དེང་རབས་ཀྱི་མི་ཆོས་དང་བསྟུན་ནས་དམ་པའི་ཆོས་གོང་སྤེལ་དུ་གཏོང་ཚུལ་ཅི་འདྲ་བའི་དྲིས་ལན་ཚིགས་སུ་བཅད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-15 22:21:21     རྩོམ་པ་པོ།   འཇིགས་མེད་ཐེག་མཆོག    ཀློག་ཐེངས།  

 032.JPG

དམ་པའི་ཆོས་ནི་བསམ་པ་བཟང་བོ་སྟེ།། དེ་བཟང་ལུས་ངག་སྤྱོད་པ་བཟང་བར་འགྱུར།། མི་ལ་རིན་ཐང་ཆེ་བའི་དངོས་པོ་ནི།།བསམ་པ་བཟང་བོ་ལས་ལྷག་ཡོད་མ་ཡིན།། སེམས་བཟང་སྒྲུབ་ཚུལ་མདོ་སྔགས་གྲུབ་མཐའ་བཞི།། བསླབ་གསུམ་གཞུང་ལ་བཀའ་བསྟན་སྟེ་སྣོད་གསུམ།།དེ་ཕྱིར་བསྟན་པ་གནས་འཇིག་རང་སེམས་སུ།། ཆོས་དད་བསམ་པ་ཡོད་མེད་ཉིད་ཀྱིས་འཇོག། དད་ལྡན་ནོར་གྱིས་ཕྱུག་ན་ལྷག་པར་དད།།མཁས་པ་གནས་ལུགས་ཤེས་ནས་ཤིན་ཏུ་དད།། ཀུན་ཀྱང་ནད་གདོན་མཐར་ཐུག་འཆི་བའི་ཚེ།། རང་དང་རང་ལ་དགའ་རྣམས་ངེས་པར་དད།།དམ་པའི་ཆོས་ཀྱི་གནས་ཚད་ལྔ་སྟོང་སྟེ།། ཆོས་འཁོར་བསྐོར་ནས་རིམ་གྱིས་ཉམས་ཞིང་འགྲོ།། ད་གདོད་བགྲང་བྱ་ཉིས་སྟོང་བརྒྱ་ལྷག་མཐར།།ཡོངས་སུ་འཇིག་ཅེས་སངས་རྒྱས་ཉིད་ཀྱིས་གསུངས།། ཁྱད་པར་ད་ལྟ་སྙིགས་མ་ལྔ་བདོ་ཞིང་།། ལོག་པར་ལྟ་བ་ཉིན་རེར་འཕེལ་བའི་དུས།།བསྟན་པ་མྱུར་དུ་འགྲིབ་པར་ཐག་བཅད་ན།། དར་ཞིང་འཕེལ་བར་འགྱུར་མིན་སྨོས་ཅི་འཚལ། །ཆོས་ཀྱིས་ཕྱི་མ་ཕན་ཆད་ཕན་པར་དགོངས།།འཇིག་རྟེན་ཚེ་འདི་ཁོ་ན་དོན་དུ་གཉེར།། ཆོས་དང་བསྟུན་ན་འཇིག་རྟེན་མི་འགྲུབ་ཅིང་།། འཇིག་རྟེན་ཅན་ལ་ཆོས་མཐུན་མངོན་མི་ནུས།།འོན་ཀྱང་བསམ་པ་བཟང་ན་གང་བྱས་ཆོས།། ཟེར་བ་ཇི་བཞིན་བསྟན་སྲིད་གང་ལ་ཡང་། རྨང་གཞིའི་ཆོས་ཤིག་མེད་ན་གང་བསྒྲུབ་ཀྱང་།།འདི་དང་ཕྱི་མའི་བདེ་སྐྱིད་འབྱུང་བ་མེད།། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་སོགས་པ།། སྔོན་བྱོན་མཁས་པའི་བཀའ་སྲོལ་ཆེར་གསལ་བས།།རྗེས་འབྲངས་མདོ་རྒྱུད་རིག་པའི་གནས་མང་པོ།། གཏིང་ཟབ་རྒྱ་ཆེན་ཤེས་པ་བགྲང་མི་ལང་།། ད་ལྟ་དཔེ་ཀློག་ཙམ་ཡང་མ་བྱས་པར།།ཟེར་སྒྲོས་དམ་དུམ་བསྒྲིགས་ནས་གསུང་རབ་ཀྱི།།དཀའ་གནད་བརྒལ་བརྟགས་བྱེད་པའི་རྫིག་ཉམས་དང་།།རྒྱལ་བར་ཅོ་འདྲིའི་གཏམ་ལ་ངོ་གནོང་ཆེ།། མ་བསླབས་པ་རྣམས་གསུང་རྩོམ་མང་བ་དང་།། མ་མཐོང་བ་རྣམས་ཉམས་མྱོང་འཆད་པ་དང་།།མི་ཤེས་པ་རྣམས་བསླབ་བྱ་སྟོན་པའི་ཚེ།། མི་དད་པ་རྣམས་ཆོས་པའི་ཚད་དུ་ཆེ།། ཆོས་ནི་ནོར་ལུག་བཞིན་དུ་འཕེལ་བ་མེད།། ཁྱད་པར་ཚོད་ལས་ཇི་ལྟར་སྒྲུབ་ཚུལ་མེད།།འཇིག་རྟེན་སོ་ཚིས་སྲིད་པས་དོན་དུ་གཉེར།།ཁྱད་པར་ཚོང་ལས་གཡོ་སྒྱུ་ཆེ་ལ་ཁེ།། འདུལ་བའི་ཆོས་ནི་སངས་རྒྱས་ཉིད་ལ་དབང་།།དེ་ལ་བཅོས་བསྒྱུར་ཅུང་ཟད་བྱེད་མི་རུང་།། མདོ་སྡེའི་ཆོས་ནི་ཏིང་འཛིན་སྒྲུབ་ཐབས་ཏེ།། ཆ་ཙམ་འགྱུར་ན་སྒོམ་ཡང་ནོར་བར་འགྱུར།།མངོན་པའི་ཆོས་ནི་ཟབ་མོ་སྟོང་ཉིད་དེ།། གནས་ལུགས་ལྟ་བ་འགྱུར་ན་ཐར་བ་མེད།། དེ་ལྟར་ཆོས་ནི་ཆོས་རྒྱུས་ཅན་མ་གཏོགས།།དྲན་ཚུལ་བཟང་བ་ཙམ་གྱིས་མི་ནུས་སོ།། རྒྱལ་བའི་ཐུགས་བསྐྱེད་བྱང་སེམས་སྨོན་ལམ་དང་།། འགྲོ་བའི་བསོད་ནམས་ལ་སོགས་མ་འཛོམས་པར། །བསྟན་པ་མི་དར་དར་ཀྱང་གཟུགས་བརྙན་ཙམ། །སེམས་ལ་མ་དར་དར་བའི་གོ་མི་ཆོད།།ཟབ་རྒྱས་རིག་གཞུང་ཡ་རབས་གོམས་སྲོལ་གྱིས།། བོད་ཅེས་བྱ་བ་མི་གཤིས་རྩ་ཆེ་བས།།གྲོང་ཁྱེར་གཅིག་གི་གྲངས་ལ་མི་དོ་ཡང་།།དབུལ་ཕྱུག་རྒྱལ་ཁམས་ཕལ་ཆེར་སྨོན་པ་ཤོར།། ཁྱད་པར་སྐད་ཡིག་གོམས་སྲོལ་རིག་གང་གི། ལོ་རྒྱུས་ཚད་ལྡན་ཡོད་པའི་ཁྱད་ཆོས་འདིས།།གཞན་ལས་ལྷག་གི་ཚན་རིག་སྟོབས་འབྱོར་སོགས།། གནས་དང་རྐྱེན་གྱིས་བར་ཐག་ཤིན་ཏུ་རིང་།། མདོར་ན་ལུགས་གཉིས་རང་རྐང་ཟིན་མི་ཟིན།།བསྟན་སྲིད་ཕྱག་རྒྱ་གཉན་པོ་ཡོད་མེད་དེ།། དགོན་པས་ཁྱིམ་དང་ཁྱིམ་གྱིས་དགོན་པ་ལ།། གནོད་པ་མ་བྱུང་འབྱུང་བར་མི་འགྱུར་རོ།།རང་ལ་གང་བབས་ལས་སྣ་གཅིག་ལ་བརྩོན།། ཉམས་མྱོང་ཅན་དང་མཁས་པའི་རྗེས་སུ་འབྲངས།། རིགས་ཀྱི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་བྱེད་ན།།མི་རིགས་མངའ་ཐང་དབྱར་གྱི་མཚོ་ལྟར་འཕེལ།། རིག་གཞུང་ཟབ་དང་ལམ་ལུགས་ཞི་བ་ལ།། མི་དགའ་ཤེས་ལྡན་རྒྱལ་ཁམས་གང་དང་སུ།།རང་མོས་དང་ནི་མི་དབང་གང་འདོད་ཀྱིས།། བཀོལ་ཚབས་ཆེ་ཆུང་གཅིག་གྱུར་གཏན་མི་འོངས།། ཆོས་ནི་མི་ཚེ་གཅིག་ལ་འགྲུབ་པ་དཀོན།།ཁྱིམ་གྱི་སོ་ནམ་དེ་ཡང་འགྲུབ་དུས་མེད།། དེ་ཕྱིར་ཆོས་དང་ཁྱིམ་གྱི་ལས་ཀ་གཉིས།། དགོངས་དགོས་དགག་བྱ་གསུམ་གྱིས་འགལ་མི་དཔྱོད།།མདོར་ན་བསྟན་སྲིད་བཀར་བཏགས་ཡོད་མེད་ཀྱིས།། ཆོས་དང་ཚན་རྩལ་མཉམ་དུ་འཕེལ་མི་འཕེལ།། ཤེས་སོ་གཞོན་རབས་མཁས་པའི་ཚོགས་རྣམས་ཀྱི།།ཚིག་ཙམ་བསྐྱར་བཟློས་སྒྲ་ནི་ཆོས་མིན་ནོ།།

 

                     ལྟ་བ་བསམ་བློ་ལག་ལེན་ལས་བདམས།

                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།