བློ་སྦྱོང་ཚིག་བརྒྱད་མའི་འགྲེལ་བ་ཡིད་ཀྱི་གསོས་སྨན་ཞེས་བྱ་བ་བཞུགས་སོ།།
རྩ་བར།
བདག་ནི་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།
རྟག་ཏུ་གཅེས་པར་འཛིན་པར་ཤོག།
དོན་ནི།གླང་རི་ཐང་བ་བདག་གིས་ནི་དམིགས་ཡུལ་སེམས་ཅན་ཐམས་ཅན་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ཆེས་ཆེར་ལྷག་པའི་དོན་མཆོག་སྟེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་སྒྲུབ་པར་འདོད་པའི་བསམ་པ་ཡིས་ཀུན་ནས་བསླངས་སྟེ་འགྲོ་བ་མིའི་རིགས་ཀྱིས་ཐོག་དྲངས་པའི་སྐྱེ་འགྲོ་དབུགས་ལྡན་ཡོད་དོ་ཅོག་ལ་ཕྱོགས་དང་རིས་སུ་བཅད་པ་མ་ཡིན་པར་ཐམས་ཅད་ལ་འདྲ་མཉམ་དང་གཅིག་གྱུར་གྱི་བསམ་པ་ངོས་མཉམ་པ་ཞིག་གི་སྟེང་ནས་རྟག་ཏུ་གཅེས་པར་འཛིན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ།།
རྩ་བར།
གང་དུ་སུ་དང་འགྲོགས་པའི་ཚེ།།
བདག་ཉིད་ཀུན་ལས་དམན་ལྟ་ཞིང་།།
གཞན་ལ་བསམ་པ་ཐག་པ་ཡིས།།
མཆོག་ཏུ་གཅེས་པར་འཛིན་པར་ཤོག།
དོན་ནི།གནས་གང་དུ་གྲོགས་གང་ཟག་སུ་དང་མཉམ་དུ་འདྲིས་ཤིང་འགྲོགས་པར་བྱེད་པའི་ཚེ་ན་ཡང་།རང་མཐོ་བར་འདོད་པའི་ང་རྒྱལ་ལ་སོགས་པའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་བྱས་ཏེ་བདག་ཉིད་ནི་གྲོགས་པོ་དང་གང་ཟག་གཞན་ཐམས་ཅད་ལས་དམན་པར་བལྟ་ཞིང་། གཞན་དག་ལ་ནི་གཡོ་ཟོལ་དང་ཚུལ་འཆོས་ལྟ་བུས་མ་ཡིན་པར་ལྷག་བསམ་ཟོལ་མེད་དང་ཀུན་སློང་རྣམ་པར་དག་པས་རང་ལས་མཆོག་ཏུ་བལྟས་ཏེ་གཅེས་པར་བཟུང་ཞིང་བྱ་བའི་ཀུན་སྤྱོད་མཐའ་དག་ཀྱང་གཞན་དོན་དུ་བྱེད་ནུས་པའི་སྐལ་བ་དང་ལྡན་པར་ཤོག་ཅིག་ཅེས་པའོ།།
རྩ་བར།སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།
བདག་གཞན་མ་རུང་བྱེད་པས་ན།།
བཙན་ཐབས་གདོང་ནས་བཟློག་པར་ཤོག།
དོན་ནི།དུས་དང་གནས་སྐབས་ཐམས་ཅད་དུ་རང་གི་སྤྱོད་ལམ་ལེགས་ཉེས་གང་བྱུང་ལ་བསམ་བློ་ངེས་པར་གཏོང་དགོས་ཏེ། དཔེར་ན་ཉིན་གཅིག་རིང་གི་སྤྱོད་ལམ་ལྟ་བུ་ལ་མཚོན་ནའང་དྲན་པ་དང་ཤེས་བཞིན་གྱིས་བསམ་པ་ནང་དུ་བཀུག་ནས་ལེགས་པར་བརྟག་པར་བྱེད་ཅིང་། གལ་ཏེ་དེ་རིང་གི་ཉི་མ་འདིའི་ནང་ལ་རང་གི་ཀུན་སྤྱོད་ལེགས་ཉེས་ཀྱི་བླང་དོར་ལ་བརྟག་དཔྱད་ལེགས་པར་བྱས་པའི་སྐབས་སུ།རང་གི་སྒོ་གསུམ་བག་མེད་ཀྱི་དབང་དུ་སོང་ནས་བྱ་སྤྱོད་ངན་པ་གང་ཞིག་བྱུང་ཡོད་པ་ཇི་བཞིན་རྟོགས་པའི་ཚེ་ནའང་། དེ་ནི་རྐྱེན་མེད་རང་དབང་གིས་བྱུང་ཞིང་རྟག་པ་ཐེར་ཟུག་གི་ངོ་བོར་གནས་འཆའ་བ་དེ་འདྲ་མ་ཡིན་པར།རྒྱུ་རྐྱེན་ཉོན་མོངས་པས་བྱས་ཤིང་ཉོན་མོངས་དེས་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཡིན་པའི་གནས་ལུགས་དང་།ཉོན་མོངས་དེ་ནི་རང་ཅག་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བའི་གནས་སུ་སྐྱེས་ནས་སྡུག་བསྔལ་རབ་འབྱམས་མཐའ་ཀླས་པ་མང་བོ་ཞིག་མྱོང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པའི་ཆོས་ཉིད་ལ་བསམ་བློ་བཏང་སྟེ།དེ་འདྲ་བའི་ངོ་བོ་ངན་ཞིང་འབྲས་བུ་རྩུབ་པའི་ཉོན་མོངས་བ་དེ་ནི་བདག་གིས་ནམ་བྱུང་རེས་ལ་གཉེན་པོའི་བཙན་ཐབས་ཀྱིས་འཐབ་རྩོད་དང་འབུར་འཇོམས་སོགས་ལེགས་པར་བྱས་ཏེ་རྩ་བ་གཞི་ནས་ཟློག་ནུས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ།།
རྩ་བར།
རང་བཞིན་ངན་པའི་སེམས་ཅན་དང་།།
སྡིག་སྡུག་དྲག་པོའི་ནོན་མཐོང་ཚེ།།
རིན་ཆེན་གཏེར་དང་ཕྲད་པ་བཞིན།།
རྙེད་པར་དཀའ་བའི་གཅེས་འཛིན་ཤོག།
དོན་ནི།ཀུན་སྤྱོད་མ་རབས་ཐ་ཤལ་སོགས་ཀྱི་རང་བཞིན་ངན་ཞིང་ཉོན་མོངས་ཆེ་བའི་སེམས་ཅན་དང་།དེ་བཞིན་དུ་ཉོན་མོངས་དེ་ལས་བྱུང་བའི་སྡིག་པའི་ལས་ལ་ངང་ངམ་ཤུགས་ཀྱིས་ཞུགས་ཏེ་བྱུང་བའི་རྐྱེན་ངན་བར་ཆད་སོགས་བྱ་ངན་སྡིག་སྡུག་དྲག་པོས་ཀུན་ནས་ནོན་པའི་སེམས་ཅན་ཉམ་ཆུང་བ་རྣམས་མཐོང་ཚེ་དེ་དག་ལའང་མཐོང་ཆུང་དང་དམའ་འབེབས་ད་དུང་ཡང་མ་མཐོང་བ་དང་མ་ཤེས་ཁུལ་གྱིས་དོ་སྣང་གང་ཡང་མེད་པའི་ཐོག་ནས་ཅི་མི་སྙམ་དུ་མི་འཇོག་པར། སེམས་ཅན་འདི་དག་དང་ཕྲད་པ་ནི་དབུལ་བོ་རིན་པོ་ཆེའི་སྣ་ཚོགས་པའི་གཏེར་དང་ཕྲད་པ་ནང་བཞིན་རང་གི་བྱང་ཆུབ་སྒྲུབ་པའི་ཐབས་སུ་རྙེད་པར་དཀའ་ཞིང་རིན་ཐང་ཆེ་བའོ་སྙམ་དུ་བསམ་ཞིང་བལྟས་ཏེ་ལྷག་པར་ཡང་མཆོག་ཏུ་གཅེས་པར་འཛིན་པར་ཤོག་ཅིག་ཅེས་སེམས་ཅན་རྣམས་ལམ་གྱི་སྙིང་བོ་མཐའ་དག་ཉམས་སུ་ལེན་པའི་དམིགས་ཡུལ་མཐར་ཐུག་ཏུ་བཟུང་ནས་དེ་དག་རྙེད་དཀའ་བ་ཉིད་དུ་སེམས་པའོ།།
རྩ་བར།
བདག་ལ་གཞན་གྱིས་ཕྲག་དོག་གིས།།
གཤེ་སྐུར་ལ་སོགས་མི་རིགས་པའི།།
གྱོང་ཁ་རང་གིས་ལེན་པ་དང་།།
རྒྱལ་ཁ་གཞན་ལ་འབུལ་བར་ཤོག།
དོན་ནི།བདག་ལ་གང་ཟག་མ་རུང་བ་གཞན་གྱིས་ཕྲག་དོག་དང་འགྲན་སེམས་ཀྱི་རྐྱེན་པས་བསམ་བཞིན་དུ་གཤེ་ཞིང་སྐུར་བ་གདབ་པ་དང་བརྡེག་ཅིང་མཚང་འབྲུ་བ་ལ་སོགས་པའི་མི་རིགས་པའི་བྱ་བ་སྣ་ཚོགས་པ་ཅི་འདྲ་བ་ཞིག་བྱས་ན་ཡང་།དེ་ལ་གནས་མ་ཡིན་པའི་རྒོལ་ལན་སྤྲོད་པ་ལ་སོགས་པའི་སྦྱོར་བ་ནམ་ཡང་མི་རྩོམ་པ་སྟེ་ཅུང་ཟད་ཀྱང་ཁྲོ་བ་མེད་པར་མ་ཟད་ཐ་ན་བྱ་ངན་སྦྱོར་རྩུབ་ཀྱི་སྤྱོད་ངན་དེ་དག་ལས་བྱུང་བའི་གནས་སྐབས་ཀྱི་གྱོང་ཁའང་རང་གི་བཟོད་པ་སྒོམ་པའི་ཐབས་སུ་དགའ་བཞིན་དུ་ལེགས་པར་དང་དུ་ལེན་པ་དང་།ཆོས་དང་འཇིག་རྟེན་ལས་བྱུང་བའི་རྒྱལ་ཁ་གང་ཡོད་ཐམས་ཅད་ཀྱང་སེར་སྣ་མེད་པར་གཞན་ལ་ཅི་དགར་སྦྱིན་ཐུབ་པའི་སྙིང་སྟོབས་དང་ལྡན་པ་ཤོག་ཅིག་ཅེས་སེམས་ཀྱིས་སྨོན་ལམ་བཏབ་པའོ།། ཇི་སྐད་དུ། ཐོག་མཐའ་བར་ལས། བདག་ལ་བརྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས།། མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ།།ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི།། ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག། ཅེས་སོགས་གསུང་བ་དང་སྒོ་ཀུན་ནས་མཐུན་པ་ཡིན་ནོ།།
རྩ་བར།
གང་ལ་བདག་གིས་ཕན་བཏགས་པའི།།
རེ་བ་ཆེ་བ་འགའ་ཞིག་གིས།།
ཤིན་ཏུ་མི་རིགས་གནོད་བྱེད་ནའང་།།
བཤེས་གཉེན་དམ་པར་བལྟ་བར་ཤོག།
དོན་ནི།མི་ཉམ་ཆུང་བ་གང་ལ་བདག་གིས་སྙིང་རྗེ་དང་བྱམས་པའི་ཐོག་ནས་ཕར་ཕན་ཆེན་པོ་ཅི་ཙམ་གདགས་པའི་ལན་དུ་ཚུར་ཡང་ཕན་འདོགས་པའི་རེ་བ་ཆེར་བྱེད་པའི་སེམས་ཅན་འགའ་ཞིག་གིས་སྤྱིར་བཏང་རང་གི་ཕན་འདོགས་པའི་ཞིང་ཕ་རོལ་བོ་དེ་ལ་ཡ་རབས་བཟང་སྤྱོད་དང་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བྱས་ཤེས་དྲིན་བཟོ་སོགས་ཀྱིས་ཕན་འདོགས་པར་བྱེད་དགོས་པ་ཡིན་མོད།འོན་ཀྱང་དེས་ནི་དེ་ལས་ལྡོག་སྟེ་དྲིན་ལན་ལོག་འཇལ་དང་མ་རབས་ཐ་ཤལ་གྱི་བྱ་བས་བདག་ལ་ཤིན་ཏུ་མི་རིགས་པའི་གནོད་པ་ཆེན་པོ་ཇི་ཙམ་བྱས་ན་ཡང་བདག་གིས་ནི་ནམ་ཡང་ཕ་རོལ་བོའི་ཕན་དང་དྲིན་ལན་གྱི་འབྲས་བུ་ཐོབ་མིན་ལ་རེ་ལྟོས་མི་བྱ་བར་གང་ཟག་དེ་ཉིད་རང་བཟོད་པ་སྒོམ་པ་ལ་སྐུལ་བའི་གྲོགས་དམ་པའམ་དགེ་བའི་བཤེས་དངོས་ཡིན་ནོ་སྙམ་དུ་འདུ་ཤེས་ཤིང་བལྟས་ཏེ་གོང་དུ་བཀུར་ནུས་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ།། དེ་ཡང་རྒྱལ་སྲས་ཐོག་མེད་བཟང་བོའི་ཞལ་ནས།བདག་གིས་མ་བཞིན་གཅེས་པར་བསྐྱངས་པའི་མིས།། བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་།། བྱམས་པའི་དབང་གིས་སླར་ཡང་དེ་ཉིད་ཀྱི།། ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་སོ།། དེ་ཡང་གོང་གི་རྣམ་བཞག་འདི་དག་གིས་ནི་བྱམས་བརྩེ་དང་གོང་བཀུར་གྱི་སྤྱོད་པའི་ཐོག་ནས་གང་ཟག་མ་རུང་བ་དེ་དག་ལ་ཁ་གཅོག་ཐབས་གསར་བ་ཞིག་དང་ཕྱོགས་སུ་མ་ལྷུང་བ་ཞིག་གསུང་བ་ཡིན་གྱི།རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་དེ་དག་ལ་མགོ་སྒུར་ཞིང་བརྙས་བཅོས་མྱང་དགོས་ཞེས་པའི་དོན་གཏན་ནས་མ་ཡིན་ཏེ། རྒྱལ་མཆོག་དོན་གྱི་བདག་པོའི་ཞལ་གསུང་གསེར་གྱི་བུམ་བཟང་ལས། ཡིན་ནའང་ང་རྒྱལ་ལ་གཉེན་པོ་བསྟེན་པའི་ཆེད་དུ་སོ་སོས་ཉམས་ཆུང་བྱེད་དགོས་ཟེར་བ་འདི་སྤྱོད་པ་སྡིག་རྩུབ་ཅན་དེ་ཚོའི་འོག་མགོ་སྒུར་དགོས་པ་བརྗོད་ཀྱི་མེད། མི་དེ་ཚོའི་རིགས་ལ་ལན་བརྒྱབ་དགོས་པ་དང་། ཁ་གཏད་གཅོག་དགོས་པ་འདི་གལ་ཆེན་པོ་ཡིན། རྩ་བར་མི་གཞན་པ་དེར་ལན་ཤུགས་ཆེན་པོ་སློག་རྒྱུ་གལ་ཆེན་པོ་ཡིན་ཀྱང་། ལན་སློག་སྟངས་གུས་བརྩི་ལྡན་པའི་ངང་ནས་བྱེད་དགོས། ཞེས་གསུང་བ་ཐུགས་ཤིན་ཏུ་མད་པར་སྣང་བས་རྣམ་པ་ཐམས་ཅད་དུ་འདིའི་གནས་ལུགས་ཀྱི་ལ་འབད་པས་སྒྲུབ་པར་བྱའོ།།
རྩ་བར།
མདོར་ན་དངོས་སམ་བརྒྱུད་པ་ཡིས།།
ཕན་བདེ་མ་རྣམས་ཀུན་ལ་འབུལ།།
མ་ཡི་གནོད་དང་སྡུག་བསྔལ་ཀུན།།
གསང་བས་བདག་ལ་ལེན་པར་ཤོག།
དོན་ནི།མདོར་ན་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རང་གིས་གང་བསགས་པའི་དགེ་རྩ་གང་ཡོད་ཐམས་ཅད་དང་དགེ་རྩ་དེ་དག་ཐམས་ཅད་ལས་བྱུང་བའི་བདེ་བའི་འབྲས་བུ་ཇི་སྙེད་པ་དེ་དག་གིས་མཚོན་པའི་འདི་ཕྱིའི་ཕན་བདེ་མ་ལུས་པའི་ཡོན་ཏན་ཐམས་ཅད་ཀྱང་ལྷག་ལུས་མེད་པར་མར་གྱུར་འགྲོ་བ་ཀུན་ལ་ཕར་དགའ་བས་འབུལ་ཞིང་། དེ་དག་གིས་བསགས་པའི་གནོད་པ་དང་སྡུག་བསྔལ་གང་ཡོད་ཐམས་ཅད་ཀྱང་གསང་བས་སམ་མངོན་ཆུང་གི་སྒོ་ནས་བདག་གི་ལུས་སེམས་གང་རུང་ལ་ཚུར་ལེན་ནུས་པའི་སྐལ་བ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ།། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།།མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་སོགས་གསུང་བ་ལྟར་རོ།།
རྩ་བར།
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།
རྟོག་པའི་དྲི་མས་མ་སྦགས་ཤིང་།།
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས།།
ཞེན་པའི་འཆིང་བ་ལས་སྒྲོལ་ཤོག།
དོན་ནི།གོང་གི་རྣམ་བཞག་དེ་དག་ཐམས་ཅད་ཀྱང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་རྟོག་པའི་དྲི་མས་མ་སྦགས་ཤིང་། ཆོས་རྣམས་སྒྱུ་མ་དང་རྨི་ལམ་ལྟ་བུར་འདུ་ཤེས་ནས་དེ་ལ་རྟག་འཛིན་དང་བདག་གིར་ཞེན་པའི་འཆིང་བ་ལས་རྣམ་པར་སྒྲོལ་བར་ཤོག་ཅིག་ཅེས་སོགས་ཀྱི་དོན་ནོ།། དེ་ཡང་རྗེ་ཐམས་ཅད་མཁྱེན་པས།དེ་ཕྱིར་བརྟེན་ནས་འབྱུང་བ་གང་།། རང་བཞིན་གྱིས་ནི་གདོད་མ་ནས།། རྣམ་པར་དབེན་ཡང་དེར་སྣང་བས།། འདི་ཀུན་སྒྱུ་མ་བཞིན་དུ་གསུངས།།ཞེས་གསུང་བ་ལྟར་བསམ་དགོས་པ་ཡིན་ལ། ཆོས་ཐམས་ཅད་ལ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཇི་ལྟར་ལྟ་ཚུལ་ཡང་མདོ་སྡེ་ཏིང་ངེ་འཛིན་རྒྱལ་བོ་ལས།སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ།། རྟ་དང་གླང་བོ་ཤིང་རྟ་སྣ་ཚོགས་བྱས།། དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད།།ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་བྱོས།། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན།།བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས།། བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར།། ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་བྱོས།།ཞེས་གསུང་བ་ལྟར་བསམ་ཞིང་ནན་ཏན་ཏུ་སྒྲུབ་པ་ལ་ཚུལ་བཞིན་དུ་གནས་ཏེ་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱེད་ནུས་པའི་སྐལ་བ་དང་ལྡན་པར་ཤོག་ཅིག་ཅེས་རང་གིས་རང་ལ་བསྐུལ་མ་གདབ་པའོ།།
༢༠༡༦/༡༡/༨/ཉིན་མཇུག་གྲུབ།
འདི་ནི་བདག་གི་སློབ་སྦྱོང་ཁྲོད་ནས་དམ་པ་གང་གི་གསུང་ལ་ཐོས་བསམ་ཅུང་ཙམ་བྱས་ཏེ་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་ཅི་ཡོད་གཞོམ་པར་བགྱིས་ནས་རང་ཉིད་ཀྱང་མགོན་པོ་དེ་ཉིད་ཀྱི་རྗེས་སུ་ནམ་ཡང་འཇུག་པའི་སྨོན་ལམ་དང་རྟེན་སྒྲིག་པ་ལགས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn