ཚ་ཁོ་ངག་དབང་གྲགས་པའི་བསྟོད་པ།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-29 16:08:25
རྩོམ་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀློག་ཐེངས།
ཨཱོཾ་སྭ་སྟི། ཚོགས་གཉིས་ཆ་ཤས་ཡོངས་སུ་རྫོགས་པ་ཅན། ། ངག་གི་དབང་ཕྱུག་རྒྱལ་སྲས་ཟླ་བ་ནི། ། གྲགས་པའི་འོད་དཀར་ཕྱོགས་ཀུན་ཁྱབ་པ་ཡི། ། ཕན་བདེ་ཀུན་དའི་གཉེན་དེ་རྒྱལ་གྱུར་ཅིག། རྒྱལ་བའི་གསུང་དབྱངས་ཀུན་གྱི་ཐོག་མར་ནི། ། མཆོག་ཏུ་བསྔགས་པ་དད་པ་འཕགས་པའི་ནོར། ། དཔག་ཡས་ཡོན་ཏན་འདོད་དགུ་འབྱུང་བའི་གནས། ། ཁྱོད་ཀྱིས་བདག་གིར་མཛད་ལ་ཕྱག་འཚལ་ལོ། ། མ་སྨད་བརྟུལ་ཞུགས་འདབ་སྟོང་རབ་རྒྱས་ཤིང་། ། རྣམ་དག་ཚུལ་ཁྲིམས་སྦྲང་རྩིས་ཉེར་གཏམས་པ། ། སྐལ་བཟང་རྐང་དྲུག་ལྡན་པའི་ཉེར་འཚོའི་གཞི། ། བཤེས་གཉེན་རྐང་འཐུང་དབང་པོ་དེ་ལ་འདུད། ། ཐུབ་པའི་ནང་མཛོད་འདུལ་བ་འབུམ་སྡེའི་དོན། ། ཇི་བཞིན་གཟིགས་ནས་དེ་དོན་བསྒྲུབ་མཛད་པ། ། ཐར་འདོད་ངུར་སྨྲིག་འཆང་བ་དུ་མའི་རྗེ། ། གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། ། རྣམ་དཔྱོད་བློ་གྲོས་སྤྱན་སྟོང་རབ་གསལ་ཞིང་། ། རྒྱལ་བའི་གསུང་རབ་བདུད་རྩིའི་དཔལ་ལ་སྤྱོད། ། སྟོབས་ལྡན་ཉེ་དབང་ཚོགས་ཀྱིས་གུས་བཏུད་པའི། ། སྔོན་མེད་སྐབས་གསུམ་དབང་པོ་དེ་ལ་འདུད། ། ཐུབ་བསྟན་གངས་རིའི་གནས་ལ་མངོན་དགའ་ཞིང་། ། བསླབ་གསུམ་རལ་པའི་ཁུར་གྱིས་རབ་ཏུ་བརྗིད། ། སྙིང་རྗེའི་མིག་དམར་གཡོ་བའི་གད་རྒྱངས་ཅན། ། དཔལ་ལྡན་གདོང་ལྔའི་དབང་པོ་དེ་ལ་འདུད། ། བདེ་གཤེགས་བསྟན་པ་རིན་ཆེན་རི་བོའི་ཁུར། ། མ་ལུས་འཛིན་ལ་ངལ་བ་མི་མངའ་ཞིང་། ། དགེ་ལེགས་ལོ་ཐོག་མཐའ་དག་བསྐྲུན་པའི་གཞི། ། མཚུངས་མེད་བླ་མ་རྒྱ་མཚོའི་གོས་ཅན་རྒྱལ། ། ཐབས་དང་ཤེས་རབ་འདབ་མ་ལེགས་བསྐྱོད་ནས། ། རྒྱ་ཆེན་ཤེས་བྱའི་མཁའ་ལ་རྣམ་རོལ་ཞིང་། ། ཐུབ་པའི་ལེགས་བཤད་ཡིད་བཞིན་མཚོར་འཇུག་པའི། ། དཔལ་ལྡན་མཁའ་འགྲོའི་དབང་པོ་དེ་ལ་འདུད། ། བསླབ་གསུམ་ཡོངས་འདུའི་རྩ་བ་རབ་བརྟན་ཞིང་། ། མཁྱེན་བརྩེའི་གྲིབ་བསིལ་ཕྱོགས་ཀྱི་མཐར་འགྲོ་བ། ། ཡོན་ཏན་ཡལ་འདབ་འཕྲིན་ལས་འབྲས་བུས་བརྗིད། ། ཕན་བདེའི་དཔག་བསམ་ལྗོན་པ་དེ་ལ་འདུད། ། མི་མཉམ་བཤེས་གཉེན་མཆོག་གིས་ལེགས་བཟུངས་ཤིང་། ། ལྷག་བསམ་རྒྱ་ཆེན་བརྩོན་པའི་མཐུ་ལྡན་པས། ། གདུལ་དཀའི་འགྲོ་བ་འདུལ་ལ་ཐོགས་མེད་པ། ། རྒྱལ་སྲས་སྨོན་ལམ་སྟོབས་ལྡན་དེ་ལ་འདུད། ། དམ་པ་ཁྱོད་ཀྱི་རྨད་བྱུང་མཛད་པ་ཡིས། ། མཁས་མཆོག་ཀུན་གྱི་ཡིད་ཀྱི་དབང་པོ་འཕྲོག། རྒྱལ་བ་དགྱེས་པའི་ལམ་བཟང་གསལ་མཛད་པ། ། མཐའ་ཡས་འགྲོ་བའི་འདྲེན་པ་མཉམ་མེད་རྒྱལ། ། རིན་ཆེན་རི་བོའི་དབུས་ན་ལྷུན་པོ་དང་། ། འདབ་སྟོང་རྒྱས་པའི་ཚལ་ན་པད་དཀར་བཞིན། ། བསྟན་འཛིན་རྒྱུ་སྐར་ཁྲོད་ན་ལྷམ་མེ་བ། ། བཤེས་གཉེན་མཚན་མོའི་མགོན་པོ་དེ་ལ་འདུད། ། ཚོགས་གཉིས་མགྱོགས་འགྲོའི་རྟ་ལྗང་ལ་གནས་ཤིང་། ། བདེ་གཤེགས་བསྟན་པ་ལྷ་ཡི་ལམ་ལ་བགྲོད། ། རྣམ་དག་འཕྲིན་ལས་འོད་ཟེར་སྟོང་ལྡན་པས། ། གདུལ་བྱ་པདྨོའི་གཉེན་གྱུར་དེ་ལ་འདུད། ། མང་ཐོས་ཆུ་གཏེར་ཆེན་པོའི་འཇིང་ལགནས། ། བརྩེ་བའི་གདེངས་ཀ་བསླབ་གསུམ་ནོར་བུས་བརྗིད། ། བདུད་སྡེ་འདབ་བཟང་དགྲ་ལསརྣམ་རྒྱལ་བའི། ། མཚུངས་མེད་ལག་འགྲོའི་དབང་པོ་ཁྱོད་ལ་འདུད། ། བྱམས་པའི་ཐུགས་ཀྱིས་འགྲོ་ལ་བུ་ལྟར་དགོངས། ། བརྩེ་བས་རྟག་ཏུ་གདུལ་བྱའི་དོན་ལ་བརྩོན། ། རིམ་གཉིས་ཏིང་འཛིན་བདེ་བས་རྣམ་རོལ་པ། ། ཡོངས་རྫོགས་བཤེས་གཉེན་ཁྱོད་ལ་བདག་ཕྱག་འཚལ། ། དེ་ལྟར་མཁས་པས་རབ་ཏུ་བསྔགས་པའི་གནས། ། བཤེས་གཉེན་མཆོག་ལ་ཅུང་ཟད་བསྟོད་པ་ཡི། ། དགེ་བ་འདི་ཡིས་ཉམ་ཐག་འགྲོ་བ་ཀུན། ། ཡོངས་འཛིན་དམ་པས་རྟག་ཏུ་སྐྱོང་བར་ཤོག། བདག་ཀྱང་ཚེ་རབས་ཀུན་ཏུ་དམ་པའི་ཆོས། ། རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུངས་ནས། ། རྟག་ཏུ་བསྟན་དང་འགྲོ་བའི་དོན་ཆེན་ལ། ། མི་མཉམ་ཁུར་ཆེན་འཁྱེར་ལ་བརྩོན་པར་ཤོག། ཅེས་མཐའ་ཡས་པའི་ཡོན་ཏན་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པའི་མཁན་ཆེན་ཚ་གོ་པ་ངག་དབང་གྲགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། དེ་ཉིད་ཀྱི་དཔོན་པོ་ལུང་དང་རྟོགས་པའི་རྒྱན་དང་ལྡན་པ། བླ་མ་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྦྱར་བའོ། ། ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
བརྒྱུད་འགོད།
