ་གདམས་པའི་མ་དགོན་ཡིན་པ།རྭ་སྒྲེང་དགོན་པའི་རྟེན་གྱི་གཙོ་བོ་ནི་ཇོ་བོ་འཇམ་དཔལ་རྡོ་རྗེ་ཡིན།བཀའ་གདམས་ཀྱི་ལུགས་སྲོལ་ནི་ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས།སྟོན་པ་རིན་པོ་ཆེས་སྲོལ་ཕྱེ།སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད།གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད།བཀའ་གདམས་ཞེས་པ་ནི་རྒྱལ་བའི་བཀའ་ལས་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར།ཁྱད་ཆོས་གཙོ་བོ་ནི་རྒྱལ་བའི་གསུང་རབ་ལ་བཟང་ངན་གྱིས་སྤོང་ལེན་མི་བྱེད་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འཁྱེར་བ།

(4):བཀའ་གདམས་པའི་ལྷ་ཆོས་བདུན་ནི། :ཐུབ་པ། སྤྱན་རས་གཟིགས།སྒྲོལ་མ།མི་གཡོ་བ་ནི་ལྷ་བཞི་དང་།སྡེ་སྣོད་གསུམ་ལ་ཆོས་གསུམ།

(5)བཀའ་གདམས་པའི་ཕུགས་ནོར་བཅུ།:བློ་ཕུགས་ཆོས་ལ་གཏད།ཆོས་ཕུགས་སྤྲང་ལ་གཏད།སྤྲང་ཕུགས་ཤི་ལ་གཏད།ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏད་པ་ལ་གཏད་པ་བཞི་དང་།ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་།ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པ་དང་གསུམ་ལ་རྡོ་རྗེ་གསུམ། མི་གྲལ་ནས་བུད།ཁྱི་གྲལ་བསྙེགས།ལྷ་བྲལ་ཐོབ་པ་སྟེ་གསུམ་ལ་བུད་སྙེགས་ཐོབ་གསུམ།

(6):བཀའ་གདམས་པའི་སྐུ་མཆེད་གསུམ།:ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ།།བདག་བས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ།།སྒྲུབ་པ་སྙིང་བོར་མཛད་པའི་ཕུ་ཆུང་བ།།རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས།། རྣལ་འབྱོར་བ་རྣམ་པ་བཞི།:རྣལ་འབྱོར་བ་ཆེན་པོ་བྱང་ཆུབ་རིན་ཆེན། རྣལ་འབྱོར་དགོན་པ་བ་ཆེན་པོ་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་བ་ཤེས་རབ་རྡོ་རྗེ། རྣལ་འབྱོར་བ་ཕྱག་དར་སྟོན་པ།

དཔེ་ཆ་འདི་རུ་རུམ་ལ་བསྡུ་རྒྱུའི་བྲོ་དང་སེམས་ལ་འཛིན་རྒྱུའི་ཚིག་སོགས་ཧ་ཅང་མང་བས།དཔེ་གྲོགས་ཚོས་དེ་ལས་ཀྱང་ཞིབ་ཚགས་ཤིག་ཤེས་འདོད་ན།ཁྱེད་ཅག་གིས་དངོས་སུ་དཔེ་ཆ་འདི་བཀླག་ཡ། འབྲོམ་སྟོན་པ་ལགས་ཀྱི་《མི་ཆོས་གནད་ཀྱི་ཕྲེང་བ》ནི་ང་ཚོ་སོར་སྐྱེས་ཕལ་བ་རྣམས་ཀྱིས་ནན་གྱིས་ལྟ་ཀློག་བྱས་ནས་ལག་ལེན་དུ་བསྟར་ན་མི་ཚེའི་ཚེ་ནོར་ཞིག་ཏུ་སྒོམ་རུང་བའི་ཕྱག་རྩོམ་ཡིན་པ་གདོན་མི་ཟ།

དཔེ་ཆའི་པར།

བཀའ་གདམས་ཕུགས་ནོར་བཅུ་ཡི་འགྲེལ་བ།

ཚོགས་མི་བསོད་ནམས་ལྷ་མོ་ནས་གུས་པ་དང་བཅས།

微信图片_20250330091556.jpg

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།