བཀའ་གདམས་རྙིང་མའི་སྐོར་གླེང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-21 18:08:20     རྩོམ་པ་པོ།   མགར་རྒད་པོས།    ཀློག་ཐེངས།  

  བོད་ཀྱི་རྒྱལ་རྒྱུད་ཀྱིས་བོད་བསྟན་དག་ཐེར་ཐད་སྤྱན་དྲངས་པའི་རྒྱ་གར་པཎ་གྲུབ་རྩོད་མེད་ཉག་ཅིག་ནི་ཨ་ཏི་ཤ་ཡིན་ཞིང་། ཨ་ཏི་ཤའི་གསུང་ནང་ཡང་བོད་སྔ་རབས་པའི་གསུང་ཚུལ་ཡོད་མོད། འོན་ཀྱང་བོད་ཀྱི་བསྟན་པ་དང་ལྟ་བའི་འཁྲུལ་སེལ་ཆེད་བརྩམས་པའི་ལེགས་བཤད་ཉག་ཅིག་ནི་ལམ་སྒྲོན་ཡིན་པར་གསལ། རྗེའི་ལམ་རིམ་ཡང་དེའི་འབྲེལ་བ་འམ། དེ་རྒྱ་བསྐྱེད་པ་ཙམ། མ་གཏོགས་རྗེ་རང་ཉིད་ལ་ལྟ་བ་གསར་བ་ཞིག་ཁྱོན་ནས་ཡོད་མི་སྲིད། རྗེ་བདག་ཉིད་ཆེན་པོས་བོད་ཀྱི་བསྟན་པ་ལ་དག་ཐེར་བྱེད་བསམ་ནས། བཀའ་བརྒྱུད། རྙིང་མ། ཇོ་ནང་། ས་སྐྱ། བཀའ་གདམས། བུ་ལུགས་སོགས་ཀྱི་རིས་མེད་བླ་མ་མང་པོ་བསྟེན་པ་དང་། ཐ་ན་གྲོང་སྔགས་ལ་སོགས་པ་འང་བསྟེན་ཡོད་པར་སྙམ། རྣམ་ཐར་དུ། ཞ་ལི་རི་ཁྲོད་དུ་དབུ་རྒྱན་སྣ་ཚོགས་སྤྲས་པའི་གསང་བ་སྔགས་ཀྱི་གཏེར་མཛོད་སྔགས་འཆང་ཁྱུང་པོ་ལྷས་པའི་དྲུང་དུ་རྒྱུད་སྡེ་འོག་མ་རྣམས་ཀྱི་དབང་ཡོངས་སུ་གསན་ཞེས་དང་། སྡེ་ཆེན་ཆོས་ཀྱི་དཔལ་བའི་དྲུང་ནས་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་བསྟོད་འགྲེལ། ནཱ་རོ་འགྲེལ་ཆེན། ཡོ་གའི་རྩ་རྒྱུད་དེ་ཉིད་བསྡུས་པ་སོགས་གསན་ཞེས་པས་གོ་རྒྱུ་མང་པོ་ཡོད། ཡིན་ན་འང་བོད་ཀྱི་མཁས་དགུའི་ལེགས་བཤད་ཟིལ་གྱིས་གནོད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་ནི་བོད་སྔ་རབས་པའི་ལྟ་བ་ཇི་བཞིན་བརྩམས་ཡོད་ཕྱིར་རིས་མེད་བསྟན་འཛིན་ཀུན་ཀྱིས་བོད་སྔ་རབས་པའི་ལྟ་དགོངས་ཀྱི་ཚད་གཞིར་འཇོག །སྤྱིར་བོད་ལ་ལྟ་བ་གསུང་ལུགས་སྣ་ཚོགས་ཤིག་ཡོད་མོད། ཡིན་ན་འང་། ལྟ་བ་རྣམ་དག་ཡིན་མིན་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ལ་མཐུན་མིན་གྱིས་འཇོག་དགོས་པ་ཨ་ཏི་ཤས་བསྟན། རྒྱ་གར་རང་ལ་མཚོན་ན་འང་ནང་པའི་སྤྱི་ཁྱབ་ཀྱི་ལྟ་བ་འཛིན་ལུགས་དེ་ག་རང་ཡིན་ཚོད་རེད། ད་ལྟ་སླར་གསོས་བྱེད་བཞིན་པའི་ན་ལེཎྜའི་སྒོ་ཁར་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་བསླངས་ཡོད་ཚུལ་ཐོས། ནང་པའི་སྤྱི་ཁྱབ་ཀྱི་ལྟ་བ་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ཡིན་དགོས་ཟེར་བ་མ་གཏོགས། ནང་པར་བྱེ་བྲག་གི་ལྟ་བ་སྣ་ཚོགས་པ་ཞིག་ཡོད་མི་ཆོག་ཟེར་བ་མིན་ལ། ཐ་ན་ནང་པར་རྣམ་ཤེས་ཀྱི་རྒྱུན་ཆད་ཆོག་པར་འདོད་པའི་བྱེ་མདོ་གཉིས་ལྟ་བུའི་ལྟ་དགོངས་ཀྱང་བྱུང་མྱོང་ཡོད། གང་ལྟར་རྗེ་བདག་ཉིད་ཆེན་པོའི་རྗེས་ནས་བཟུང་བཀའ་གདམས་རྙིང་མའི་ཕྱག་སྲོལ་ནི་འཇའ་ཡལ་བ་ལྟ་བུར་སོང་པའི་སྣང་བ་ཞིག་སྟེར། དེང་སྐབས་བཀའ་གདམས་རྙིང་མར་དགོན་མིང་ཙམ་རེ་ཡོད་པ་མ་གཏོགས། དོན་གྱིས་དགོན་པ་དེ་དག་གི་ཕྱག་ལེན་ནི་རི་བོ་དགའ་ལྡན་པའི་ཕྱག་ལེན་དུ་གྱུར་ཚར་བའི་སྣང་བ་ཞིག་སྟེར། ཐ་ན་མ་དགོན་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ལྟ་བུར་མཚོན་ན་འང་རི་བོ་དགེ་ལྡན་པའི་ཕྱག་ལེན་དུ་གྱུར་ཚར་བའི་སྣང་བ་ཞིག་སྟེར། གལ་ཏེ་མི་ཞིག་གིས་བཀའ་གདམས་གསར་རྙིང་གི་ཁྱད་པར་སྟབས་བདེ་ཞིག་ཤོད་ཟེར་ན། འདི་ལྟ་སྟེ། རི་ཁྲོད་མྱོང་ཐོག་ལ་འཁྱེར་མཁས་པ་བཀའ་གདམས་རྙིང་མ་བ། གཞུང་ལུགས་མཐའ་རྒྱ་གཅོད་པ་ལ་མཁས་པ་བཀའ་གདམས་གསར་མ་བ། ལྷག་པར་རྩོད་གྲྭ་ལྟ་བུ། ད་དུང་ཤིན་ཏུ་མང་པོའི་ཕྱོགས་ན་བཤད་རྒྱུ་ཡོད་མོད། ཚིག་གཉིས་ཀྱིས་བསྡུ་ན་དེ་ཙམ་གྱིས།

                            ༡

  དེས་ན་འདིར་སྤྲོ་འདོད་པ་བཀའ་གདམས་རྙིང་མའི་སྐོར་ཕྲན་ཚེགས་ཙམ་གླེང་རྒྱུ་དེ་ལགས། བཀའ་གདམས་རྙིང་མ་ནི་ཨ་ཏི་ཤས་དབུ་བཙུགས། འབྲོམ་སྟོན་པས་སྲོལ་ཕྱེས། པོ་ཏོ་སྐུ་མཆེད་གསུམ་གྱིས་རྒྱ་ཆེར་བཏང་། གླང་ཤར་གཉིས་ཀྱིས་ཕྱོགས་མཐར་བསྐྱལ། འཆད་ཁ་པ་སོགས་ཀྱིས་ས་ཁྱབ་རྡོ་ཁྱབ་ཏུ་བཏང་། དེ་ནས་བཟུང་རྒྱ་ནག་པོའི་ཡུལ་དུ་འང་དགེ་འདུན་གྱི་སྡེ་ནི་བཀའ་གདམས་པ་ཆེ་ཞེས་པའི་སྙན་པ་བྱུང་། ཡིན་འང་ད་ལྟ་བཀའ་གདམས་རྙིང་མ་ནི་ཉིན་མོའི་སྐར་མ་ཙམ་དུ་གྱུར་ཚར། བཀའ་གདམས་རྙིང་མའི་ཕྱག་སྲོལ་ནི་བོད་ཀྱི་གྲུབ་མཐའ་ཐམས་ཅད་འགལ་མེད་འོང་བ་ཞིག་གི་སྟེང་བྱུང་ཡོད་ཕྱིར། ད་ལྟ་རི་བོ་དགའ་ལྡན་པས་གཙོས་གྲུབ་མཐའ་ཐམས་ཅད་ཀྱི་ནང་ཐར་ཐོར་དུ་གནས།

                                ༢

  བཀའ་གདམས་པའི་གཞུང་ལ། བཀའ་གདམས་གཞུང་པ་བས། ཆེ་ས་ནས་རྒྱ་གཞུང་རྩོད་མེད་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་རྒྱ་གཞུང་བསྟན་བཅོས་ཡོད་དོ་ཅོག་གི་ཡི་གེ་སྣ་གཅིག་ཀྱང་མ་ཆད་པར་བཟང་ངན་འདོར་ལེན་མེད་པར་བལྟ་དགོས། དེར་བལྟ་མི་ནུས་ན་བཀའ་གདམས་གཞུང་དྲུག་ལ་བལྟས་པས་ཆོག །བཀའ་གདམས་གཞུང་དྲུག་ནི། དད་པའི་གཞུང་། སྐྱེས་རབས་སོ་བཞི་བ་དང་ཆེད་དུ་བརྗོད་པའི་ཚོམས་གཉིས། སྤྱོད་པའི་གཞུང་། སླབ་བཏུས་དང་སྤྱོད་འཇུག་གཉིས། ཏིང་ངེ་འཛིན་གྱི་གཞུང་། བྱང་ཆུབ་སེམས་དཔའི་ས་དང་མདོ་སྡེ་རྒྱན་གཉིས་བཅས་སོ། དེ་ཙམ་ཡང་བལྟ་མི་ནུས་ན། ལྟ་བ་གཙོ་བོར་སྟོན་པ་ཨ་ཏི་ཤས་མཛད་པའི་བདེན་གཉིས་ལ་འཇུག་པ་དང་དབུ་མའི་མན་ངག་གཉིས་དང་། སྤྱོད་པ་གཙོ་བོར་སྟོན་པ། སྤྱོད་བསྡུས་སྒྲོན་མེ་དང་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་གཉིས། ལྟ་སྤྱོད་གཉིས་ཀ་གཙོ་བོར་སྟོན་པ། བྱང་ཆུབ་ལམ་སྒྲོན་དང་བྱང་སེམས་ནོར་བུའི་ཕྲེང་བ་བཅས་ལ་བལྟས་པས་ཆོག །དེ་ཙམ་ཡང་བལྟ་མི་ནུས་ན། ལྟ་སྒོམ་སྤྱོད་གསུམ་ཆ་ཚང་སྟོན་པའི་གཞུང་། དཔེ་དོན་གཉིས་ཕྱོགས་གཅིག་ཏུ་བསྡུས་པ་པོ་ཏོ་བའི་གསུང་དཔེའི་ལམ་རིམ་དཔེ་ཆོས་རིན་ཆེན་སྤུངས་བ་དགེ་བཤེས་བྲག་དཀར་བས་མཛད་པ་དང་པོ་ཏོ་བའི་གསུང་དོན་གྱི་ལམ་རིམ་བེའུ་བམ་སྔོན་པོ་དགེ་བཤེས་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་གཉིས་ལ་བལྟས་པས་ཆོག །དེ་ཙམ་ཡང་བལྟ་མི་ནུས་ན། དབུས་ཀྱི་ཉི་མ་ལྟ་བུའི་དགེ་བཤེས་གླང་རི་ཐང་བའི་བློ་སྦྱོང་ཚིགས་བརྒྱད་མ་དང་ཐོ་རངས་སྐར་ཆེན་ལྟ་བུའི་དགེ་བཤེས་བྱང་སེམས་འཆད་ཀ་པའི་བློ་སྦྱོང་དོན་བདུན་མར་བལྟས་པས་ཆོག །དེ་ཙམ་ནི་བཀའ་གདམས་གྲུབ་མཐའི་ཕྱི་མོ་ལྟ་བུའི་གཞུང་གི་སྟེང་ནས་བཤད་པ་ཡིན། དེ་མིན་རྒྱུན་པར་ཞ་ཞོར་རམ་གང་འདོད་དུ་བལྟ་ན། གཙོ་བོའི་སྐོར། མདོ་སྡེ་ཕལ་མོ་ཆེ། རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་བ། རིན་ཆེན་ཕྲེང་བ། ཇོ་བོའི་ཆོས་སྐོར་གཞན་དག་ཆོས་ཆུང་བརྒྱ་རྩའི་ནང་འདུ་བ་དེ་དག་དང་། སྤྱན་སྔ་བ་ནས་བརྒྱུད་པའི་བདེན་བཞིའི་ཁྲིད། ཕུ་ཆུང་བ་ནས་བརྒྱུད་པའི་རྟེན་འབྲེལ་གྱི་ཁྲིད། རྣལ་འབྱོར་བ་ཆེན་མོ་ཨ་མེས་བྱང་ཆུབ་རིན་ཆེན་ནས་བརྒྱུད་པའི་བདེན་གཉིས་ཀྱི་ཁྲིད། བླ་མ་ངྷརྨ་རཀྵི་ཏས་མཛད་པའི་བློ་སྦྱོང་མཚོན་ཆའི་འཁོར་ལོ་དང་བློ་སྦྱོང་རྨ་བྱ་དུག་འཇོམས། བླ་མ་བྱམས་པའི་རྣལ་འབྱོར་གྱིས་མཛད་པའི་གྱེར་སྒོམ་རྡོ་རྗེའི་གླུ། བླ་མ་གསེར་གླིང་པས་མཛད་པའི་བྱང་ཆུབ་སེམས་དཔའི་རིམ་པ་དང་བློ་སྦྱོང་རྟོག་པ་འབུར་འཇོམས། གླང་རི་ཐང་བའི་བློ་སྦྱོང་ཚིགས་བརྒྱད་མའི་འགྲེལ་ལྟ་བུ་ཁོང་གི་སློབ་མ་དགེ་བཤེས་ཞང་ཀ་མ་བ་དང་། གཉན་སྣ་མོ་བ། དགེ་བཤེས་ཤ་བོ་སྒང་བ་པདྨ་བྱང་ཆུབ་གསུམ་གྱི་མན་ངག་འདྲེས་མར་བཀོད་པ་བེའུ་བམ་ཁྲ་བོ། དགེ་བཤེས་ཁམས་ལུང་པས་ཕྱོགས་བསྒྲིགས་མཛད་པའི་བློ་སྦྱོང་ཐུན་བརྒྱད་མ། དགེ་བཤེས་ཁ་རག་སྒོམ་ཆུང་པས་མཛད་པའི་ཁ་རག་སྐོར་གསུམ། དེ་མིན་བཀའ་གདམས་སྐྱེས་བུ་རྣམས་ཀྱིས་གསུང་སྒྲོས་ཐོར་བུ། གཞན་ཕྱིས་ཀྱི་རྗེས་འཇུག་བཀའ་གདམས་མཁས་པ་རྣམས་ཀྱི་གསུང་ཅི་རིགས་ཡོད། གང་ལྟར་སྐྱ་སེར་ཕོ་མོ་རིས་སུ་མ་ཆད་པར་མྱོང་ཐོག་ཏུ་ཧ་ཅང་འཁྱེར་བདེ་བའི་བཀའ་གདམས་པའི་ལེགས་བཤད་ཉག་ཅིག་དང་སྤྱི་ཆིངས་ལྟ་བུ་ནི་བཀའ་གདམས་པའི་ཕ་རྒན་འབྲོམ་སྟོན་པའི་མི་ཆོས་གནད་ཀྱི་ཕྲེང་བ་ཡིན། གོང་གི་དེ་དག་ཐམས་ཅད་ལ་བལྟ་མི་ནུས་ན། ཨ་ཕོ་ང་རང་གིས་བྲིས་པའི་བཀའ་གདམས་ཅེས་པའི་དེབ་ཤོག་ངོས་ལྔ་བརྒྱའི་བདག་ཉིད་ཅན་ཞིག་ཡོད་པར་བལྟས་ན། བཀའ་གདམས་གསུང་རྩོམ་དེབ་སུམ་ཅུ་ལྷག་དང་ཟུར་ལྟའི་དེབ་ཉི་ཤུར་ཉེ་བ་ཞིག་གི་སྙིང་བོའི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུ་ཁུལ་བྱས་ཡོད་པར་མ་ཟད་ཧ་ཅང་གོ་སླ་བ། ད་སྐབས་མིའི་བློར་ཅི་འཚམས་གྱིས་ཚིག་ཐུང་རེའི་ནང་དོན་སྣ་ཚོགས་པ་ཞིག་ཐོར་བུའི་ཚུལ་གྱིས་བསྡུས་ཡོད། དེར་བལྟས་ན་བཀའ་གདམས་པའི་གཞུང་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་སྙམ་པའི་བློ་གདེང་ཡོད།

                              ༣

  བཀའ་གདམས་སྐྱེས་བུ་རྣམས་ཀྱི་མེས་པོ་ནི་ཨ་ཏི་ཤ་ཡིན་ཞིང་། ཕ་ནི་ཐུགས་སྤྱོད་མཁའ་དང་མཉམ་པའི་དགེ་བཤེས་འབྲོམ་སྟོན་རྒྱལ་པའི་དབང་པོ་ཡིན། བུ་ནི་འབྲོམ་གྱི་སྐུ་གསུང་ཐུགས་ཀྱི་ཞུན་མ་ནང་ཐུགས་ཀྱི་སྤུན་མཆེད་གསུམ་སྟེ། དགེ་བཤེས་པོ་ཏོ་བ། ཕུ་ཆུང་བ། སྤྱན་སྔ་བ་གསུམ་དང་། ཚ་བོ་ནི་དབུས་ཀྱི་ཉི་ཟླ་ལྟ་བུའི་དགེ་བཤེས་རྣམ་གཉིས་གླང་རི་ཐང་པ་དང་ཤ་ར་བ་རྣམ་གཉིས། ཡང་ཚ་ནི་ཐོ་རེངས་སྐར་ཆེན་ལྟ་བུའི་དགེ་བཤེས་བྱང་སེམས་ཤ་ར་བ་སོགས་དང་། ཡང་ཚའི་ཡང་ཚ་སྐར་ཚོགས་ལྟ་བུ་ནི། ཚེ་སྟོད་ཇག་རྐུན་ཚེ་སྨད་དགེ་སློང་རྣམ་ཅན་འབན་གུང་རྒྱལ་ལྟ་བུ་སོགས་མཐའ་ཡས་སོ། མདོར་ན་ནམ་མཁའི་ཁམས་ལྟ་བུའི་དགེ་བཤེས་ནི་འབྲོམ་སྟོན་པ། ཉི་ཟླ་ལྟ་བུའི་དགེ་བཤེས་ནི་དབུས་ཀྱི་གླང་ཤར་གཉིས། ཐོ་རེངས་སྐར་ཆེན་ལྟ་བུའི་དགེ་བཤེས་ནི་འཆད་ཀ་བ། སྐར་ཚོགས་ལྟ་བུའི་དགེ་བཤེས་ནི་འབན་གུང་རྒྱལ་སོགས་ཡིན། བཀའ་གདམས་པའི་དགེ་འདུན་གྱི་སྡེ་ལ། སྐྱ་སེར་གཉིས་ཡོད། ངུར་སྨྲིག་འཆང་བ་ཁོ་ན་ཡིན་མི་དགོས། སྐྱ་བོར་མཚོན་ན་སྐྲ་ཡོངས་རྫོགས་མི་གཞར་བ་ཁམས་སྐྲ་སྐྱུར་ལུགས་དང་། མགོ་རེག་བྱེད་པ་སོགས་ཅི་རིགས་ཡོད་ཆོག །གོས་ལ་གཙོ་བོ་ལྗང་སྔོན་དང་སེར་པོ་སོགས་ཅི་རིགས་ཡོད་ཆོག །འབྲོམ་རང་གི་སྣང་བརྙན་ལྟར་ན། སྐྲ་རིང་པོ། གོས་སྔོ་ནག་མནབས་སྲོལ་ཡིན།

                           ༤

  བཀའ་གདམས་གོང་མ་ལ་གོ་བ་གཉིས་ཡོད། དགེ་བཤེས་སྤྱན་སྔ་བ་ནས་བརྒྱུད་པའི་བཀའ་གདམས་མན་ངག་པ་དང་། དགེ་བཤེས་པོ་ཏོ་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པ་བ་གཉིས་ལ་གོ་དགོས་པ་ཞིག་དང་། རྗེ་རིན་པོ་ཆེའི་ཡན་གྱི་བཀའ་གདམས་རྙིང་མར་གོ་དགོས་པ་ཞིག་ཡོད། བཀའ་གདམས་གླེགས་བམ་ཞེས་པ། ཇོ་བོས་བཛད་པའི་བྱང་སེམས་ནོར་བུའི་ཕྲེང་བ་ལ་གོ་དགོས་པ་ཞིག་དང་། གཞན་བཀའ་གདམས་ཕ་ཆོས་འབྲོམ་སྟོན་པས་ཇོ་བོར་ཞུས་ཤིང་གསུང་པའི་ཇོ་བོའི་རྣམ་ཐར་དང་། བཀའ་གདམས་བུ་ཆོས་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡང་དྲུང་རྣམ་གཉིས་ཀྱིས་ཇོ་བོར་ཞུས་པའི་འབྲོམ་གྱི་རྣམ་ཐར་གཉིས་ལ་གོ་བ་ཞིག་ཡོད། བཀའ་གདམས་ཕ་ཆོས་དང་བུ་ཆོས་གཉིས་ཐོག་མར་ཕྱོགས་བསྒྲིགས་གནང་མཁན། རྔོག་ལེགས་པའི་ཤེས་རབ་ཡིན་གསུངས།

                            ༥

  བཀའ་གདམས་བརྒྱུད་པ་གསུམ། པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པར་བཀའ་གདམས་གཞུང་པ་བ། སྤྱན་སྔ་བ་ནས་བྱ་ཡུལ་བ་ལ་བརྒྱུད་པར་བཀའ་གདམས་གདམས་ངག་པ་འམ་བཀའ་གདམས་མན་ངག་པ། དགོན་པ་བ་ནས་སྣེའུ་ཟུར་བར་བརྒྱུད་པར་བཀའ་གདམས་ལམ་རིམ་པ་བཅས་སོ། །རྗེ་རིན་པོ་ཆེ་ལ་བཀའ་གདམས་གཞུང་པ་བ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་ནས་བརྒྱུད་པ་དང་། བཀའ་གདམས་མན་ངག་དང་ལམ་རིམ་གཉིས་རྙིང་མའི་སློབ་དཔོན་ཆེན་མོ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནས་ཐོབ། བཀའ་གདམས་གོང་འོག་ཟེར་བ་ནི། གདན་ས་གོང་མ་རྭ་སྒྲེང་གི་བརྒྱུད་པ་དང་། རྭ་སྒྲེང་གི་འོག་ན་ཡོད་པའི་རོང་པ་ཕྱག་སོར་པའི་གདན་ས་ནས་བརྒྱུད་པ་གཉིས་ལ་ཟེར། །

                              ༦

  བཀའ་གདམས་ཆོས་འབྱུང་ལ། དབུས་པ་བློ་གསལ་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་། པཎ་ཆེན་ཡེ་ཤེས་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་། པཎ་ཆེན་བསོད་གྲགས་ཀྱིས་མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། པཎ་ཆེན་བསོད་གྲགས་ཀྱི་རྩ་བའི་བླ་མ་རྩེད་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་བཅས་སོ། །

                           ༧

  བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཟེར་རྒྱུ་དེ། ཇོ་བོ་ནས་བརྒྱུད་པའི་བཀའ་གདམས་ཀྱི་ཆོས་སྐོར་བཅུ་དྲུག་བརྩི་རྒྱུ་ཡོད་པ་ལ་ཟེར། གྲུབ་མཐའ་རིས་མེད་ལ་དར་ཆེ། གྲུབ་མཐའ་གཞན་དག་ལ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་དཀྱིལ་དབང་མཆོག་དང་བཅས་པ་ཐུགས་རྗེ་རྣམ་པར་རོལ་བའི་རྒྱན་གྱི་སྟེང་ནས་གནང་སྲོལ་ཡོད། དགེ་ལྡན་པས། ལྔ་བ་ཆེན་མོ་དང་། འཇམ་དབྱངས་བདེ་བའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱི་གསུང་རྩོམ་སྟེང་གནང་གི་ཡོད། འདིའི་ཉམས་ལེན་གཙོ་བོ་མདོར་བསྡུས་ན་རྗེས་དྲན་ལྔ་སྟེ། བླ་མ་རྗེས་དྲན་གྱི་བླ་མའི་རྣལ་འབྱོར། རང་ལུས་ལྷའི་རང་བཞིན་དུ་སྒོམ་པ། ངག་སྔགས་ཀྱི་བཟླས་བརྗོད་དང་མི་འབྲལ་བ། སེམས་ཀྱི་གནས་ལུགས་རང་བཞིན་སྟོང་ཉིད་དུ་སྒོམ་པ། ཆོས་ཐམས་ཅད་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བཅས་སོ། །བཀའ་གདམས་སྒྲོལ་མ་བཅུ་གཉིས་ཟེར་རྒྱུ་དེ་དོན་གྱིས་འཁོར་ལོ་བདེ་མཆོག་གི་སྙིང་བོ་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ཡིན་པར་བཤད། དེ་དག་ལ་བཀའ་གདམས་པ་རང་གི་མཚན་གསོལ་སྲོལ་ཡོད།

                             ༨

  བཀའ་གདམས་པའི་ལྷ་ཆོས་བདུན་ལྡན་ཟེར་བ་དེ། བསྟན་པའི་བདག་པོ་སྟོན་པ་དང་། ཞི་བའི་ལྷ་ཐམས་ཅད་གཅིག་ཏུ་འདུས་པ་སྤྱན་རས་གཟིགས། ཁྲོ་བོའི་ལྷ་ཐམས་ཅད་གཅིག་ཏུ་འདུས་པ་མི་གཡོ་བ། ལྷ་མོ་ཐམས་ཅད་དང་བར་ཆད་སེལ་བའི་ལྷ་ཐམས་ཅད་གཅིག་ཏུ་བསྡུས་པ་རྗེ་བཙུན་སྒྲོལ་མ། བཀའ་གདམས་ལྷ་བཞིའི་ཁྲིད་ཀྱང་ཡོད། རྟེན་ལ་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། བཀའ་གདམས་མཆོད་རྟེན། བཀའ་གདམས་དར་ཆེ་སྐབས་ཀྱི་བལ་བོད་བཟོ་བོས་བཟོས་པའི་ལི་དཀར་དམར་ཁྲ་གསུམ་གྱི་སྐུ་བརྙན་སོགས་མང་། ཆོས་གསུམ་ཟེར་དུས། ལྟ་བའི་སྐོར་རྒྱས་པར་སྟོན་པ་མངོན་པའི་སྡེ་སྣོད། སྒོམ་པའི་སྐོར་རྒྱས་པར་སྟོན་པ་མདོ་སྡེའི་སྡེ་སྣོད། སྤྱོད་པའི་སྐོར་རྒྱས་པར་སྟོན་པ་འདུལ་བའི་སྡེ་སྣོད་བཅས་སོ།

                             ༩

  ད་ལྟ་དགོན་པའི་སྐོར། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས། བྲག་ཡེར་བ། ཕ་བོང་ཁ། སྣར་ཐང་། གསང་ཕུ་ནེའུ་ཐོག །སྙེ་ཐང་སོགས་ཡོད་མོད། དངོས་སུ་སོང་ནས་བལྟས་ན། དོན་གྱིས་རི་བོ་དགེ་ལྡན་པའི་འཆད་ཉན་དང་ཕྱག་སྲོལ་དུ་གྱུར་འདུག་སྙམ་པ་བྱུང་། མ་འོངས་པར་བོད་འདིར་གནས་གང་ཞིག་ཏུ་བཀའ་གདམས་རྙིང་མ་བའི་འཆད་ཉན་སློབ་ཁྲིད་ཕྱག་སྲོལ། མི་རྟག་སྐྱོ་ཤོས་དང་། སྐྱབས་འགྲོ །ལས་འབྲས། བྱང་ཆུབ་ཀྱི་སེམས་སོགས་ནས་བསླབ་པ་དོན་གཉེར་གྱི་མགོ་རྩོམ་ཚུལ་དང་། ཞིབ་འཇུག་ཡོད་ས་ཞིག་གསོ་ཐུབ་པའི་སྐལ་བ་ལྡན་པར་སྨོན་ལམ་སྙིང་ནས་འདེབས། །

                              ༡༠

  བཀའ་གདམས་སྐྱེས་བུ་རྣམས་ཀྱི་མཛད་སྤྱོད་སྤྱིའི་སྡོམ་ནི། ཆོས་འབྱུང་གསལ་བའི་སྒྲོན་མེ་སོགས་ནས་འབྱུང་བ་ལྟར། གང་ཟག་ཕུན་སུམ་ཚོགས་པར་གཤིས་རྒྱུད་དང་མི་རྒྱུད་བཟང་ཞིང་རང་བཞིན་བརྟན་པ། སེམས་ཅན་རིས་མེད་ལ་སྤྱི་སྙོམས་ཆེ་ཞིང་ཁོག་རྒྱ་ཡངས་པ། གྲུབ་མཐའ་དང་རྣམ་ཐར་ཀུན་ལ་སྙོམས་ཤིང་མི་མཐུན་པ་མེད་ལ་རང་ཚུགས་ཟིན་པ། ཐེག་པ་ཆེ་ཆུང་ཀུན་ལས་ཡི་གེ་སྣ་གཅིག་ཀྱང་འདོར་རྒྱུ་མེད་པར་གདམས་ངག་ཏུ་གོ་བ། སེམས་ཅན་སུ་ཡིན་ཡང་བསྲེ་བསླད་ཆུང་ཞིང་ཐམས་ཅད་ལ་ཕན་སེམས་ཆེ་བ། ཆོས་ལ་མཐོ་སྙེག་དང་ཁ་ཕོ་མི་ཆེ་བར་ལམ་གྱི་རིམ་པ་ལྟར་ས་ལམ་མཐར་ཕྱིན་པར་བྱེད་པ། སྡུག་དུས་སྐད་ངན་མི་འདོན་ཞིང་སྐྱིད་དུས་ང་རྒྱལ་ཆུང་ཞིང་མི་རྟག་སྐྱོ་ཤས་ཆེ་བ། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ཡང་དོན་གྱི་ས་ཆོད་ཆེ་ལ་ཚིག་རྐང་རེ་རེས་ཀྱང་གདམས་ངག་ཟབ་མོ་སྟོན་པ། འཚོ་བ་ངན་ངོན་ལ་གནས་ཀྱང་སྐྱིད་སྣང་ཆེ་བ། བཟང་རྒུ་སྤྱད་ཀྱང་དམ་པའི་ལྷ་ཆོས་ལ་རྣམ་གཡེང་མི་བྱེད་པ། གསུང་ཐམས་ཅད་གོ་སླ་ཡང་དཔྱད་ན་གཏིང་མི་དཔོག་པ། འགྲོགས་བདེ་ཞིང་མིག་མི་ཁེངས་པ། བཀུར་ན་བདེ་ཞིང་འཚེར་སྣང་མི་དགོས་པ། བརྟན་ཅིང་བརྗིད་ཆེ་བ། སྙན་ངག་ཤས་ཆུང་ཞིང་གདུལ་བྱར་འཚམས་པའི་ཆོས་སྐད་ལ་མཁས་པ། བརྒལ་ལན་དང་ཟེར་སྒྲོས་ཉུང་ལ་གཏན་ཚིགས་ཀྱིས་དོན་གཏན་ལ་འབེབ་དུས་ལོག་རྟོག་རང་བཞིན་གྱིས་སྲེག་པ། དོན་མེད་ཀྱི་ཤགས་འགྱེད་དང་ཟུར་ཟ་ཉུང་ཞིང་དོན་གྱི་གནད་རྣམས་རྣ་བར་སྐྱེལ་མཁས་པ། གཞུང་ཐམས་ཅད་མ་འདྲེས་ལ་འགལ་བ་མེད་པ། མན་ངག་གི་རྒྱབ་རྟེན་སྡེ་སྣོད་གསུམ་ལ་བྱེད་ཅིང་ཆོས་དང་གང་ཟག་ལ་ཉེས་པ་མི་བརྗོད་ཅིང་སྡིག་གྲོགས་ལ་མི་ཉན་པ། རིགས་པ་དང་མན་ངག་གི་རྣམ་གྲངས་མི་ཟློས་ཤིང་ཤེས་བྱ་ཐམས་ཅད་བྱང་ཆེ་བ། སྡེ་དགོན་བར་ཕྱོགས་རིས་མེད་ཅིང་དད་ལྡན་པར་དགྱེས་པ། བླ་མ་སངས་རྒྱས་སུ་ཤེས་ཤིང་གྲོགས་ལ་དག་སྣང་ཆེ་བ། ཞིབ་ཆ་དང་དམ་དོག་ཆེ་ཡང་འཛིན་ཆགས་ཆུང་བ། རྟག་ཏུ་དཔྱད་བདར་བྱེད་ཅིང་རྗེས་སུ་དོན་ལ་བལྟ་ཞིང་འཛིན་པ། དམན་ས་བཟུང་ནས་བསྟན་པ་ཐམས་ཅད་ཀྱི་བདག་པོ་བྱེད་པ། འཇིག་རྟེན་གྱི་བྱ་བ་ངན་པ་ཐམས་ཅད་སྤངས་ནས་སྡེ་སྣོད་ཐམས་ཅད་ལ་རྫོགས་པར་སློབ་པ། ཐུགས་རྗེ་དང་བྱིན་བརླབས་ཆེ་ཞིང་སྙིང་རྗེ་ཆེན་པོ་མངའ་བ། སུ་དང་འཕྲད་ན་དགའ་ལྷང་ལྷང་དང་། གང་དང་འགྲོགས་ན་སྐྱིད་ལྷང་ལྷང་བྱེད་པ། ཕྲག་དོག་ནི་དབང་འདུལ་ཐམས་ཅད་ཀྱི་གེགས་སུ་ལྟ་ཞིང་གསེར་དངུལ་དང་རྒྱུ་ནོར་ཐམས་ཅད་ཁྱི་སྔུན་ལ་རྩྭ་འཕང་བ་ལྟར་བྱེད་པ། བསྟད་ན་དགའ་བར་མི་འགྱུར་ཞིང་སྨད་ན་སྡུག་པར་མི་འགྱུར་བ། ཡོད་ན་དེས་ཆོག་ལ་མེད་ནའང་དེས་ཆོག་པ། འདི་འདྲ་ལ་དྲང་སྲོང་ཆེན་པོ་བཀའ་བརྒྱུད་པ་དང་། ཇོ་བོ་བཀའ་གདམས་པ་ཟེར། །

          བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ་འམ། །

          ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི། །

          སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །

          ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །

  མགར་རྒད་པོས་ཆོས་འབྱུང་གསལ་བའི་སྒྲོན་མེ་སོགས་ལས་བཏུས་ཏེ་རང་གི་རྩོམ་ཉམས་སྤྱད་ནས་སྦྱར།

            རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།