རྭ་རྒྱའི་ཁྲལ་ཉལ་སྐོར་བཤད་པ།
མགར་མི། འཛིན་གྲྭ་དབུ་མར་འཕར་དུས་ཡོད་དགོས་པའི་རྒྱུ་རྐྱེན་གང་ཡིན།
རྗེ་ཚོ་ཥོར་ཚང་། འཛིན་གྲྭ་དབུ་མར་འཕར་བའི་ཉིན་མོ་འདི་ནི་རྗེ་རིན་པོ་ཆེ་དགའ་ལྡན་གསེར་ཁྲིར་བཞུགས་པའི་ཉིན་མོ་ཡིན་པར་མ་ཟད། རྗེ་རིན་པོ་ཆེར་སྐུ་དགྲ་བྱས་པའི་ཉིན་མོར་འཁེལ་བས། ཉིན་འདིར་བདུད་དགའ་རབ་དབང་ཕྱུག་གིས་ཆོས་ཕྱོགས་ལ་ཆོ་འཕྲུལ་སྣ་ཚོགས་སྟོན་པ་དེ་ནི་གནོད་སྦྱིན་ཀྵ་ཏྲཱ་བ་ལས་མཁྱེན་སོང་བ་རེད་ཟེར། གནོད་སྦྱིན་ཀྵ་ཏྲཱ་བ་ལ་ནི་རྗེ་རིན་པོ་ཆེའི་བསྟན་སྲུང་ཆོས་སྐྱོང་ཡིན།
མགར་མི། རྗེ་རིན་པོ་ཆེ་དེ་ཉིད་དགའ་ལྡན་གསེར་ཁྲིར་བཞུགས་དུས། བདུད་དགའ་རབ་དབང་ཕྱུག་གིས་འཇིག་རྟེན་ཁམས་འདི་ན་དགའ་ལྡན་གསེར་ཁྲིར་བཞུགས་པའི་རྒྱལ་སྲས་སེམས་དཔའ་ཞིག་ཡོད་པར་ཤེས་ཏེ། དེ་ནས་བཟུང་བདུད་དགའ་རབ་དབང་ཕྱུག་གིས་རྗེ་རིན་པོ་ཆེའི་མཛད་རྣམ་སོགས་ལོག་པར་འཛིན་པའི་སྦྱོར་བ་ངན་པ་སྤེལ་བའི་འགོ་བརྩམས་པ་རེད་ཟེར། དེ་དུས་གནོད་སྦྱིན་ཀྵ་ཏྲཱ་བ་ལས་མཁྱེན་ནས། ཁོང་དགའ་ལྡན་གསེར་ཁྲིར་བཞུགས་པའི་ཉིན་མོ་དེར། གནོད་སྦྱིན་ཀྵ་ཏྲཱ་བ་ལས་བདུད་དགའ་རབ་དབང་ཕྱུག་གི་ཆ་ལུགས་བྱས་ནས་རྗེ་རིན་པོ་ཆེ་དེ་ཉིད་འགྲོ་ན་འགྲོ་རུ་མ་བཅུག འདུག་ན་འདུག་ཏུ་མ་བཅུག ཁྲི་སྟེང་ནས་དྲུད། གཅག་རྒྱུ་ཐམས་ཅད་བཅག བཅོམ་རྒྱུ་ཐམས་ཅད་བཅོམ། དེ་དུས་བདུད་དགའ་རབ་དབང་ཕྱུག་གི་བསམ་པར་ཡ་མཚར་ཆེན་པོ་སྐྱེས་ནས། ས་སྟེང་འདི་ན་ང་འདྲ་བ་ཞིག་ཡོད་རྒྱུ་མ་རེད་བསམ་མོད། ཨ་ལ་ལ། ད་ཡོད་འདུག་ཟེར་ནས་ངན་མ་བྱས་པ་རེད་ཟེར། དེ་ནས་བཟུང་དམ་པའི་ཆོས་སྒྲ། འཛམ་གླིང་སྤྱི་དགྲ། དགོས་སུ་རྗེ་བཙུན་བླ་མའི་སྐུ་དགྲ་སོགས་བཟློག་སོང་བ་རེད་ཟེར། དོན་ལ་དབུ་མའི་འཛིན་གྲྭར་བདུད་ཀྱིས་བར་ཆད་མི་འབྱུང་བའི་ཆེད་རེད་ཟེར། ད་དུང་འདིའི་སྐོར་གྱི་ངག་རྒྱུན་མང་བོ་ཡོད་མོད། ངས་བརྗེད་ཚར་འདུག
མགར་མི། ཁྲལ་ཉལ་ཟེར་བ་འདི་དགོན་པ་འདིར་དུས་ནམ་ཞིག་ལ་དར་བ་ཡིན།
རྗེ་ཚོ་ཥོར་ཚང་། འདིའི་ལོ་རྒྱུས་ཧ་ཅང་རིང་། ཨ་རིག་དགེ་བཤེས་ཆེན་མོའི་དུས་ནས་བཟུང་ཡོད་པ་རེད། དགོན་པ་འདི་ཕྱག་བཏབ་པ་ནས་བཟུང་ཡོད་པ་རེད།
མགར་མི། ཁྲལ་ཉལ་ཟེར་བ་འདི་ལོ་རེ་བཞིན་ཡོད་དམ།
རྗེ་ཚོ་ཥོར་ཚང་། ཁྲལ་ཉལ་ནི་ལོ་རེ་བཞིན་ཡོད་པ་མ་རེད། འཛིན་གྲྭ་དབུ་མར་འཕར་དུས་མ་གཏོགས་ཡོད་པ་མ་རེད། ཕལ་ཆེར་ལོ་གསུམ་གྱི་ནང་ན་གཅིག་མ་གཏོགས་ཡོད་པ་མ་རེད།
མགར་མི། ཁྱི་ར་བ་མགོན་པོ་རྡོ་རྗེ་དང་ཁྲལ་ཉལ་གཉིས་གཅིག་ཡིན་ནམ།
རྗེ་ཚོ་ཥོར་ཚང་། འདི་གཉིས་ཀྱི་ལོ་རྒྱུས་ནི་གཏན་ནས་མི་གཅིག ཞིབ་པར་གཞུང་གཞན་དང་གཞན་ན་ཡོད་པས་ཡང་བསྐྱར་བཤད་པས་དགོས་པ་ཆེར་མ་མཆིས། ཁྱི་ར་བ་མགོན་པ་རྡོ་རྗེའི་མཛད་རྣམ་ནི་རྗེ་མི་ལའི་རྣམ་ཐར་ནང་གསལ་བས་དེས་ཆོག ངག་རྒྱུན་ལ་ཁྱི་ར་བ་མགོན་པོ་རྡོ་རྗེ་མི་སྡིག་རྒན་ཞིག་ཡིན་ཟེར། གོམ་པ་གང་ལ་སྤོས་ན་ཁྲག་རྗེས་དང་། མདའ་གཞུ་གང་ལ་ཕྱོགས་ན་ཐམས་ཅད་ཤི་འགྲོ་བའི་སྡིག་རྒན་ཡ་མཚར་བ་ཞིག་ཡིན། རྗེས་ནས་རྗེ་བཙུན་མི་ལ་རས་པས་མགུར་མང་བོ་བཞེངས་པ་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་གཞག་ལ་ངེས་འབྱུང་སྐྱེས། དེ་ནས་མདའ་གཞུ་ཚང་མ་རྗེ་བཙུན་མི་ལར་ཕུལ་ནས་བློ་ཁ་ཆོས་ལ་ཕྱོགས་སོང་བ་ཞིག་རེད། འདི་རགས་བསྡུས་ཙམ་ཡིན།
མགར་མི། ཐུན་མོང་སྣང་ཚོད་ལ་ཆོས་པས་མགུར་འཐེན་མྱོང་བ་ལས། ཤགས་འབྱེད་དང་ཟུར་ཟའི་རིགས་ནི་འཛེམ་བྱ་ཡིན་པར་བཤད། དེས་ན་རྭ་རྒྱའི་ཁྲལ་ཉལ་ནི་དམིགས་བསལ་བ་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན། དེའི་སྐོར་ནས་མདོར་བསྡུས་ཤིག་གསུང་རོགས།
རྗེ་ཚོ་ཥོར་ཚང་། འདི་མགུར་དང་མི་འདྲ། ཁྱི་ར་བ་མགོན་པོ་རྡོ་རྗེ་ནི་རྗེ་བཙུན་མི་ལ་རས་པའི་མགུར་མང་བོ་འཐེན་པ་ལ་བརྟེན་ནས་ངེས་འབྱུང་རྣལ་མ་སྐྱེས་པ་ལྟ་བུའི་མགུར་ཚིག་མང་བོ་ཡོད་པ་དེ་རེད། ཁྲལ་ཉལ་ནི་དེ་དང་མི་གཅིག་པར་དམ་པའི་ཆོས་ལ་སྙིང་བོ་མེད་ཚུལ་དང་། འཇིག་རྟེན་འཁོར་བར་ཞེན་ཆགས་དགོས་ཚུལ་སོགས་མགུར་ལས་གོ་ལྡོག་པར་བྱེད་ཀྱང་། དོན་ལ་ཆོས་ཀྱི་བར་ཆད་བཟློག་པར་བྱེད་པའི་རྩེད་མོའི་རིགས་ཤིག་དང་། རང་གཞན་སུ་ལའང་བདུད་ཀྱི་བར་ཆད་མི་འབྱུང་བའི་ཆེད་དུ་ཡིན།
མགར་མི། བདག་གིས་རྭ་རྒྱའི་གདན་རབས་སྐོར་གྱི་དཔེ་ཆ་དང་འབྲེལ་ཡོད་རྒྱུ་ཆ་འགར་བལྟས་ཀྱང་། དེ་དག་གི་ཁྲོད་དུ་རྭ་རྒྱའི་ཁྲལ་ཉལ་སྐོར་གྱི་ལོ་རྒྱུས་བྲིས་མི་འདུག འདིའི་སྐོར་ལ་བལྟ་འདོད་ན་ཁུངས་བཙན་གྱི་དཔེ་ཆ་ཡོད་དམ།
རྗེ་ཚོ་ཥོར་ཚང་། འདི་ནི་རྭ་རྒྱ་དགོན་པ་མ་གཏོགས་ཡོད་པ་མ་རེད། འདིའི་ཁུངས་བཙུན་གྱི་དཔེ་ཆ་ངས་རིག་མ་མྱོང་། ཕལ་ཆེར་མེད་པ་འདྲ། འདི་ཡང་མདོར་དྲིལ་ན་རྭ་རྒྱ་དགོན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པར་འདོད།
མགར་མི། འདིར་ཁྲལ་ཉལ་མ་གཏོགས་མིང་གཞན་པ་ཡོད་དམ།
རྗེ་ཚོ་ཥོར་ཚང་། འཇིག་རྟེན་རྙིང་བར་འདིའི་མིང་ལ་རྩེད་མོ་དགེ་བསྐོར་ཟེར། ད་དུང་བསྟན་བཤིག་དགེ་བསྐོས། ཁྲལ་ཉལ་སོགས་ཟེར། (བལྟས་ན་རྩེད་མོ་ལྟ་བུར་སྣང་ཡང་དོན་ལ་དབུ་མ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་ཡིན་པས་རྩེད་མོ་དགེ་བསྐོས་སོགས་ཟེར།
མགར་མི། ཁྲལ་ཉལ་གྱིས་གཙོ་བོ་བདུད་ཀྱི་ཆ་ལུགས་སུ་བྱས་ནས་དོན་གྱིས་བར་ཆད་སེལ་བ་ཡིན་ཟེར། དེས་ན་རྭ་རྒྱའི་ཁྲལ་ཉལ་གྱི་ཤགས་འབྱེད་སྐོར་གྱི་དཔེར་མཚོན་ཞིག་འདྲེན་རོགས།
རྗེ་ཚོ་ཥར་ཚང་། ཁྲལ་ཉལ་ནི་ལྡོག་ཕྱོགས་ནས་ལངས་མཁན་ཞིག་ཡིན། དགེ་བསྐོས་ཀྱིས་གྲལ་རྔ་ནས་ཡར་འཁོར་ནས་ཕྱག་འཚལ་ན་ཁྲལ་ཉལ་གྱིས་གྲལ་འགོ་ནས་མར་འཁོར་ནས་ཕྱག་འཚལ་བ་རེད། ཁ་ནང་ན་སྐད་ཆ་ཡག་པོ་གཅིག་ཀྱང་ཐོན་རྒྱུ་མེད། བླ་མ་དང་གྲྭ་བ་རྣམ་པར་གཤེ་གཤེ་གཏོང་དུས་འཁོར་བ་བློས་མ་ཐོངས་པ་ཡིན་ནམ། བྱིས་པ་གཉོར་མ་ཚར་བ་ཡིན་ནམ་ཟེར་བ་རེད། བླ་མ་དང་གྲྭ་བ་སུ་ཡིན་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པ་ཤེས་བཞིན་དུ་དེ་ལྟར་ཟེར་བ་རེད། དེ་ཟེར་ཡང་དགོས་པ་རེད། བར་ཆད་བཟློག་ཆེད་རེད། ཡང་གཅིག་བཤད་ན་རྭ་རྒྱའི་ཁྲལ་ཉལ་གྱི་ཁྱད་ཆོས་རེད།
མགར་མི། ཁྲལ་ཉལ་གྱིས་དགོན་པའི་བླ་མ་དང་གྲྭ་བ་མ་གཏོགས་ངེད་ཁྱིམ་པ་བ་རྣམས་ལ་ཤགས་རྒྱག་གི་ཡོད་དམ།
རྗེ་ཚོ་ཥོར་ཚང་། ལོས་རྒྱག ཁྱིམ་པ་བ་རྣམས་ལ་ཡང་ལྡོག་ཕྱོགས་ནས་ཟུར་ཟ་བྱེད་པ་རེད། དཔེར་ན། ཁ་ནས་ཚང་མ་འདིར་ཤོག་ང་ཚོས་རྩེད་ཤོག་དང་སྟེགས་ལྒང་སོགས་རྩེད་ཡ་ཟེར་ནི་རེད། འདི་ལྟར་བྱས་ན་ཚང་མས་མཉམ་འཇོག་སྲིད། སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པའི་རིགས་ལ་ཟུར་ཟ་བྱེད་པ་ཡིན་ནོ།།
མགར་མི། ཁྲལ་ཉལ་གྱི་ཆ་བྱད་གཙོ་བོ་ཅི་ཞིག་ཡིན་ནམ།
རྗེ་ཚོ་ཥར་ཚང་། དེའི་ཆ་ལུགས་གཙོ་བོ་ནི་འདྲེའི་ཆ་ལུགས་བྱས་ཡོད། དཔེར་ན། ཁ་ངོ་ཚོན་གྱིས་བྲིས་ཡོད་པ། སྐྲ་དམར་བོར་བསྒྱུར་བ་དང་རིང་བོ་བཞག་ཡོད་པར་མ་ཟད་ཕོ་མོ་གང་ཡིན་མི་ཤེས་པའི་ཆ་ལུགས་སྤྲས་པ། སེན་མོ་རིང་བོ་འཇོག་པ་སོགས་འདྲེའི་ཆ་བྱད་བྱས་ཡོད་པ་རེད།
མགར་མི། རྗེ་ཉིད་ཀྱིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ། བདག་ལ་འདིའི་སྐོར་ནས་བློ་སྐྱེད་མང་བོ་ཐོབ་སོང་། རྗེས་ནས་ཡང་འདིའི་སྐོར་གྱི་ཞལ་བརྡ་རེ་གནང་རྒྱུ་མཁྱེན།
རྗེ་ཚོ་ཥོར་ཚང་། ཡ་ཡ། བདེ་མོ།
མགར་མི། རྗེ་ཉིད་ཀྱི་མཛད་འཕྲིན་ཡུན་རིང་རྒྱས་པ་དང་དེ་རིང་གི་གླེང་གཞི་དང་འབྲེལ་ནས་རྒྱལ་བསྟན་རིབ་པོ་ཆེའི་གཟི་དཔལ་འཛམ་གླིང་ཕྱོགས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།
མཇུག་གི་གཏམ།
ད་དུང་འདྲི་གཞི་མང་བོ་ཞིག་ལྷག་ཡོད་ནའང་། མཇུག་འདིར་ཐོན་དུས་གླེང་བྱ་མཐའ་དག་གཞི་གཅིག་ཏུ་བསྒྲིལ་ནས་བཤད་ཡོད། ཁྲལ་ཉལ་ནི་སྐྱ་སེར་ཕོ་མོ་གང་ལའང་དགག་གཞག་བྱེད་པའི་རྩེད་མོ་ཞིག་ཡིན་ན་ཡང་། དོན་གྱིས་རང་གཞན་ཀུན་གྱི་བར་ཆད་བཟློག་པའི་ཐབས་ལམ་ཁྱད་པར་བ་ཞིག་ཡིན། བདག་གིས་གླེང་འདོད་པ་ཡང་སུན་འབྱིན་དང་དངུལ་ལོར་ཙམ་མ་ཡིན་པར་དགོན་པ་འདི་དང་སྒོས་སུ་སངས་རྒྱས་བསྟན་པ་ཡུན་རིང་རྒྱས་ཆེད་དུ་བྱད་ཟློག་ལྟ་བུ་ལས་མ་འདས། འདི་ནི་བདག་གིས་བསྟན་བཤིག་དགེ་བསྐོས་ལས་རྙེད་པའི་ཞིབ་འཇུག་གི་རིན་ཐང་དང་། རྩོམ་ཡིག་འདི་ཕུལ་བའི་དགོས་པ་ཉག་གཅིག་ལགས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn