བླ་མ་ལ་ཕུལ་བའི་འཕྲིན་ཡིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-01-04 23:31:10     རྩོམ་པ་པོ།   གཟུངས་ཐར་སྐྱིད།    ཀློག་ཐེངས།  

བླ་མ་ལགས། ཁྱེད་ནི་ངའི་སེམས་ཁོང་གི་ཉི་མ་ཡིན་ལ་མཁའ་དབྱིངས་སུ་འོད་སྟོང་ཆེམ་ཆེམ་དུ་འཕྲོ་བའི་འཛམ་གླིང་གི་ཉི་མ་སེར་པོ་དེ་ཡིན།

བླ་མ་ལགས། ཁྱེད་ནི་ཞག་སྒྲོན་དང་འདྲ་སྟེ།   ཅི་ཡང་མི་ཤེས་ཤིང་།  ཅི་ཡང་མེད་པའི་དབུལ་བོའི་ཁང་ཧྲུལ་དེ་ནས་ང་བཙལ་ཅིང་རྙེད་པར་མ་ཟད་ཡང་དག་པའི་ལམ་དུ་ཁྲིད།

བླ་མ་ལགས། ཁྱེད་ནི་ངའི་ལེགས་ཚོགས་ཀྱི་ས་བོན་འདེབས་པ་པོ་དེ་ཡིན་ལ། ཁྱེད་མེད་ན་ངའི་སེམས་ཀྱི་ཞིང་ས་འདི་ས་རྒོད་ཡིན་ལ། ཁྱེད་མེད་ན་ངའི་རྒྱུད་ཀྱི་ས་བོན་འདི་ཡང་སྐམ་པོ་ཡིན། 

བླ་མ་ལགས། ད་ལྟ་ངའི་སེམས་རྒྱུད་ཀྱི་ས་འདི་ཇེ་ལེགས་སུ་སོང་ནས་ངའི་མི་ཚེ་ལ་དོན་ལྡན་གྱི་ལོ་ཏོག་རེ་རེ་འཁྲུངས་ཡོང་།  འདི་ཐམས་ཅན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས་གཞན་སུ་ཡང་མིན།

བླ་མ་ལགས། ཁྱེད་ཀྱི་མཚན་ཁྱད་པར་དུ་འཕགས་པ་འདིས་ང་བག་མེད་ཀྱི་གཡང་ཁ་ནས་ཕྱིར་དྲངས་པ་ལན་གཅིག་ལན་གཉིས་ཙམ་མིན། བླ་མ་ལགས། ཁྱེད་ཀྱི་ལྷག་བསམ་དཀར་པོ་དེས་ང་རང་དབང་མེད་པར་ཁྱེད་ལ་དད་ཅིང་གུས་པར་བྱས་སོང་།

བླ་མ་ལགས།  ང་ལ་མཚོན་ན་བླ་མ་ལས་ལྷག་པའི་དཀའ་དྲིན་ཅན་ཞིག་གང་ན་ཡོད། བླ་མ་ལགས། དེ་ཡང་ངའི་འདི་ལྟར་དྲན་སོང་།  ང་ཡུན་རིང་དུ་འཁོར་བར་འཁྱམས་པས་དེ་ན་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་ཚེ་ན་བླ་མ་ཁྱེད་ཀྱིས་ང་བསྐྱབས་སོང་།

བླ་མ་ལགས། རིན་པོ་ཆེ་ཁྱེད་ནི་ངའི་སེམས་རྒྱུད་ན་རྟག་ཏུ་གནས་ཤིང་ང་སྡུག་བསྔལ་ལས་མནན་ཡོད་པའི་ཉོན་མོངས་དེ་དག་ལས་ཡོངས་སུ་བསྐྱབས་སོང་།

 བླ་མ་ལགས། ངའི་སེམས་ཀྱི་བླ་མ་ལ་དད་པ་འདི་འགྱུར་མི་སྲིད་ལ་ནམ་ཡང་འགྱུར་བ་མེད།

 བླ་མ་ལགས། ཡི་དམ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་པར་ཤོག། 

བླ་མ་ལགས། གལ་ཏེ་ང་ཡི་གེ་ལ་ཐོགས་པ་མེད་པའི་སྙན་ངག་པ་ཞིག་ཡིན་ན་ངས་རང་ཉིད་ཀྱི་སེམས་གཏིང་གི་དུང་ཞེན་ཡོད་ཚད་སྙན་ངག་ཏུ་བསྒྱུར་འདོད།

བླ་མ་ལགས། སྐུ་ཚེ་བརྟན་པར་སྨོན། བླ་མ་ལགས། བསམ་དོན་འགྲུབ་པར་སྨོན།

(གསལ་བཤད།  རྩོམ་པ་པོ་ནི་སློབ་གྲྭར་འགྲིམ་མ་མྱོང་བའི་ཞིང་གྲོང་གི་བུད་མེད་ཅིག་ཡིན་ལ།  འདིར་ཡིག་ནོར་འགའ་དང་ཚིག་རེ་གཉིས་བཅོས་པ་མ་གཏོགས་ཇི་བཞིན་བཀོད་ཡོད།)


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།