ཁྱབ་བདག་དགེ་ལེགས་ཡར་འཕེལ་མཆོག་དྲན་པའི་རྣམ་ཐར་བློར་བྲིས་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-02-23 20:33:27     རྩོམ་པ་པོ།   མང་དགེ་བསོད་ནམས་འབྱུང་གནས།    ཀློག་ཐེངས།  

དུས་ངན་སྙིགས་མའི་གཤིས་ཀྱི་ཁམས་དང་བསྟུན་ཅིང་། །

ཟོལ་གྱིས་མ་གོས་རང་བཞིན་དྲང་བོའི་ངག་གིས། ། 

ཐུན་མིན་གསང་བའི་རྣམ་ཐར་རེ་ཞིག་བསྐྱུར་ནས། །

ཚུར་མཐོང་བྱིས་པའི་ངོགས་ཀྱི་ལོ་རྒྱུས་འབྲི་འོ། །

བརྡ་དག་ཚིག་རྒྱན་ཉམས་ཀྱི་མཛེས་ཆ་དོར་ལ། །

ལོ་རྒྱུས་གོང་འོག་བསྒྲིགས་པའི་ངལ་བ་བོར་ནས། །

དེང་འདིར་ཕལ་བའི་སྐད་ཀྱིས་བླ་མའི་རྣམ་ཐར། །

ནག་པོ་འགྲོ་ཤེས་བྱེད་པར་ཅིས་ཀྱང་སྤྲོ་འོ། ། 

མཆོད་བརྗོད་གླེང་སློང་སོགས་ཀྱང་དགོས་དོན་ཆེ་ལ། །

བཤད་ཐབས་ཡན་ལག་ལྔ་ཡང་ཤིན་ཏུ་འགངས་མོད། །

རངས་པ་རངས་བར་བླ་མའི་རྣམ་ཐར་འདི་ཀོ །

མྱུར་བ་མྱུར་བར་འབྲི་རྒྱུར་ཤིན་ཏུ་བྲེལ་ལོ། ། 

འདི་ནས་བརྩིས་པའི་མི་ལོ་གཉིས་བརྒྱའི་གོང་དུ། ། 

ཤེས་ཚན་གློག་གི་སྒྱུ་འཕྲུལ་མིང་ཡང་མེད་དུས། །

རང་ཁྱིམ་རང་ལ་དབང་བའི་བསྐལ་བཟང་དུས་དེར། །

སྐྱེས་ཆེན་གནམ་གྱི་ཉི་ཟླ་མང་དུ་བྱོན་སྐད། ། 

ཟླ་ཆུ་རིང་མོའི་འབབ་རྒྱུད་དྭངས་གཙང་ཡིན་དུས། །

མི་གཙང་རྫས་ཀྱི་དྲི་མ་ཏིལ་ཙམ་མེད་སྐབས། །

ལྷུང་ལྷུང་ཆུ་བོའི་འགྲམ་གྱི་མདོ་སྟོད་ཞིག་ན། །

ཕ་ཡུལ་མང་དགེ་སྡེ་བ་མཚོ་ལྟར་ཆགས་འདུག ། 

དཔོན་རབས་མུ་ཏིག་བརྒྱུས་འདྲའི་གདུང་རྒྱུད་ཡོད་ས། །

བཟའ་ཚང་འཆམ་མཐུན་འཚོ་བའི་མཛའ་བརྩེ་དམ་ས། །

གང་ལ་སྨོན་དགོས་མེད་པའི་ཕྱི་ནང་ཀུན་འཛོམས། །

ལྟེ་མཚལ་ཐོག་མར་འཕོ་སའི་གཞིས་ཁྱིམ་ཡིན་འདུག ། 

རི་ལ་ཕྱུགས་རྫིར་སོང་ན་ཁ་ཏོན་འདོན་ཞིང་། །

ཁྱིམ་ནས་ཤུལ་སྲུང་བསྐྱུར་ན་སེམས་ཁ་བདེ་བའི། །

ཆུང་ཆུང་ལོ་བདུན་ཅན་གྱི་རྣམ་སྲས་བདེ་ཆེན། །

དཔོན་ཚང་བཀྲ་ཤིས་ཚང་གི་རྒྱུན་འཛིན་ཡིན་འདུག ། 

འ༷བྲི་ཀློག་འདོན་གསུམ་དགོས་ན་ཁ༷་ལྕེ་དག་ཅིང་། །

འ༷བྲི་ཞོ་མངར་མོ་འཐུང་ན་ཁ༷་ཆུ་བཞུར་བ། །

འབྲུ་ཚ་དུས་སྦྱོར་སོགས་ཀྱང་ཚེགས་མེད་མཁྱེན་པའི། །

ཁ་ཡ་ན་ཟླ་ཀུན་གྱི་སྨོན་ས་ཡིན་འདུག ། 

གཙུག་ཕུད་ཕུལ་ཏེ་ཚིགས་སྔའི་སྡོམ་པ་གནང་ཞིང་། །

རྟེན་འབྲེལ་ལེགས་པའི་རྣམ་སྲས་རྗེས་གནང་བསྐུར་བའི། ། 

ཐུགས་བརྩེས་དགྱེས་བཞིན་གཟིགས་པའི་ལྕགས་ར་སྐུ་མཆོག །

ཁོང་གི་ཚེ་རབས་ལས་ཀྱི་ལྷ་སྐལ་ཡིན་འདུག ། 

རང་ཡུལ་ཕ་ས་སྨུག་པོ་རྒྱབ་ཏུ་བཞག་ཅིང་། ། 

དྲིན་ཕ་མའི་བརྩེ་བ་ཐུགས་ལ་བཏེགས་ནས། །

དབུས་འགྱུར་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད་པ། །

ཐོས་པའི་འགྲུལ་བཞུད་རིང་མོའི་གོམ་སྟབས་ཡིན་འདུག །

སེ་ཤིང་ར་བས་བསྐོར་བའི་ཆོས་སྡེ་ཞིག་ན། ། 

དྷཱི་སྐད་བྲག་ཅར་མཆེད་པའི་རྩོད་གྲྭ་དེ་ན། །

གཟན་སྣེ་སྐེད་ལ་དཀྲིས་ནས་བརྒལ་བརྟག་བགྱིད་པའི། །

ཁམས་ཕྱོགས་གྲྭ་རྒྱུན་རྣམ་པའི་མགོ་རྣ་ཡིན་འདུག །

ཁྲི་ཆེན་རྡོ་རྗེ་འཆང་གི་ཐུགས་འདང་ཆེ་ཞིང་། །

ཤིང་ཟ་སྤྲུལ་བའི་སྐུ་ཡི་ཆོས་ཀྱི་མཆེད་གྲོགས། །

འགྱུར་མེད་དམ་ཚིག་བརྟན་པའི་ངག་དབང་ཡར་འཕེལ། །

མཐོ་དམན་དྲག་ཞན་མེད་པའི་སེམས་ལ་བབ་འདུག །

འཛམ་བུའི་ཆུ་གསེར་དྭངས་མ་ས་འོག་ཡོད་རུང་། །

འོད་ཟེར་ནམ་མཁའ་སྟོང་བའི་བར་སྣང་འཕྲོ་བ། །

བཟློག་མེད་ཆོས་ཉིད་གཤིས་ལ་བདེན་ཁ་སྟེར་བའི། །

དཀྱིལ་འཁོར་གཅིག་པའི་གྲོགས་ཚོའི་མིག་དཔེ་ཡིན་འདུག །

རང་བྱུང་ནད་ཡམས་དྲག་པོས་འགྲོ་ཀུན་གཙེས་ཤིང་། །

ཕན་ཚུན་འདྲི་གཏུགས་དཀའ་བའི་དུས་ངན་ཞིག་ལ། །

ཕྱི་ནང་བར་ཆད་བདུད་ཀྱི་ཟ་ཁ་དར་སྐབས། །

མི་འདོད་བཞིན་ཡུལ་ལ་ལོག་དགོས་བྱུང་འདུག །

ཀློག་པ་ཐོས་བསམ་ལས་ལ་གཅིག་ཏུ་བརྩོན་ཅིང་། །

ཐོས་དོན་རྒྱུད་ལ་སྦྱོར་བར་བྱང་ཞིང་ཆུབ་པ། །

འདི་སྣང་འཁོར་བའི་ཆོས་ལ་ཞེན་པ་ལོག་པའི། །

བྱང་ཆུབ་སེམས་དཔའི་གཤིས་ཤིག་གདོད་ནས་ཡོད་འདུག །

གདུག་སྤྱོད་ངན་དགུའི་རྩེད་མོ་དགུ་བསྒྲིགས་བྱས་ཏེ། །

བག་མེད་ཚུལ་འཆལ་སྤྱོད་པ་གང་སར་ཁྱབ་སྐབས། །

དམ་ཆོས་དྲི་མ་མེད་པའི་མེ་རོ་གསོས་པས། ། 

རྒྱལ་བསྟན་བསྐལ་བ་གཅིག་གིས་ཇེ་རིང་བཏང་འདུག །

རྟ་དབྱངས་འདུར་གསུམ་རིགས་ལ་ཐུགས་རྩིས་ཆེ་ཞིང་། །

ཆོས་སྤྱོད་ཚོགས་སྒོ་ཀུན་ལ་དོ་སྣང་མཛད་དེ། །

དགོན་པའི་ཕྱི་ནང་གཉིས་ཀ་ཇེ་རྒྱས་བཏང་བའི། །

ལྔ་བ་ཆེན་མོའི་རྣམ་ཐར་བདག་གིར་བཞེས་འདུག ། 

གནག་སྣུམ་ལན་བུའི་རྩེ་མོ་རྒྱབ་ཏུ་དཔྱངས་ཤིང་། །

ཁ་ཚར་གོང་བའི་ཁ་ནས་ཟུར་མིག་འཕེན་པའི། །

སྐྱེས་བཟང་ལང་ཚོ་སྨིན་པའི་སྨན་ཤར་མང་བོས། །

བརྩེ་སེམས་ཁ་ཆུ་བཞུར་སའི་སྟག་ཤར་ཡིན་འདུག ། 

ཨོ་འོན་ནུད་སྤྲུལ་མཆོག་གི་མཚན་ནས་བརྗོད་ན། །

དད་པའི་སྤུ་ལོང་གཡོ་བའི་མཆི་མ་འཁྲུགས་ཤིང་། །

ཅི་གསུང་བཀའ་བཞིན་བསྒྲུབས་ལ་སྙིང་རུས་ཆེ་བ། །

རྗེ་བཙུན་མི་ལ་རས་པའི་མན་ན་མི་འདུག ། 

རང་རྒྱུད་སྨིན་པར་བྱེད་ལ་སྦྱིན་སོགས་བརྩོན་ཞིང་། །

གཞན་རྒྱུད་རྫོགས་པའི་དོན་དུ་བསྡུ་བཞི་བསླབ་པ། །

དོན་གཉིས་ལྷུན་གྱིས་གྲུབ་པའི་དགེ་ལེགས་ཡར་འཕེལ། །

མགོན་མེད་ཉམ་ཐག་མང་བོའི་སྐྱབས་མགོན་ཡིན་འདུག །

དད་གཤིན་རྫས་ཀྱི་ཉེས་དམིགས་ཐུགས་ལ་བརྣགས་ཤིང་། །

རིགས་དྲུག་འགྲོ་བའི་ལས་དབང་རྟག་ཏུ་སེམས་པའི། །

བྲག་དཀར་རྒོད་ཚང་གོང་མའི་ལྟེམ་ཆ་དེ་ལ། །

ཚོད་མའི་བཅུད་ལེན་མཛད་ནས་ཡུན་རིང་བཞུགས་འདུག །

འཁོར་སློབ་དད་ལྡན་རྣམས་ལ་དབང་ཁྲིད་གནང་ཞིང་། །

སྟོད་སྨད་དབུས་གཙང་ཀུན་ལ་ཆོས་འབྲེལ་བཞག་སྟེ། །

འཇིག་རྟེན་ཆོས་བརྒྱད་དྲི་མས་གཏན་ནས་མ་གོས། །

ཉམས་རྟོགས་མཐོན་པོར་གཤེགས་པ་མང་བོས་མཐོང་འདུག ། 

སྤྲུལ་བའི་བླ་ཆེན་མང་པོས་མཇལ་ཁ་ཞུས་ཤིང་། ། 

ཆེ་ཆུང་སྡེ་དགོན་དུ་མས་གདན་འདྲེན་གནང་བ། །

ཀུན་ལ་རིས་ཆད་ཉེ་རིང་ཕྱོགས་ཙམ་མེད་པར། ། 

ཆོས་ཀྱི་རྒྱལ་མཚན་མཐོན་པོ་ཕྱོགས་བཅུར་བསྒྲེངས་འདུག ། 

དགའ་ལྡན་ཁྲི་ཆེན་དྲུང་དུ་དོགས་གཅོད་ཕུལ་ལ། །

འབར་ཆུང་བཀྲ་ཤིས་རྒྱ་མཚོར་རྩོད་ལན་བསྐུར་ཏེ། །

རིས་མེད་སྐྱེས་ཆེན་དུ་མའི་ཐུགས་རྩེ་གཏད་ས། །

གྲུབ་བརྒྱའི་ཉམས་རྟོགས་བསྡུར་སའི་ཆོས་གྲོགས་ཡིན་འདུག །

རྩེ་གཅིག་སྒྲུབ་ལ་གཞོལ་བས་བླ་མ་དགྱེས་ཤིང་། །

དད་དང་དམ་ཚིག་གཙང་བས་ཡི་དམ་མཉེས་པ། །

བསྟན་པ་ཕྱོགས་བཅུར་སྤེལ་ལ་ཆོས་སྐྱོང་འཁོར་བའི། །

རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་སྲས་ཡིན་འདུག ། 

འཇིག་རྟེན་འཚོ་ཚིས་གཉེར་ལ་ཐབས་ནི་རྡུགས་ཀྱང་། །

ལུགས་གཉིས་གཙུག་ལག་ཟུང་ལ་མཁྱེན་རྒྱ་ཡངས་པ། །

ཉམས་རྟོགས་མགུར་དུ་བཞེངས་ལ་ཐུགས་སྣང་སྤྲོ་བའི། །

ཕྱི་རབས་བུ་ཚའི་དོན་དུ་མགུར་འབུམ་བཞག་འདུག ། 

རྒྱལ་བསྟན་བཤད་སྒྲུབ་ཟུང་གིས་འཛིན་སྐྱོང་དགོས་ལ། །

མདོ་སྔགས་གཅིག་གྲོགས་གཅིག་གི་རྒྱབ་རྟེན་ཡོང་བའི། ། 

བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་བའི། །

མགོན་ཁྱོད་ཨ་ཏི་ཤ་ཡི་ཐུགས་ཚབ་ཡིན་འདུག ། 

དབང་ལུང་མན་ངག་གནང་ན་ལྗགས་རྩེ་རྣོ་ཞིང་། །

བསླབ་ཁྲིམས་འདུལ་བའི་ཕྱག་ལེན་ཞིབ་ཅིང་ཕྲ་བ། །

ཨུ་ཚུགས་འབྲོག་གཤིས་མ་ཡལ་ཆོས་སྡེ་མང་བོར། ། 

འདུལ་ཁྲིམས་དག་ཏེར་མཛད་པའི་རྣམ་ཐར་བསྐྱངས་འདུག ། 

ཤམ་ཐབས་རྡོག་འཁྲིས་བརྒྱབ་པའི་གྲྭ་བ་ལ་ལ། །

ཤ་ཆང་ལོངས་སུ་སྤྱོད་ཅིང་བག་མེད་རོལ་བ། །

བསྟན་པ་ནང་ནས་བཤིག་པའི་སྟ་རེ་ཡིན་པས། །

ཐབས་མཁས་ཐུགས་རྗེ་ཆེན་པོས་གནས་དབྱུང་བཏང་འདུག ། 

སྲིད་ཞིའི་ཕུན་ཚོགས་སྟབས་ཀྱང་ཐུགས་སྣང་ཆུང་ལ། །

འཁོར་རྒྱལ་ཁྲི་འཕང་བརྩེགས་ཀྱང་དགོས་མེད་གཟིགས་པའི། །

མཚུངས་མེད་དཔལ་ལྡན་བླ་མའི་རྣམ་པར་ཐར་བ། །

རྗེས་འཇུག་འདུལ་བྱ་རྣམས་ཀྱི་ཉམས་ལེན་ཡིན་འདུག །

ཆོས་བརྒྱུད་གྲུབ་མཐའ་ཀུན་གྱི་ལྟ་བའི་དགོངས་པ། །

ཀུ་ཤའི་རྩེ་བཞིན་མ་འདྲེས་གསལ་བར་དགོངས་ཀྱང་། །

རང་ལུགས་ལྟ་གྲུབ་སྙིང་བོ་གཙང་མ་བསྐྱངས་པའི། །

མགོན་ཁྱོད་དགེ་ལྡན་བསྟན་པའི་སྲོག་ཤིང་ཡིན་འདུག ། 

ལུང་པ་ཁུག་ཀྱོག་ཅིག་ན་གྱི་ནར་འཚོ་ཞིང་། །

དགེ་སྡིག་བླང་དོར་གནས་ལ་ཀུན་ནས་འཐོམས་པའི། །

སྐྱབས་མེད་མགོད་མེད་གྱུར་པའི་མང་དགེ་ཚོ་བ། །

ཕ་ཡིས་བུ་བཞིན་བསྐྱངས་པའི་བཀའ་དྲིན་དྲན་འདུག ། 

མཐའ་རྒྱ་ཆུང་ཞིང་སྤུས་ཀ་ཤིན་ཏུ་ཞན་པའི། ། 

རྒྱ་ཕིབས་ཐོག་ཁེབས་མེད་པའི་འདུ་ཁང་ཞིག་ན། །

དྲོ་གྲང་ལྷན་གཅིག་འཐབ་པའི་དགེ་འདུན་རྣམ་པར། །

གཙུག་ལག་གསར་བཞེངས་གནང་བའི་བཀའ་དྲིན་དྲན་འདུག །

འཚོ་བའི་ཡོ་བྱད་ཀུན་ལ་ཐུགས་སྣང་མཛད་ཅིང་། །

ཚོགས་ཀྱི་སྒྲིག་ལམ་དེ་ཡང་གསར་བཅོས་གནང་བ། །

དབུས་ཀྱི་གདན་ས་ཆེན་མོའི་ཕྱག་ལེན་ཇི་བཞིན། །

བཅའ་ཡིག་གསར་རྩོམ་མཛད་པའི་བཀའ་དྲིན་དྲན་འདུག །

རྒྱལ་བ་ཤཱཀྱ་ཐུབ་པས་ལུང་དུ་བསྟན་ཅིང་། །

སྤྲུལ་བའི་ལྷ་བཟོས་བཞེངས་པའི་ལོ་རྒྱུས་རིང་བ། །

འཛམ་གླིང་གཡས་བཞག་གསེར་ཐང་མཐོང་གྲོལ་ནོར་བུ། །

འགྲོ་བའི་རྟེན་དུ་བཞེངས་པའི་བཀའ་དྲིན་དྲན་འདུག །

རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོའི་ཡང་ཞུན། །

འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་ཀྱི་གཅེས་ནོར། །

དཀར་པོ་ཆིག་ཐུབ་ལྟ་བུའི་ལམ་རིམ་ཆེན་མོར། །

གོ་སླའི་ཟིན་བྲིས་མཛད་པའི་བཀའ་དྲིན་དྲན་འདུག ། 

ལས་མང་ཁུར་གྱིས་དུབ་ཅིང་ཤིན་ཏུ་གཙེས་པ། ། 

ལྷག་བསམ་རྣམ་པར་དག་པས་བློ་ཡིས་མ་བཟོད། །

འཇིགས་རུང་ཉམ་ངའི་གཡང་ལས་སྒྲོལ་བའི་ཕྱིར་དུ། །

དབང་ལུང་མན་ངག་བསྩལ་བའི་བཀའ་དྲིན་དྲན་འདུག ། 

ཟུང་འཇུག་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་དེ། །

གཟུགས་སྐུ་རགས་པའི་བཀོད་པ་དབྱིངས་སུ་བསྡུས་ཀྱང་། །

མ་འོངས་སྐལ་ལྡན་ལས་འཕྲོའི་འདུན་མ་དགོངས་ནས། །

བདེ་མཆོག་རང་བབ་བྱུང་བའི་བཀའ་དྲིན་དྲན་འདུག །

ནམ་གཞག་དབེན་པའི་རི་ནས་གཅིག་པུར་བཞུགས་ཀྱང་། །

གྲགས་པ་འཛིན་མའི་ཁྱོན་ལ་འབྲུག་ལྟར་ལྡིར་བ། །

བསླབ་གསུམ་ཡོན་ཏན་དཀྱིལ་འཁོར་ཀུན་ནས་རྫོགས་པའི། །

ཉ་རྒྱས་ཟླ་བ་འདྲ་བའི་མགོན་ཁྱོད་དྲན་འདུག །

ལུང་རྟོགས་གཡུ་རལ་སྟུག་པོས་གཉའ་ནས་ཁེབས་ཤིང་། ། 

ཕས་རྒོལ་ལྐོག་མར་འབྱིན་ལ་སྡེར་ཁྱིམ་རྣོ་བ། །

སྣང་སྟོང་རྟེན་འབྲེལ་ང་རོས་ས་གསུམ་འགེངས་པའི། །

གངས་ཀྱི་སེང་གེ་འདྲ་བའི་མགོན་ཁྱོད་དྲན་འདུག ། 

དྲན་པ་ཚིག་ཙམ་མ་ཡིན་སྙིང་ནས་དྲན་བྱུང་། ། 

འདྲེན་མཆོག་བླ་མ་དམ་པའི་བཀའ་དྲིན་དྲན་བྱུང་། །

དྲིན་ལ་འཁོར་ཐབས་མེད་པའི་ངང་ཚུལ་བསམ་བྱུང་། ། 

ཤ་མཆིན་སྟེང་འོག་བརྗེ་འདྲའི་ངུ་རྒྱུ་བྱུང་སོང་། ། 

མདོར་ན་ཆོས་སྤྱོད་རྩེ་དགའི་དཔལ་ལ་རོལ་ཅིང་། །

འཕྲལ་ཡུན་ཕན་བདེའི་རྩ་བ་གཏིང་ནས་ཚུགས་པའི། །

མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས་ཤིང་། །

དགོངས་རྒྱུད་དབྱིངས་རིག་ངོ་བོ་གཅིག་ཏུ་འདྲེས་ཤོག །

    ཅེས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། མཚུངས་མེད་དཔལ་ལྡན་བླ་མ། མཁས་བཙུན་གྲུབ་པའི་དབང་ཕྱུག་བྲག་དཀར་རྒོད་ཚང་བ་«དགེ་ལེགས་ཡར་འཕེལ་མཆོག་སྙིང་ནས་དྲན་པའི་རྣམ་ཐར་བློར་བྲིས་མ་»ཞེས་བྱ་བ་འདི་ནི། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཀྱི་དགོང་མོར་ཐོལ་བྲིས་བྱས་པའོ། ། 

མཆན། གོང་དུ་དམར་རྟགས་བརྒྱབ་ཡོད་པ་ཚང་མ་ཁྱབ་བདག་དགེ་ལེགས་ཡར་འཕེལ་མཆོག་གི་མཚན་གྱི་རྣམ་གྲངས་ཤ་སྟག་ཡིན་ལ། དེ་ཡང་གོ་རིམ་བཞིན་ཐོག་མར་བྱིས་པའི་དུས་ཀྱི་མཚན་དང་། དེ་ནས་དགེ་ཚུལ་དང་དེ་ནས་བསྙེན་རྫོགས་ཀྱི་མཚན་བཅས་སོ། ། 

རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།

                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།