།ཀ་མད་སུམ་ཅུ་ལུགས་འབྱུང་ལྡོག་གི་སྒོ་ནས་བླ་མའི་ཡོན་ཏན་ཆ་ཤས་ཙམ་དུ་གླེང་བ་རྨད་བྱུང་བདུད་རྩིའི་ཟེགས་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-08-29 09:25:03     རྩོམ་པ་པོ།   དམུ་དགེ་རྨད་བྱུང་རྒྱ་མཚོ    ཀློག་ཐེངས།  
            ཨོཾ་ཨཱཿ  གུ་རུ་བཛྲ་དྷ་ར་བྷཱ་བུ་ཀཾ་ཝཱ་གིནྡྲ་སདྡྷརྨ་ཤྲཱི་བྷདྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། 

༄༅།   །ཀ་མད་སུམ་ཅུ་ལུགས་འབྱུང་ལྡོག་གི་སྒོ་ནས་བླ་མའི་ཡོན་ཏན་ཆ་ཤས་ཙམ་དུ་གླེང་བ་རྨད་བྱུང་བདུད་རྩིའི་ཟེགས་མ།

 ན་མོ་གུ་ར་ཝེ།

བདེ་གཤེགས་ཀུན་གྱི་གསང་གསུམ་རིན་ཆེན་འོད།།
མཁྱེན་རབ་ཐིག་ལེར་ཕྱོགས་གཅིག་སྤུངས་པའི་གཏེར།།
ལྷ་མཆོག་འཇམ་དབྱངས་སྨྲ་བའི་ཟླ་ཟེར་གྱིས།།
བདག་བློ་ཀུ་མུད་རབ་ཏུ་བཞད་པར་མཛོད།།

ཡན་ལག་དྲུག་ཅུའི་དབྱངས་ལྡན་མི་ཡི་གར།།
མཚན་དཔེའི་ལང་ཚོ་འབར་བའི་ངག་དབང་ལྷ།།
སྙན་འཇེབས་ནོར་བུའི་ཚིག་གི་དགོས་འདོད་དཔལ།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཁྱིམ་དུ་སྩོལ།།

ཁམས་གསུམ་འགྲོ་ལ་རེ་སྐོང་དགོས་འདོད་ནོར།།
ལེགས་བཤད་ཐར་ལམ་སྟོན་པའི་རྟ་བདུན་དབང་།།
རབ་འབྱམས་ཤེས་བྱའི་ཆ་ཤས་ཀུན་རྫོགས་པ།།
འདྲེན་མཆོག་དཔལ་ལྡན་བླ་མ་གཙུག་གིས་མཆོད།།
 
 ༼༡༽
ཀ་དག་སྟོང་ཉིད་སྙིང་རྗེ་སྙིང་བོ་ཅན།།
ཁ་བ་རི་བའི་ལྷ་གཅིག་སྤྱན་རས་གཟིགས།།
ག་ནས་མོས་ཀྱང་ཐུགས་རྗེ་མྱུར་འཇུག་མཁན།།
ང་ཡི་བླ་མའི་ཞབས་པད་བརྟན་གྱུར་ཅིག།
 ༼༢༽
ཅ་ཅོ་འདུ་འཛིའི་ལས་ལ་མ་ཞུགས་པར།།
ཆ་ལུགས་ངུར་སྨྲིག་གར་གྱི་རྣམ་རོལ་ཅིང་།།
ཇ་ཐུན་གཅིག་རེས་ཉིན་འཁྱོངས་བགྱིས་པ་ཡི།།
ཉ་རྒྱས་ཟླ་ལྟར་ཤེས་རབ་འཕེལ་ལ་འབད།།
  ༼༣༽
ཏ་ཐཱ་ག་ཏའི་མདོ་སྔགས་རྒྱལ་མཚན་ཆེ།།
ཐ་དད་མ་ཡིན་འགལ་མེད་གྲོགས་འཆར་མཁན།།
ད་གདོད་ནས་བཟུང་བླ་མེད་བྱང་ཆུབ་བར།།
ན་ཚོད་ཡོལ་བའི་སློབ་བུའི་མགོན་སྐྱབས་མཛོད།།
   ༼༤༽
པ་ཏ་ཀ་ཡི་དྲི་བསུང་འཐུལ་བཞིན་དུ།།
ཕ་རོལ་ཕྱིན་པའི་ལམ་ཆེན་འཚོལ་བ་ལ།།
བ་ཀུ་ལ་ཡི་རྗེས་འགྲོ་གནས་བརྟན་ཆེ།།
མ་ལུས་སྒྲ་རིག་སྨྲ་ལ་ཁྱེད་ལས་སུ།།
  ༼༥༽
ཙ་ཀཱ་ར་ཡི་བརྡ་སྤྲོད་རྣམ་པ་བཞི།།
ཚ་གྲང་དཀའ་བའི་ལས་ལ་མ་འཛེམས་པར།།
ཛ་ལང་རྩིང་བོའི་ལས་སོགས་རྒྱང་གཡུགས་ནས།།
ཝ་ལེར་གངས་རིའི་ལྗོངས་འདིར་དར་བ་བྱས།།
 ༼༦༽
ཞ་ལུ་པཎ་ལྟར་ལྗོངས་འདིའི་སྐད་བརྡ་རིག།
ཟ་མཆོག་ཇི་བཞིན་འཚོལ་ལ་ངར་སྐྱེད་མཁན།།
འ་འུར་མེད་པར་བརྡ་སྤྲོད་གཞུང་གི་དོན།།
ཡ་མཚན་འཁྲུལ་མེད་འཆད་མཁས་ཁྱེད་ཉིད་སུ།།
 ༼༧༽
ར་བ་གངས་རིས་ཡོངས་བསྐོར་ཞིང་ཁམས་འདིར།།
ལ་ལུང་གང་དུ་སྒྲ་རྩིས་སྡེབ་སྦྱོར་མཁན།།
ཤ་ཁྲག་རུས་པ་བཙོངས་ནས་འཚོལ་ཡང་རུང།།
སཱ་ལའི་ལྗོངས་ན་ཁྱེད་ཉིད་ལས་གཞན་དཀའ།།
 ༼༨༽
ཧ་ཅང་སྙན་པའི་རྒྱས་འགྲེལ་ཉིན་སྣང་སོགས།།
ཨ་མའི་བུ་ལ་དུང་བས་ཕྱི་བཞག་ནོར།།
ཧ་གོ་ཡོད་པའི་གངས་ཕྲུག་དར་མ་ཚོ།།
ཨ་ཅག་འཇོན་པོ་ཡོད་ན་ལག་ཏུ་ལོངས།།
   ༼༩༽
ཨ་ཁུ་སྒྲ་བའི་སྙན་པའི་བ་དན་དཀར།།
ཧ་གོ་ཡོད་པའི་རིགས་མ་འབུམ་ཕྲག་གིས།།
ཨ་མ་ཏཱ་རེ་མ་དང་ཡི་དམ་ལྷར།།
ཧ་ཅང་འགྱུར་མེད་བརྟན་པོའི་དད་འདུན་ཡོད།།
   ༼༡༠༽
ས་སྟེང་འདི་ན་རྙེད་དཀའི་དབྱངས་འཆར་རྒྱུད།།
ཤ་ཚའི་བདག་ཉིད་མགོན་པོ་ཁྱེད་ཉིད་ཀྱིས།།
ལ་ལུང་གདུལ་བྱའི་ཚོགས་ལ་གནང་མཛད་པས།།
ར་བ་གངས་རིས་བསྐོར་འདིར་དར་བར་བྱས།།
   ༼༡༡༽
ཡ་མཚན་མཛངས་པའི་གོ་འཕང་བརྙེས་ཀྱང་རུང་།།
འ་འུར་མེད་པའི་དབེན་པར་སྐྱབས་བཅོལ་ནས།།
ཟ་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་མཁན།།
ཞྭ་སེར་བསྟན་པའི་མཛེས་རྒྱན་ཁྱེད་ལས་སུ།།
   ༼༡༢༽
ཝ་ལེར་གྲུབ་དབང་སྒྲ་དབྱངས་ལྷ་མོ་ཡིས།།
ཛ་ག་ཏཱི་དང་རྩོམ་པའི་པདྨོའི་འདབ།།
ཚ་ཟེར་སྣང་བའི་གྲོལ་མཛད་ཉིན་མོའི་མགོན།།
ཙ་རི་ལྟར་བསིལ་ལྗོངས་འདིའི་དར་ཆེན་གཅིག།
   ༼༡༣༽
མ་ལུས་འགྲོ་ལ་བྱམས་དང་བརྩེ་བས་ལྟ།།
བ་ལུ་མཁན་ལྟར་ཆོས་ཀྱི་དྲི་བསུང་འཐུལ།།
ཕ་རོལ་ཕྱིན་དྲུག་སྤྱོད་པའི་ཉམས་ལེན་མཛེས།།
པ་བ་སངས་ལྟར་མཛེས་པའི་བཤེས་གཉེན་རྨད།།
  ༼༡༤༽ 
ན་གཞོན་སློབ་བུ་སྟོང་གི་ལམ་སྟོན་པ།།
ད་ལྟ་མཁས་མང་ཁྲོད་ཀྱི་སྐར་ཆེན་པ།།
ཐ་མར་དགེ་བ་གཉིས་མེད་ཡེ་ཤེས་པ།།
ཏ་ཐཱ་ག་ཏའི་གོ་འཕང་མཐོར་གཤེཊ་པ།།
   ༼༡༥༽
ཉ་གང་ཟླ་ལྟར་འགྲོ་ལ་སྣང་སྦྱིན་མཁན།།
ཇ་ཡུན་ཙམ་གྱི་ཕན་པའི་དཔལ་སྟེར་མཁན།།
ཆ་ཤས་གསུང་གིས་ཡིད་ལ་སྨན་མཛད་མཁན།།
ཅ་ག་དག་པོའི་ཤཱཀྱའི་སྲས་ལ་འདུད།།
  ༼༡༦༽
ང་ཅག་བསླུ་མེད་དཀོན་ཅོག་རྣམ་གསུམ་པོར།།
ག་ནས་བཏུད་ན་འཇིགས་ལས་སྒྲོལ་བ་ལ།།
ཁ་ཙམ་མིན་པར་ཡིད་ཀྱིས་གསོལ་བཏབ་པས།།
ཀ་སྐྱོར་བཞིན་དུ་བླ་མའི་སྐུ་ཚེ་སྲིངས།།
སྨྲས་པ།
ཨི་ཡིག་བཞིན་དུ་གུས་པ་ན།།
ཨུ་ཡིག་ཡར་ལྟའི་བུམ་བཟང་ནང་།།
ཨེ་དྲང་གཟུར་བོས་མཐའ་སྐྱོར་བར།།
ཨོ་ཨོ་ཞལ་གསུང་བདུད་རྩིར་རོལ།།

བསླབ་གསུམ་ནོར་བུའི་ས་གཞི་ལ།།
འཛད་མེད་ཤེས་བྱའི་བདུད་རྩི་འཁྱིལ།།
བྱམས་བརྩེའི་ཉི་ཟླ་གསལ་བ་རུ།།
ལྷག་བསམ་འདབ་མ་མངོན་པར་བཞད།།
སརྦ་མངྒ་ལཾ། ། དགེའོ།།    །།


དམ་པ་ཁོང་གི་ཞབས་རྡུལ་ཡུན་རིང་བསྟེན་པའི་གྱི་ན་བ་དམུ་དགེ་རྨད་བྱུང་རྒྱ་མཚོས།
 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།