ནང་ཆོས་ཐོས་བསམ་གྱི་ཤེས་རྟོགས་ཐོར་བུ་རྒྱ་མཚོའི་རླབས་ཀྱི་གཟེགས་མ།
(ཤོ་ལོ་ཀ་བརྒྱ་དང་བརྒྱད)
༄༅།།འཆད་ལ་ནམ་མཁའི་གློག་བཞིན་ལྗགས་རྩེ་མྱུར།།
རྩོད་ལ་ཕས་རྒོལ་ཁྲི་སྟོང་ལྐུགས་པར་གཏོང་།།
རྩོམ་ལ་རྒྱལ་བའི་གཞུང་ཀུན་ཐོགས་པ་མེད།།
གངས་ཅན་མཁས་པའི་གཙུག་རྒྱན་གང་དེར་འདུད།།
དགེ་སྡིག་བླང་དོར་འབྱེད་ནུས་བློ་གྲོས་མངའ།།
ལུས་སེམས་དགེ་ལ་བཀོལ་བའི་རང་དབང་མཆིས།།
མི་དགེ་དུག་ལྔ་འཇོམས་མཁས་རབ་གྲི་རྣོ།།
ཁྱུ་མཆོག་ཁྱེད་ནི་འགྲོ་བའི་ལམ་འདྲེན་ལགས།།
འབད་བརྩོན་མ་ལྷོད་ལམ་རིམ་ཆེན་མོའི་གཞུང་།།
དོན་ལྡན་མིང་ཚིག་ཐ་སྙད་གཙོ་བོའི་གནད།།
ཏིལ་ཙམ་ཐོས་བསམ་བགྱིས་པའི་ཤེས་རྟོགས་ཉིད།།
སྤོབས་པ་ཆེན་པོས་ཚིགས་བཅད་ལམ་ནས་བརྗོད།།
ཆུང་དུས་ཆོས་གཞུང་བསླབ་པའི་གླགས་མ་ཐོབ།།
རྒས་ཚེ་རང་སློབ་འདུན་མ་དྲག་པོས་ཁེངས།།
ཡིན་ཀྱང་བློ་རིག་བགས་ཀྱིས་ཉམས་པ་ཚོར།།
བརྗེད་ངེས་ཆོམ་པོས་འཕྲོག་ཕྱིར་གཞན་དུ་ཤོར།།
སྐྱེས་བུ་རབ་འབྲིང་མཐའ་གསུམ་བཞུད་པའི་ལམ།།
སྒྲིབ་གཉིས་འཇོམས་པའི་ཐར་ལམ་སྟོན་པའི་ཆོས།།
འགྲོ་བའི་དགའ་སྟོན་དཔལ་དུ་འགྱེད་པ་ལས།།
ཉིད་ཀྱི་ལམ་རིམ་སྲིད་གསུམ་ཡང་རྩེར་མངོན།།
གངས་རིའི་མུ་ཁྱུད་བསྐོར་བའི་སྨན་ལྗོངས་འདིར།།
གནམ་གྱིས་ནོར་འཛིན་བཀབ་པ་དཔེ་བཞིན་དུ།།
ཟླ་བྲལ་སྐྱེས་བུ་གང་ལེགས་བྱོན་མྱོང་ཡང་།།
སྟོང་ཉིད་རྟོགས་པའི་ཁྱུ་མཆོག་ཁྱེད་ལ་གསོལ།།
གཙང་གསུམ་ལྷང་ལྷུང་འབབ་པའི་འབྱུང་ཁུངས་ཏེ།།
རབ་དཀར་ཞོ་གསར་སྤུངས་འདྲའི་གངས་རི་ལགས།།
གངས་ལྗོངས་རིག་གནས་རྩ་ཆེན་མ་ཁུངས་ཏེ།།
ཟབ་མོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན།།
ཆོས་ཀྱི་ཕུང་བོ་བརྒྱ་ཁྲི་བཞི་སྟོང་ཀུན།།
སྐྱབས་གསུམ་ཁོངས་སུ་ཆུད་པ་བདེན་སྙམ་ན།།
དད་ལྡན་འགྲོ་བ་ཀུན་གྱིས་མཆོག་གསུམ་ལ།།
གློ་སྙིང་རྩེ་གཅིག་མི་གཏོད་རྒྱུ་མཚན་ཅི།།
བློ་སེམས་མི་ཕྱེད་དད་འདུན་རྩེ་གཅིག་གིས།།
སྐྱབས་གནས་དཀོན་མཆོག་གསུམ་ལས་མེད་འཁུམས་ཏེ།།
གློ་སྙིང་བྲང་གསུམ་བཅོས་མིན་གཏོད་ཐུབ་ཚེ།།
ནང་ཆོས་བསྟན་པའི་འཇུག་སྒོར་ཞུགས་པ་རྟོགས།།
སངས་རྒྱས་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་།།
བྱང་ཆུབ་ལམ་གྱི་འཇུག་སྒོ་སེམས་བསྐྱེད་དང་།།
ཐར་བའི་ལམ་གྱི་འཇུག་སྒོ་ངེས་འབྱུང་དང་།།
གསང་སྔགས་ལམ་གྱི་འཇུག་སྒོ་དབང་ལུང་ངོ་།།
སྐུ་གཟུགས་བཀོད་པ་མི་མཛེས་གཅིག་ཀྱང་མེད།།
གསུང་དབྱངས་ལེགས་བཤད་འཁྲུལ་བ་གཅིག་ཀྱང་མེད།།
ཐུགས་དགོངས་ཡངས་པས་མི་མཁྱེན་གཅིག་ཀྱང་མེད།།
སངས་རྒྱས་དཀོན་མཆོག་འགྲོ་ཀུན་འདྲེན་པའི་སྐྱབས།།
ཆོས་ཀྱིས་མ་ནོར་ལམ་བཟང་སྟོན་པར་ནུས།།
ཆོས་ཀྱིས་ལེགས་ཉེས་བླང་དོར་འབྱེད་པར་མཆོག།
ཆོས་ཀྱིས་མ་རིག་མུན་པ་སེལ་བར་བྱེད།།
ཆོས་ཀྱི་དཀོན་མཆོག་ཐར་བའི་མིག་དང་མཚུངས།།
དགེ་འདུན་དཀོན་མཆོག་ཐར་བའི་སྡོངས་གྲོགས་ཡིན།།
དགེ་འདུན་བཀའ་ཆོས་ལམ་ཁར་ཁྲིད་མི་ཡིན།།
དགེ་འདུན་ཕྱི་ནང་བར་བགེགས་སེལ་མི་ཡིན།།
དགེ་འདུན་ཐེག་ཆེན་འཕགས་པའི་གང་ཟག་ཡིན།།
སྟོན་པར་ལྷ་རྗེ་ལྟ་བུའི་འདུ་ཤེས་འཛིན།།
བཀའ་ཆོས་གསོ་སྨན་ལྟ་བུའི་འདུ་ཤེས་འཛིན།།
དགེ་འདུན་ནད་གཡོག་ལྟ་བུའི་འདུ་ཤེས་འཛིན།།
རང་ཉིད་ནད་པ་ལྟ་བུའི་འདུ་ཤེས་འཛིན།།
བུ་ཆུང་སྐྲག་འཇིགས་གཡང་དུ་ལྷུང་བའི་དུས།།
ཨ་མའི་སྐྱབས་འོག་འབའ་ཞིག་འཚོལ་བ་བཞིན།།
བསླུ་མེད་དཀོན་མཆོག་གསུམ་ལ་རྩེ་གཅིག་གིས།།
གློ་སྙིང་བྲང་གསུམ་གཏོད་པ་ཐར་བའི་ལམ།།
གངས་ཅན་ཡུལ་འདིར་སྐུ་དྲིན་རབ་ཆེ་བའི།།
ཇོ་བོ་ཨ་ཏི་ཤ་མཆོག་གདན་ཞུ་དུས།།
ནང་ཆོས་ཟབ་མོའི་བཀའ་ཆོས་གསུང་འདོད་ཀྭང་།།
མཐའ་མར་སྐྱབས་འགྲོ་རྒྱུ་འབྲས་ལས་མ་གསུང་།།
རྒྱ་གར་གནའ་དགོན་ན་ལེནྡྲ་ཡི་གནས།།
དགེ་སློང་ཁྲི་ཕྲག་བཞུགས་པའི་ཐོས་བསམ་ཁྲོད།།
གལ་སྲིད་སྒོ་ཁྱིས་ལུས་གཟུགས་བཟུང་པའི་མོད།།
སྐྱབས་འགྲོ་ཡིད་དུ་མེད་ཅེས་དགོན་ལས་བསྐྱུག།
བདག་མེད་རྟོགས་པའི་དོན་གྱི་གནད་དག་ལ།།
ཤེས་རབ་རིག་པས་བརྟག་པ་དཔྱད་པའི་སྒོམ།།
དམིགས་པའི་ཐོག་ཏུ་རྩེ་གཅིག་མ་གཡེང་བར།།
གཡོ་མེད་བཞག་པའི་ཚུལ་དེར་འཇོག་སྒོམ་སྐད།།
སྡེ་སྣོད་གསུམ་གྱི་སྙིང་བོ་ཤེར་ཕྱིན་མདོ།།
མ་ཡུམ་ལྟ་བུ་ཡིན་པས་ཡུམ་ཞེས་ཐོགས།།
ཐོས་བསམ་ཉམས་ལེན་བརྩོན་པའི་གང་ཟག་ཀུན།།
བུ་སྲས་ལྟ་བུ་ཡིན་པས་སྲས་ཞེས་འབོད།།
སྐྱེས་བུ་རབ་འབྲིང་ཐ་གསུམ་མཆིས་མོད་ཀྱང་།།
སྐྱེས་བུ་རབ་ནི་ཐེག་པ་ཆེན་པོའི་ལམ།།
བདག་ལས་གཞན་གཅེས་དང་ནི་འགྲོ་བ་ཀུན།།
མར་བཞིན་གཅེས་པ་སྐྱབས་འགྲོ་སེམས་བསྐྱེད་ལགས།།
རིགས་དྲུག་འཁོར་བ་མཐའ་དག་སྡུག་བསྔལ་སྒོ།།
རྟོགས་ཏེ་བརྒྱ་བྱིན་ཚངས་པའི་བདེ་བ་དང་།།
སྲིད་པའི་བདེ་འདོད་ཀུན་ལ་ཞེན་ལོག་པ།།
སྐྱེས་བུ་འབྲིང་གི་བགྲོད་ལམ་ཡིན་པར་གདམས།།
རང་ཉིད་གཅིག་པུའི་དོན་དུ་འབད་པས་གཉེར།།
ངན་སོང་གསུམ་གྱི་འཇུག་སྒོ་གཅོད་འདོད་པ།།
སྲིད་པའི་གཞན་དོན་གཉེར་བ་རྒྱབ་ཏུ་བསྐྱུར།།
མངོན་མཐོ་ཙམ་དུ་བརྩོན་པ་སྐྱེས་བུ་ཆུང་།།
སྒྲིབ་གཉིས་མུན་པ་སྟུག་པོས་གཡོགས་པའི་ཁྲོད།།
འཁོར་བའི་བདག་འཛིན་འདམ་དུ་ལྷུང་བ་རྟོགས།།
སྡུག་བདེན་གཉིས་ཀྱི་གཉེན་པོ་ཤེས་རབ་མཆོག།
ཁྱོད་ལས་མེད་པ་བཅོས་མིན་ངེས་འབྱུང་སྐྱེས།།
འཁོར་བའི་ཉེས་དམིགས་སྟོང་གིས་ཡོངས་སུ་བསྐོར།།
ལས་དང་རྒྱུ་འབྲས་གྲིབ་མ་བཞིན་དུ་འགྲོགས།།
གལ་སྲིད་གཉེན་པོ་སྟོབས་བཞིས་མ་འཇོམས་ན།།
ངན་འགྲོ་ལམ་དུ་བགྲོད་པ་བསྙོན་དུ་མེད།།
བདག་མེད་རྟོགས་པའི་ཤེས་རབ་མཚོན་ཆའི་སྟོབས།།
ཉོན་མོངས་དུག་ལྔའི་རྩ་བ་དྲུངས་ནས་འབྱིན། །
བླ་མ་དམ་པའི་གསུང་གི་བདུད་རྩི་ཡིས། །
སྐྱེ་འགྲོ་ཉམ་ཐག་མ་ལུས་ཆོས་ལ་བསྒྱུར། །
ཞི་གནས་བརྟན་པོའི་གླང་ཆེན་མ་བཞོན་ན།།
གཡོ་མེད་བསམ་གཏན་ལམ་ལ་བགྲོད་ཐབས་མེད།།
ལྷག་མཐོང་རལ་གྲི་རྣོན་པོ་མ་བསྣམ་ན།།
འཁོར་བའི་རྩ་བ་གཅོད་པའི་ཐབས་མ་མཆིས།།
ཡ་མེད་དཔའ་རྒོད་རྩལ་དགུ་འཛོམས་མོད་ཀྱང་།།
དྲག་པོའི་མཚོན་ཆར་ཁ་འབྲལ་མི་རུང་བཞིན། །
ཞི་གནས་ལྷག་མཐོང་གོ་དོན་མི་འདྲ་ཡང་། །
ཟུང་འབྲེལ་དམ་པོ་མེད་ན་མཐར་མི་འཁྱོལ། །
སྲིད་པའི་དངོས་ལུགས་ཡོད་ཚད་ཀྱི་རང་བཞིན།།
དཔྱད་པ་གཏིང་ཟབ་མཐར་ཐུག་དོན་གྱི་གནད།།
ཤེས་རྟོགས་གོ་བ་གསལ་བོ་མཆིས་པའི་མོད།།
ཟབ་མོ་སྟོང་ཉིད་རྟོགས་པ་བླ་བས་བསྟན།།
ལུས་ཀྱི་ན་ཚ་ཅི་འདྲ་ལྕི་མོད་ཀྱང་།།
སྨན་བཅོས་ལེགས་པས་ཅི་ཡང་གསོ་བར་ནུས།།
སེམས་ཀྱི་ན་ཚ་དྲག་པོ་ཡོད་པ་རྣམས།།
དམ་པའི་ཆོས་ལས་གཞན་གྱིས་འཇོམས་མི་སྲིད།།
ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན།།
བསམ་པ་བཟང་ན་ས་ཡང་ལམ་ཡང་བཟང་།།
ཚེ་གཅིག་དཀར་བའི་དགེ་དོན་གཉེར་བས་ན།།
ངན་སོང་རྒྱ་མཚོར་མི་ལྟུང་བླ་མས་གསུངས།།
ཐོས་བྱུང་བསམ་བྱུང་སྒོམ་བྱུང་ཤེས་རབ་རྒྱས།།
བདེན་བཞིའི་གཞུང་ལུགས་མ་ལུས་གསལ་བར་རྟོགས།།
མ་རིག་མུན་པའི་འཁོར་བའི་མེ་དཔུང་ལས།།
སྐད་ཅིག་ཐར་ཐུབ་ཅེས་པ་རྒྱལ་བའི་ལུང་།།
འཁོར་བའི་ཉེས་དམིགས་མཁྱེན་པའི་མཁས་པས་ཀྱང་།།
རང་གི་སྒྲིབ་གཉིས་རྨེག་མེད་མ་འཇོམས་ན།།
གཞན་ཀུན་བདེ་བའི་རྣམ་དཀར་ལམ་བཟང་དུ།།
འཁྲིད་འདོད་ཡོད་ཀྱང་བསམ་དོན་ག་ལ་འགྲུབ།།
མི་ལུས་རིན་ཆེན་མི་རྟག་སྒྱུ་མའི་གར།།
རྙེད་དཀའ་འཇིག་སླའི་ཆོས་ཉིད་རབ་རྟོགས་ནས།།
བརྩོན་པས་དལ་རྟེན་བེད་སྤྱོད་ལེགས་པོ་ཡིས།།
ཆོས་ཀྱི་སྙིང་བོ་རྒྱུད་ལ་ལེན་པར་འཚལ།།
རྟག་ཆད་གཉིས་ཀྱི་དོང་ལས་མི་ལྷུང་ཞིང་།།
བྱིང་རྒོད་གཉིས་ཀྱི་མུན་པ་རྨང་ནས་སངས།།
ཀུན་སློང་རྣམ་དག་རྒྱལ་བའི་བཀའ་དང་མཐུན།།
སྤྱོད་པ་བཟང་བའི་ལས་འབྲས་རྣམ་པར་སྨིན།།
མཁས་བཙུན་བཟང་གསུམ་ཡོན་ཏན་འབུམ་གྱིས་ཕྱུག།
འཆད་རྩོད་རྩོམ་གསུམ་རིག་པ་གློག་ལས་མྱུར།།
ལྟ་སྒོམ་སྤྱོད་གསུམ་རྒྱལ་བའི་གསུང་བཞིན་སྒྲུབ།།
སློབ་དཔོན་དམ་པ་གདུལ་བྱའི་སྙིང་གི་ནོར།།
སེམས་ཀྱི་ཤིན་སྦྱངས་བརྙེས་པའི་སྐྱེས་བུ་དེ།།
དམིགས་པ་གང་སར་བཞག་ན་མངོན་འགྱུར་ཐུབ།།
ལུས་ཀྱི་ཤིན་སྦྱངས་ཐོབ་པའི་སྐྱེས་བུ་དེ།།
སྐུ་གཟུགས་བྱ་སྒྲོ་ཇི་བཞིན་ཡང་བར་གདམས།།
ལུས་ཀྱི་གསུམ་དང་ངག་གི་བཞིའི་ཡན་ལག །
ཡིད་ཀྱི་གསུམ་དང་དགེ་བཅུ་མ་ལུས་ཀུན།།
དམ་པའི་ལྷ་ཆོས་ཡིད་ལ་རབ་བརྣགས་ནས།།
རང་སེམས་བཤགས་སྡོམ་བགྱིད་པ་རྒྱལ་སྲས་སྤྱོད།།
ཉེ་རིང་ཆགས་སྡང་མ་མཆིས་དགྲ་གཉེན་ཀུན།།
རིས་མེད་མཐོང་ནས་བྱམས་དང་སྙིང་རྗེའི་སེམས།།
སྐྱོང་འདོད་དང་ནི་རྣམ་དཀར་ལྷག་པའི་བློ།།
རྒྱུད་ལ་མངའ་ན་བྱང་ཆུབ་སེམས་དཔའི་ལམ།།
མཉམ་མེད་རྟག་ངུས་སློབ་དཔོན་ཆོས་འཕགས་དང་།།
ཤེར་ཕྱིན་སྙིང་བོ་རྒྱུད་ལ་ལེན་ཕྱིར་དུ།།
རང་ལུས་ཤ་ཁྲག་རུས་རྐང་གཏོང་ཕོད་པའི།།
རིག་པའི་དཔའ་བོ་ཁྱེད་ལ་སུས་མི་བསྔགས།།
ཐོས་བསམ་བརྩོན་འགྲུས་ལམ་དུ་བགྲོད་པ་དང་།།
ཀུན་སྤྱོད་ལེགས་པོ་རྒྱུད་དུ་ལེན་དུས་སུ།།
རྣམ་གཡེང་བྱིང་རྨུགས་བདུད་ཀྱི་མཚོན་ཆ་དང་།།
མེ་ཏོག་མདའ་ལྔའི་བར་ཆད་རྒྱང་དུ་སྲིངས།།
སྟག་སེང་དྲག་པོའི་ངར་སྐད་སྒྲོག་པའི་དུས།།
མི་འཇིགས་སྐྱེ་བོ་གནམ་འོག་གང་དུ་མཆིས།།
ཡིན་ཀྱང་འཇིགས་པའི་གནོད་འཚེ་ཆེ་བ་སྟེ།།
ཁ་འཇམ་ཁོག་བཙོག་ཅན་གྱི་སྡིག་པའི་གྲོགས།།
རང་གི་རྒྱུད་ལས་སྐྱེས་པའི་སྙིང་འདྲའི་བུར།།
བདག་མེད་སྙིང་རྗེ་ཆེན་པོས་སྐྱོང་བ་བཞིན།།
དགྲ་གཉེན་རིས་མེད་བརྩེ་བའི་གཅེས་འཛིན་བློ།།
བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་ནམ།།
སྤྱན་ཟུང་མཁའ་ལས་སྤྲིན་པ་མི་མཐོང་མོད།།
བླ་མ་དྲན་པའི་ཆར་ཆུ་དབང་མེད་ཤོར།།
སྒྲིབ་གཉིས་རལ་གྲིའི་རྣོ་དབལ་མི་མཐོང་ཡང་།།
སྙིང་ལ་རྨ་ཁ་བཟོས་ནས་ཐར་ལམ་འགོག།
གངས་ལྗོངས་ཁྱོན་དུ་ཟབ་མོ་དབུ་མའི་སྐོར།།
གསལ་བར་སྟོན་མཁས་སྣུམ་ཟད་མར་མེ་བཞིན།།
ཉག་ཕྲའི་དུས་སྐབས་རྗེ་བཙུན་ཙོང་ཁ་པས།།
གཞན་མེད་དབུ་མའི་བསྟན་བཅོས་ལྔ་བརྩམས་སོ།།
ར་ཡིག་གཉིས་པས་གསོག་པའི་སྦྲང་རྩིའི་བཅུད།།
སྲེད་ལྡན་སྐྱེ་བོས་བདག་འཛིན་ལོངས་སུ་སྤྱོད།།
དེ་བཞིན་མིས་ཀྱང་ཚེ་གཅིག་བསགས་ནོར་ཀུན།།
མཐའ་མར་ཕྱག་ཟུང་སྟོང་བར་འགྲོ་དགོས་སོ།།
སྤྲིན་གྱི་སྒྲ་དབྱངས་ངར་སྐད་དྲག་པོའི་སྒྲས།།
ནོར་འཛིན་སྒེག་མོའི་སྐྱེ་དངོས་སངས་པར་བཏང་།།
སྐྱེས་བུ་དམ་པའི་བསླད་མེད་གདམས་ངག་གིས།།
གང་ཟག་རྒྱུད་ཀྱི་ཉོན་མོངས་མཐའ་རུ་བསྐྲད།།
ལུས་ངག་ཡིད་ཀྱི་འདུ་བྱེད་མཚམས་མེད་ཀྱིས།།
འདག་དཀའི་སྡིག་པ་རི་རབ་ལྟ་བུ་བསགས།།
མཐོང་ལམ་མངོན་འགྱུར་གང་ཟག་ཕར་དུ་ཞོག།
བདེ་འགྲོ་གསུམ་གྱི་ལམ་ཀྱང་ཐོབ་པར་དཀའ།།
རང་ལུས་ཟས་བཅུད་མངར་མོ་གང་ཞིམ་གྱིས།།
གཅེས་སྐྱོང་ནན་མོ་བགྱི་བ་ཀུན་གྱི་སྲོལ།།
སེམས་ཀྱི་དུག་གསུམ་ནག་པོའི་དྲི་ངན་དག།
དག་གཙང་ཕྱི་བའི་འགྲོ་བ་ཡོད་པ་ཙམ།།
མཛེས་མའི་འགྲམ་ཆུས་མེ་ཏོག་བ་ཀུ་ལའི།།
འཛུམ་ཞལ་འབྱེད་པའི་མཐུ་ནུས་ལྡན་པ་བཞིན།།
དམ་པའི་ཆོས་ཀྱི་བདུད་རྩི་འབའ་ཞིག་གིས།།
ཡིད་ཀྱི་སྡུག་བསྔལ་དྲུངས་ནས་འབྱིན་པར་རྨད།།
སྐྱེས་བུ་རབ་འབྲིང་ཐ་གསུམ་གང་ཡིན་ཀྱང་།།
ཚེ་སྟོད་རྒྱུ་དང་མངའ་ཐང་དབྱར་མཚོ་བཞིན།།
རྣམ་པར་རྒྱས་ཀྱང་ཚེ་སྨད་ཐུང་ཐུང་ལས།།
བདེ་སྐྱིད་དབང་ཐང་ཉམས་ནས་བཀྲེས་པས་མནར།།
འདི་ཡང་བྱང་ཆུབ་ལམ་རིམ་ཆེན་མོ་ལས།།
དར་རྒྱས་བྱུང་བའི་མཐའ་མར་རྒུད་དགོས་ལ།།
ལོངས་སྤྱོད་གསོག་པའི་མཐའ་མར་འཛད་དགོས་ཤིང་།།
འདུས་བྱས་ཡོད་ཚད་མཐའ་མར་འཇིག་དགོས་སོ།།
འཇིག་རྟེན་འཁོར་བའི་གོང་ཞུས་ཆོས་ཉིད་འདི།།
ལྷ་དབང་བརྒྱ་བྱིན་ཡིན་ཀྱང་བསྒྱུར་མི་ནུས།།
མི་དབང་སྟོབས་ལྡན་འབུམ་གྱིས་ཟློག་ཐབས་མེད།།
སྐྱེ་བོ་ཀུན་ཀྱི་བཞུད་ལམ་འབའ་ཞིག་ལགས།།
སྔ་མའི་དགེ་སྡིག་ད་ལྟའི་ལུས་ལ་ལྟོས།།
ཕྱི་མ་གར་འགྲོ་རང་གི་སེམས་ལ་རག །
ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་བསམ་ཡིན།།
ཐོས་པ་ལེགས་པོས་རྨོངས་མུན་མཐའ་ནས་སེལ།།
སྡིག་གྲོགས་ཡིན་ཞེས་མགོ་ན་རྭ་མེད་ཅིང་།།
ངོ་བསྟོད་གཅམ་གསག་ཚིག་གིས་བསླུ་བྲིད་གཏོང་།།
དགེ་གྲོགས་ཡིན་ཞེས་གདོང་ན་འཛུམ་མེད་ཀྱང་།།
ལྷག་བསམ་དཀར་བོའི་ལམ་དུ་ཁྲིད་སྟོན་མཛད།།
ཀུན་རྟོག་ཆགས་ཞེན་ནམ་མཁའི་སེར་བ་བཞིན།།
ནམ་རྒྱུན་སེམས་ཀྱི་ལོ་ལེགས་ཞིང་སའི་ཁྲོད།།
བར་ཆད་དྲག་པོའི་གནོད་འཚེ་གཡོལ་ཐབས་མེད།།
མ་རུངས་བདག་འཛིན་སྒྲོག་ཐག་ཆོད་པར་བརྩོན།།
གཡོ་འཕྲུལ་དགུ་འགྱུར་མེ་ཏོག་མདའ་ཅན་གྱིས།།
དགེ་བའི་ལམ་བཟང་འགོག་པའི་དུག་གི་མདས།།
གནོད་པ་བགྱིད་པ་བདུད་ཀྱི་གཤིས་ཡིན་ཀྱང་།།
རང་སྲུང་གོ་ཆ་བཙན་པོས་འགོག་པར་ནུས།།
མི་འདོད་སྡིག་པའི་ལོངས་སྤྱོད་བསགས་པའི་འབྲས།།
འདི་ཕྱི་གཉིས་སུ་སྡུག་བསྔལ་འཛད་མེད་འབྱུང་།།
གཞན་ཕན་དགེ་ལས་ལམ་ལ་བརྩོན་འགྲུས་ཅན།།
མཐའ་མར་བདེ་སྐྱིད་ཆུ་སྐྱེས་བཞད་པར་ངེས།།
སྨུག་རྒྱུ་ན་བུན་ལང་ལོང་འཁྲིགས་པ་དང་།།
སྒྱུ་མའི་འཕྲུལ་གྱིས་འཇིགས་སྐྲག་སྣང་བའི་ཚུལ།།
མཚོ་ཆུང་ནང་དུ་ཟླ་གཟུགས་མཐོང་བ་སོགས།།
བདེན་པ་མ་གྲུབ་དོན་གྱི་གནས་ལུགས་རྟོགས།།
བདག་འཛིན་གཅོད་པའི་ཤེས་རབ་ཚ་ཟེར་གྱིས།།
ཉོན་སྒྲིབ་མུན་པའི་རྩྭ་ཕུང་སྲེག་པར་ནུས།།
སྙིང་རྗེ་ཆེན་པོ་མཚན་མོའི་ནོར་བུ་ཡིས།།
བྱང་ཆུབ་སེམས་རྒྱུད་ཆུ་སྐྱེས་བཞད་པར་རྨད།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིན་ཆེན་ནོར།།
ཕན་པའི་འོད་ཟེར་ཕྱོགས་བཞིར་འཕྲོས་མོད་ཀྱང་།།
གཙུག་ཏུ་འཛིན་པ་གསུང་གི་བདུད་རྩི་ལགས།།
གསུང་རབ་གཅིག་གིས་འགྲོ་བརྒྱའི་དུཿཁ་སེལ།།
རྙེད་དཀའི་དལ་འབྱོར་ལུས་སྟོབས་ལྡན་པ་དང་།།
ལུས་ངག་ཡིད་གསུམ་བཀོལ་སྤྱོད་ཐུབ་པའི་ཉིན།།
དགེ་ལས་འབྲས་ལ་བརྩོན་སེམས་བསྐྱེད་པ་གལ།།
བགྲེས་རྒུད་བདུད་ཀྱིས་བཅིངས་ཚེ་ངལ་བའི་རྒྱུ།།
རང་སེམས་མི་ཕྱེད་རྡོ་རྗེ་བྲག་རི་བཞིན།།
བཅོས་མིན་དད་འདུན་བརྟན་པོ་མཆིས་པས་ན།།
མཆོག་གསུམ་བྱིན་རླབས་ཚན་ཁ་འབར་བ་དེ།།
ཉེ་རིང་མ་མཆིས་འདོད་ཐོག་སྐད་ཅིག་ལྷགས།
བྱང་ཆུབ་སེམས་ཀྱིས་རང་རྒྱུད་བརླན་པ་དང་།།
འགྲོ་བ་སེམས་ཅན་མ་གཅིག་བུ་གཅིག་བཞིན།།
བརྩེ་བ་ཆེན་པོས་རིས་མེད་འཛིན་བཏུབ་ན།།
ཐེག་ཆེན་མཐོང་ལམ་གྲས་སུ་འཇུག་པར་ངེས།།
རྣམ་དཀར་ལྷག་བསམ་དོན་ལ་སྤྲོ་བ་ཅན།།
ཚེ་ཐག་ཇི་འདྲ་བསྲིང་ན་ཀུན་ལ་ཕན།།
སྟོན་པའི་གསུང་དང་ཕྱིན་ཅི་ལོག་པའི་མི།།
འདུག་ཡུན་རིང་ཚེ་གནོད་འཚེའི་སྡིག་པ་མང་།།
དགྲ་བགེགས་རྐྱེན་ངན་ལུས་སྟེང་མ་འབྱུང་ན།།
ཆོས་པ་རྣམ་དག་ཡིན་ཚུལ་མངོན་པར་སྟོན།།
མ་རུངས་དྲག་པོའི་དོན་རྐྱེན་བྱུང་བའི་ཉིན།།
ཉེ་རང་ཆགས་སྡང་དབང་དུ་ཤོར་བ་མང་།
ཁ་བཤད་རྒྱ་མཚོའི་རླབས་ལྟར་འཕྱུར་ན་ཡང་།།
ལག་ལེན་ནོར་བུའི་འདོད་དོན་མ་འགྲུབ་ཚེ།།
མཐའ་མར་ཐམས་ཅད་སྟོང་བ་ཉིད་དུ་ཟད།།
སྲིད་པའི་སྡིག་སྡུག་འདག་པའི་སྐབས་མ་མཆིས།
རིན་ཆེན་སྣ་བདུན་རིན་ཐང་གཞལ་མེད་ཀྱང་།།
རྒྱུ་འབྲས་མན་ངག་བདུན་འདི་བླུ་ཐབས་མེད།།
ཡིན་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས།།
ཐ་དད་རྒྱུད་ལ་ལེན་པའི་མཐུ་སྟོབས་ལྡན།།
རྒྱུ་མཚན་མ་གོ་གནས་མཇལ་ཕྱག་སྐོར་བྱེད།།
ནང་དོན་མ་གོ་རྒྱལ་བའི་གསུང་རབ་ཀློག།
སུ་ཡིན་མ་ཤེས་སེར་མོའི་རྗེས་སུ་རྒྱུག།
གྲུབ་འབྲས་མེད་པའི་རྨོངས་དད་འབའ་ཞིག་གོ།
མི་གསོད་རྟ་འདེད་དཔའ་བོའི་མཚན་ཉིད་མིན།།
ལུས་ངག་ཡིད་ཀྱི་ཉོན་མོངས་དུག་གསུམ་དག།
འགོག་པར་ནུས་པའི་སྐྱེས་བུ་བློ་སྟོབས་ཅན།།
ཀུན་གྱིས་བསྔགས་འོས་དཔའ་བོ་ཁྱོད་ལས་མེད།།
གང་ཟག་མ་ལུས་འཇིགས་པའི་གནས་གསུམ་སྟེ།།
ངན་འགྲོ་གསུམ་གྱི་སྡུག་ལ་སྐྲག་དང་གཅིག།
སྐྱེ་རྒ་ན་འཆིའི་འཁོར་བ་སྐྲག་དང་གཉིས།།
བློ་མིག་ཤེས་བྱའི་སྒྲིབ་ལ་སྐྲག་དང་གསུམ།།
འགྲོ་ཀུན་སྐྱོབ་པའི་སླད་དུ་བརྩོན་པ་བསྐྱེད།།
འཁོར་བའི་སྡུག་བསྔལ་མཚོ་ལས་ཐར་འདོད་སེམས།།
ངན་སོང་གསུམ་ལས་སྐྱོབ་འདོད་སྤོབས་པ་ཅན།།
ཐེག་པ་རབ་འབྲིང་ཐ་གསུམ་འཇུག་པའི་སྒོ།།
ཆོས་ཀྱི་རྩ་བའི་ཕུགས་འདུན་རྟོགས་འདོད་ན།།
ཤེས་རབ་རྣོན་པོའི་རལ་གྲི་མཐོར་བཏེགས་ནས།།
འགྲན་མེད་རྣམ་དཔྱོད་ཡངས་པའི་ངར་རྒྱས་ཚེ།།
བདག་འཛིན་ལྕགས་མཁར་སྲ་མོ་གཅོད་པར་ནུས།།
འཇིག་རྟེན་འདི་རུ་འཇིགས་རུངས་བདུད་བཞིའི་དཔུང་།།
མ་ལུས་རྨེད་མེད་འཇོམས་མཛད་བཅོམ་ལྡན་འདས། །
རྐང་གཉིས་ལུས་སུ་འབྲེལ་མེད་སྒྲིབ་གཉིས་གཤེད།།
དཔའ་བོའི་སྟོབས་ཀྱིས་སྒྲོལ་མཁས་དགྲ་བཅོམ་པ།།
གངས་ཅན་བཅུ་ཕྲག་རིག་གནས་ཡོད་དོ་ཅོག།
གངས་ཅན་ནང་ཆོས་རིག་གནས་མ་འདྲེས་པ།།
གངས་ལྗོངས་ཡུལ་དུ་གཅིག་ཀྱང་མ་མཆིས་པས།།
གངས་ཅན་པ་ཚོས་གཙིགས་སུ་འཛིན་པར་གལ།།
བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ས་བོན་དང་།།
སྟོང་ཉིད་རྟོགས་པའི་ཤེས་རབ་ས་ཞིང་གཉིས།།
ཐབས་ཤེས་ཟུང་དུ་ལྷོད་མེད་སྦྲེལ་ཐུབ་ན།།
སངས་རྒྱས་གོ་འཕང་མངའ་བ་བླ་མས་བསྟན།།
དུས་བཞིའི་རང་བྱུང་འགྱུར་ལྡོག་མིག་ལམ་དུ།།
ཤར་བ་ཇི་བཞིན་འདུས་བྱས་ཡོད་ཚད་དག།
མི་རྟག་ཆོས་ཉིད་ཡིན་པ་རྟོགས་འདོད་ན།།
རྒྱལ་བའི་གསུང་རབ་སྡུག་རུས་སྦྱང་པར་དགོས།།
སྡིག་པའི་ལས་ལ་ཏིལ་ཙམ་མི་འཇུག་པ།།
གཞན་ཕན་དགེ་ལས་གང་ནུས་བསྒྲུབ་པ་དང་།།
རང་སེམས་མི་གཙང་རྟག་ཏུ་བྱི་དོར་བཅས།།
སངས་རྒྱས་བསྟན་པའི་གསུང་གི་སྙིང་བོ་ལགས།།
སྐྱེ་དངོས་ཡོད་ཚད་རྟེན་འབྱུང་མ་ཡིན་པ།།
གཅིག་ཀྱང་ཡོད་པ་མ་ཡིན་བདེན་ལུགས་ཡིན།།
དེ་བཞིན་འཇིག་རྟེན་རྐང་གཉིས་ཆོས་ཉིད་ལ།།
ལེགས་པ་མཆིས་ན་སྐྱོན་ཡང་ཡོད་པའི་དཔེ།།
ཟག་བཅོས་ཉེར་ལེན་ཕུང་བོ་ལྔ་ཡི་སྒོ།།
ནམ་རྒྱུན་བདག་དོན་ལེགས་པོ་མ་བགྱིས་ཚེ།།
སྡིག་པ་མི་འཛད་བསག་ཉེན་ཆེ་བའི་ཕྱིར།།
སྲེད་པ་མ་ཆེ་འདོད་ཆུང་ཆོག་ཤེས་གལ།།
འདོད་ཡོན་ལྔ་ཡི་རྟ་བོར་བཅིབས་པའི་མིས།།
རྟག་ཏུ་ཆགས་ཞེན་སྲབ་ཀྱིས་མ་བསྒག་ན།།
ཉོན་མོངས་ལམ་དུ་ལྟུང་བ་བསྙོན་དུ་མེད།།
དེ་ཕྱིར་རང་སེམས་བག་མེད་གཏོང་མི་ཕོད།།
རྒྱུ་འབྲས་ལུས་དང་གྲིབ་མ་བཞིན་དུ་འགྲོགས།།
དུས་ཡུན་ག་འདྲ་འགྱངས་ཀྱང་ཆུད་མི་ཟ།།
རྣམ་སྨིན་ནམ་ཞིག་འཁོར་བ་མི་ཤེས་ཀྱང་།།
བཟང་ངན་འབྲས་བུ་སྨིན་པ་གདོན་མི་ཟ།།
སེམས་ཀྱི་དད་པ་འགྱུར་ལྡོག་མ་བྱུང་ན།།
མཆོག་གསུམ་བྱིན་རླབས་ཉེ་རིང་ཡོད་མི་སྲིད།།
གང་ལ་དད་པའི་ཨ་ལུང་ཡོད་པས་ན།།
འདྲེན་པའི་ལྕགས་ཀྱུ་ཡོད་ལ་གོར་མ་ཆག།
བཅུད་ལྡན་སྙེ་མ་མགོ་བོ་དུད་པ་བཞིན།།
ཡོན་ཏན་ཅན་གྱི་སྐྱེས་བུ་ཞི་ཞིང་དུལ།།
བཅུད་མེད་ཐན་སྙེ་མགོ་བོ་གཟེངས་པ་བཞིན།།
ཕྱི་རྫིག་ནང་སྟོང་སྐྱེ་བོ་ཁེངས་དྲེགས་ཆེ།།
ཕྱོགས་སྐྱོང་གནས་བདག་གྲགས་ཅན་ཡོད་ཚད་དང་།།
ཞིང་སྐྱོང་གནས་རི་སྲུང་མ་ཀུན་ཏུ་མཆིས།།
མཆོད་གསོལ་བགྱིས་ན་རེ་ཞིག་ཕན་ཐོགས་ཀྱང་།།
འགྲོ་བ་འདྲེན་པ་དཀོན་མཆོག་གསུམ་ལས་མེད།།
སྤྲུལ་སྐུ་རྫུན་མས་གསུང་རབ་ལོག་འཆད་འདུག།
སེར་མོ་རྫུན་མས་རྒྱུ་ནོར་གཡོ་ལེན་བྱེད།།
གྲུབ་ཐོབ་རྫུན་མས་མགོ་སྐོར་རྫུ་འཕྲུལ་སྟོན།།
འདི་རིགས་མི་ཆོས་བླ་མའི་རྫུན་ཤ་སྟག །
སངས་རྒྱས་བསྟན་པའི་གཞུང་ལུགས་འཆད་པའི་དུས།།
མ་ནོར་རྣམ་དག་གོ་སླའི་ཁྲིད་ཐབས་སྤྱོད།
གྲ་དང་གྲུ་ཟུར་མ་ཉམས་ཇི་བཞིན་དུ།།
འདོམས་པ་བླ་མ་ལེགས་པའི་མཚན་ཉིད་ལགས།།
བསླབ་པ་སློབ་གཉེར་གང་ལེགས་གནང་པའི་འབྲས།།
ལུས་ཀྱི་ཉོན་མོངས་ནད་དུག་གསོ་ཕྱིར་དང་།།
བཅོས་མིན་ཉམས་ལེན་སྨན་གསོ་རྩ་བ་ཡིན།།
གཞར་ཡང་ལྷོད་མེད་རྒྱུན་འཛིན་གང་ལས་མཆོག།
མཁས་དང་སྙན་གྲགས་སླད་དུ་མདོ་སྔགས་གཞུང་།།
སྦྱང་བརྩོན་སྤྲོ་བའི་སྐྱེ་བོ་སུ་ཡིན་རུང་།།
ལོ་བརྒྱར་འབད་ཀྱང་སྡིག་སྒྲིབ་འདག་མི་སྲིད།།
འཇིག་རྟེན་ཆོས་བརྒྱད་རིང་དུ་དོར་བར་གྱིས།།
མཉམ་མེད་འཇམ་མགོན་རྗེ་བཙུན་ཙོང་ཁ་པ།།
མི་ཕྱེད་དད་འདུན་ཟློག་མེད་མཆིས་པ་ཀུན།།
ཁོང་གི་ལམ་རིམ་སྔགས་རིམ་གཉིས་ལ་ལྟོས།།
ང་དང་མཇལ་ཀྱང་དེ་ལས་གཞན་མེད་གདམས།།
རྟག་ཆད་གཉིས་ཀྱི་གཡང་གཟར་འཇིགས་པའི་ངོར།།
མི་ལྷུང་དབུ་མའི་དྲང་བདེན་ལེགས་སྐྱོང་དང་།།
སྤྲོས་བྲལ་སྟོང་ཉིད་གནས་ལུགས་རབ་རྟོགས་ཤིང་།།
འཕགས་པའི་གང་ཟག་མཐོང་ལམ་ཐོབ་པར་ཤོག།
དྲན་ཤེས་གསལ་བའི་མེ་ལོང་ཡིད་ལ་འཛིན།།
རྟག་ཏུ་རང་ལ་ཞིབ་དཔྱོད་མ་འདོར་བར།།
ལྟ་བའི་རང་རྟོགས་ཉམས་ལེན་གོམས་པས་ན།།
དགེ་ལེགས་ལམ་དུ་འགྲོ་བ་བསྙོན་དུ་མེད།།
སྒོམ་པའི་མཐའ་མར་བདུད་རྩི་འབེབས་སྦྱངས་དང་།།
ཡང་ན་འོད་ཟེར་འབེབས་སྦྱངས་གང་བརྙེས་ཀྱང་།།
ཉོན་མོངས་དུག་གིས་སྦགས་པའི་མི་གཙང་དྲི།།
ཡོད་ཚད་ཁྲུས་བཤལ་གཙང་དག་ཡོང་བར་སྨྲ།།
དཀོར་ནག་ནོར་གྱིས་བང་མཛོད་བལྟམས་པ་དང་།།
ལྷ་འདྲེར་བརྫུས་ནས་མགོ་སྐོར་གཏོང་བ་སོགས།།
རྒྱལ་བའི་བསྟན་པ་བཤིག་པའི་ཉེས་ཅན་དེས།།
འཁོར་བའི་རྩ་བ་གཅོད་འདོད་ངལ་བའི་རྒྱུ།།
བློ་གྲོས་རྣོན་པོས་འགྲོ་ཀུན་འཇོམས་པའི་མཚོན།།
ཉིང་རྡུལ་དྲག་ཆས་ལ་སོགས་བསྐྲུན་པ་ལས།།
སེམས་ཅན་མ་ལུས་མཐར་ཐུག་ཕན་བདེའི་ལམ།།
རྣམ་འདྲེན་དམ་ཆོས་སྒོ་ལ་ཞུགས་པར་མཛོད།།
ཟག་མེད་ཡེ་ཤེས་སྤྱན་གྱི་དབང་སྟོབས་དེས།།
དགེ་སྡིག་སྤང་བླང་མ་འཛོལ་འབྱེད་པར་ནུས།།
ཟག་བཅས་ཉེར་ལེན་མིག་གི་སྲེད་པ་ཡིས།།
ཉོན་མོངས་ཡོད་ཚད་དབྱེར་མེད་ལོངས་སུ་སྤྱོད།།
སྲིད་པའི་རིགས་དྲུག་ཟོ་ཆུན་འཁོར་ལོའི་ཁྲོད།།
སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཡོལ་ཐབས་མེད།།
དེས་ན་བྱང་ཆུབ་སེམས་དཔའི་བདེ་ཆེན་ཏེ།།
ཐར་བའི་གོ་འཕང་བརྙེས་ན་ཅི་མ་རུང་།།
གཞན་གྱི་ཕུན་ཚོགས་མཐོང་ན་ཕྲག་དོག་བྱེད།།
འབྱོར་བ་མངའ་ཐང་ཅན་ལ་བརྣབ་སེམས་འཆིང་།།
གཞར་ཡང་འགྲན་སེམས་མེ་ལྕེ་འཕྱུར་བའི་མི།།
བསམ་དོན་ཅི་ཡང་མི་འགྲུབ་བླ་མས་གསུངས།།
རང་སྐྱོན་རི་རབ་ལྟ་བུ་རྒྱབ་ཏུ་བསྐྱུར།།
གཞན་སྐྱོན་ཏིལ་འབྲུ་ཙམ་ཀྱང་སྨྲ་བར་སྤྲོ།།
རང་སེམས་མ་བཏུལ་གཞན་སེམས་འདུལ་འདོད་ཅན།།
རྒྱལ་བའི་གསུང་དང་འགལ་བ་སྨྲས་མ་དགོས།།
ངག་ལས་ནམ་རྒྱུན་མ་ཎི་ཡིག་དྲུག་ཟློ།།
ལག་ཏུ་འབྲལ་མེད་བ་སོ་ཕྲེང་བ་བགྲང་།།
ལས་འབྲས་གནས་ལུགས་ཙམ་ཀྱང་མ་བརྩི་ན།།
ཕྱི་ཚུལ་བཅོས་ནས་རང་ལ་ཅི་ཞིག་ཕན།།
གླང་ཆེན་སྨྱོན་པ་ལྕགས་ཀྱུ་ཕྲ་མོ་ཡིས།།
བཏུལ་ལ་མཛད་བཞིན་རྐང་གཉིས་རྒོད་པོའི་སེམས།།
མཉམ་མེད་རྒྱལ་བའི་གསུང་རབ་རྣོ་དབལ་གྲིས།།
དམ་ལ་འདོགས་པ་ཚམ་ཚོམ་སྤུ་ཙམ་མེད།།
སྟག་མོ་ལུས་སྦྱིན་སྙིང་སྟོབས་ཀུན་ལས་མཆོག།
ཐོགས་མེད་ལགས་ཀྱི་སྡུག་རུས་སྲིད་ན་དཀོན།།
སྲོག་ཆགས་སྤུན་བཞིའི་འཆམ་མཐུན་མིག་གི་དཔེ།།
དྲི་མེད་ཀུན་ལྡན་གཏོང་ཕོད་ཕ་རོལ་ཕྱིན།།
འདམ་ལས་སྐྱེས་ཀྱང་དྲི་མས་མ་སྦགས་པ།།
ཆུ་སྐྱེས་པདྨའི་རང་བཞིན་མངོན་པ་ལྟར།།
བླ་མ་དམ་པ་འཁོར་བའི་ཉོན་སྒྲིབ་ཀློང་།།
འཁྲུངས་ཀྱང་ཉེས་དམིགས་སྐྱོན་གྱིས་མ་གོས་རྨད།།
ནོར་འཛིན་སྒེག་མོའི་ཡིད་འཕྲོག་ཆུ་སྐྱེས་ཀུན།།
ལྷན་གཅིག་བསྡུས་ནས་དྲིན་ཅན་བླ་མ་མཆོག།
གདུལ་བྱའི་གུས་ཕྱིར་ཁྱེད་ལ་སྙིང་ནས་འབུལ།།
སྐུ་ཚེ་རྒྱལ་མཚན་རྟག་བརྟན་སྨོན་འདུན་ཞུས།།
ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་འདི།།
དཔྱིས་ཕྱིན་རྒྱུད་ལ་འབྱོར་བ་ཡོད་རེ་སྐན།།
དེས་ན་དབུ་སྐྲ་དཀར་བའི་དུས་སྐབས་སུ།།
ཐོས་བསམ་སྒོམ་གསུམ་མཐར་ཕྱིན་དེ་བས་དཀའ།།
ཁོ་བོས་ནང་ཆོས་རྒྱ་མཚོ་ཆུ་གཏེར་ལས།།
འབད་པས་སྦྱངས་པའི་ཤེས་རྟོགས་ཆུ་ཐིགས་ཙམ།།
ཀུན་གྱི་སྤྱན་ཟུང་མདུན་དུ་འགྱེད་པ་ལས།།
ལྟར་སྣང་འཁྲུལ་ནོར་མཆིས་པ་གདོན་མི་ཟ།།
དེ་ཡང་མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས།།
ཀུན་ནས་ཕྱུག་པའི་རྣམ་དཔྱོད་བློ་གྲོས་ཅན།།
ཁྱེད་ཚོའི་ཀུན་སློང་བཅོས་མིན་རྣམ་དག་གིས།།
གཟུར་གནས་དགོངས་འཆར་ལྷུག་པར་སྩོལ་པར་སྨོན།།
ཞེས་གོང་ཞུས་ནང་ཆོས་སློབ་གཉེར་གྱི་ཤེས་རྟོགས་ཏོག་ཙམ་བཀོད་པ་འདི་ནི་མཉམ་མེད་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་དང་འབྲེལ་ཡོད་ཀྱི་ཆོས་དཔེ་དག་བཀླགས་པའི་འབྲས་བུ་ཡིན་ཞིང་། དེ་མིན་དྲིན་ཅན་རྩ་བའི་བླ་མ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གི་རྗེའི་ལམ་རིམ་ཆེན་མོ་རྒྱས་ཁྲིད་ཀྱི་སྒྲ་དང་མང་རྫོང་ཀླུ་ཚང་དགོན་པའི་དགེ་བཤེས་བཀའ་དྲིན་ཅན་ཨ་ཁུ་རྒྱ་གྲོལ། རོང་བོ་དགོན་པའི་དགེ་བཤེས་རྟོག་གྲོལ་ཡོན་ཏན་རྒྱ་མཚོ་སོགས་ཀྱི་གསུང་བའི་རྗེའི་ལམ་རིམ་ཆེན་མོའམ་སྐྱབས་འགྲོ་བཅས་པའི་འཆད་ཁྲིད་ཀྱི་སྒྲ་ལ་ནན་ཏན་གྱིས་ཡང་ཡང་ཉན་པའི་འབྲས་བུ་འབའ་ཞིག་ཡིན་པས་འདིར་དམིགས་བསལ་གྱིས་ཁོང་རྣམ་པར་ལྷག་བསམ་རྣམ་དག་གིས་དད་པའི་མགོ་བོ་བསྒུར་ཅིང་ཐལ་མོ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞེས་ཞུའོ།། བཀྲ་ཤིས་བདེ་ལེགས་ཤོག
༢༠༢༣ལོའི་ཟླ་༤ཚེས༡༥ཉིན་དོན་ལྔའི་རྒན་པོ་གཅོད་པ་དོན་གྲུབ་ཀྱིས་གནའ་མཁར་ཟི་ལིང་རང་ཤག་ཏུ་བདེ་བླག་ངང་མཇུག་གྲུབ་པ་དགེའོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn