བྲག་དཀར་རྒོད་ཚང་བའི་རྟོགས་བརྗོད་སོས་ཀའི་མེ་ཏོག
རྨད་བྱུང་ད༵གེ་བའི་ལེག༵ས་ཚོགས་འཛིན་པའི་མཛོད།།
ལུང་རྟོགས་ཡོན་ཏན་ནོར་བུའི་ཟ་མ་ཏོག།
སྔོན་མེད་ལེགས་བཤད་དྲ་བའི་འོད་དཀར་ཅན།།
འཕྲིན་ལས་ཡ༵ར་ཟླ་ལྟར་འཕེ༵ལ་རྒྱལ་གྱུར་ཅིག།
དགེ༵་ལྡན་བསྟན་པའི་རྒྱལ་ཐབས་འཛིན་པའི་གཙོ།།
ལེག༵ས་བྱས་ཚོགས་གཉིས་གངས་རིའི་མདངས་འཕྲོ་བ།།
ཡ༵ར་ཚེས་ཟླ་བ་གཞོན་ནུའི་ལང་ཚོ་ཅན།།
འཕེ༵ལ་མཛད་བླ་མ་མཆོག་ལ་དང་བས་འདུད།།
གསེར་བཟང་གཞོན་ནུའི་མདངས་ཀྱིས་མཛེས་པའི་སྐུ།།
དགྱེས་ཆགས་བརྩེ་བའི་འོད་ཟེར་འཕྲོ་བའི་གསུང་།།
སྒྲིབ་མེད་ཡེ་ཤེས་སྤྱན་ཡངས་དག་པའི་ཐུགས།།
གསུམ་ལྡན་རྡོ་རྗེ་འཛིན་པ་ཡང་ཡང་དྲན།།
ཕྱོགས་བཅུའི་རབ་འབྱམས་ཞིང་དུ་བཞུགས་པ་ཡི།།
དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཟི།།
གཅིག་ཏུ་བསྡུས་ཀྱང་ཆ་ཚམ་མི་མཚོན་པའི།།
ཡོན་ཏན་ལྷུན་རྫོགས་ཁྱོད་ཉིད་ཡང་ཡང་དྲན།།
གཙུག་ལག་ནོར་གྱིས་རབ་ཏུ་ཕྱུག་གྱུར་ཀྱང་།།
འདོད་ཡོན་སྒྱུ་མས་བསླུ་བྲིད་མ་ཐེབས་པའི།།
དཔལ་ལྡན་སྲིད་ཞིའི་མཆོད་ནོར་ཁྱོད་ལགས་ཞེས།།
ཕྱོགས་ཀྱི་བུ་མོས་ངལ་མེད་བཟླས་ལ་བརྩོན།།
དེ་ལྟར་གསང་གསུམ་འཕྲིན་ལས་མཐར་ཕྱིན་པའི།།
རླབས་ཆེན་འདྲེན་པ་གང་དེའི་རྣམ་ཐར་འགངས།།
སྡེབ་ལེགས་ཚིག་གི་ཕྲེང་བར་བསྟར་ལགས་ན།།
དཔྱོད་ལྡན་དགྱེས་པའི་ཚེམས་དཀར་འཕྲོ་བར་རིགས།།
རྒྱལ་བའི་འཁྲུངས་སྐར་རྒྱལ་དང་འཛོམས་པའི་དུས།།
རབ་བྱུང་བཅུ་གསུམ་མེ་ཕོ་ཁྱི་ཡི་ལོར།།(ཕྱི་ལོ༡༧༦༦)
མཁས་མཛངས་ལྡོང་གི་རིགས་སུ་འཁྲུངས་བ་ན།།
ཉམ་ཐག་འགྲོ་རྣམས་མགོན་དང་བཅས་པར་གྱུར།།
རྣ༵མ་འདྲེན་ཤཱཀྱ་སེང་གེའི་དབང་པོ་ཡིས།།
རྣ༵མ་དག་རྒྱལ་སྲས་ཚོགས་ལ་བཀས་བཅད་དེ།།
རྣ༵མ་པར་སྤྲུལ་བའི་རོལ་གར་བསྒྱུར་བ་བོ།།
རྣ༵མ་སྲས་བདེ་ཆེན་ལགས་ཞེས་གསོལ་བ་བཞིན།།(རྣམ་སྲས་བདེ་ཆེན་ནི།དམ་པ་ཁོང་སྐུ་ན་ཕྲ་དུས་ཀྱི་མཚན།)
སྐྱེ་བའི་སྨེ་དང་རྨི་ལྟས་རྟེན་འབྲེལ་དང་།།
འཁྲུངས་བའི་སྐར་མ་མཛད་པའི་རྣམ་པ་སོགས།།
གང་ལ་བརྟགས་ཀྱང་སྤྱན་རིས་གཟིགས་དབང་གི།
རྣམ་པར་ཐར་བར་ཅོ་འདྲི་བྱས་སམ་སྙམ།།
རིང་ནས་རྣམ་དཀར་ལས་ལ་གོམས་པའི་མཐུས།།
འཁྲུལ་སྣང་འདུ་འཛིའི་གནས་ལ་ཡིད་ཕྱུང་སྟེ།།
བདེ་གཤེགས་བརྟུལ་ཞུགས་གཙུག་གིས་མནོས་དང་ལྷན།།
དམར་སེར་ངུར་སྨྲིག་མཛེས་པའི་གར་དུ་བསྒྱུར།།
སུ་ཡི་སྐྱེ་བར་བཏགས་པའི་ལོ་རྒྱུས་མེད།།
གཞན་གྱི་ཡང་སྤྲུལ་བསྙད་པའི་བྱུང་བ་མེད།།
ཐོས་བསམ་སྒོམ་པའི་སྙིང་བོ་མ་བོར་བར།།
མཆོག་གི་རྣམ་ཐར་གངས་རིའི་རྩེ་ནས་འཛུམ།།
ཐོས་བསམ་བསྟན་པའི་གནད་དུ་སོང་བ་ད༵གེ།
བཤད་སྒྲུབ་འགྲོ་བའི་དོན་དུ་གྱུར་བ་ལེག༵ས།།
འཕྲིན་ལས་བྲི་གང་མེད་པར་ཡར་ནས་ཡ༵ར།།
ལུང་རིགས་དུས་མཐའི་རླུང་གིས་ཕྱོགས་བཅུར་འཕེ༵ལ།།
བསླབ་གསུམ་ཁྲིམས་ཀྱི་ཤམ་བུས་བརྒྱན་པ་སྟེ།།
མདོ་སྔགས་གཙུག་གི་ནོར་བུའི་འཁྲིལ་བག་ཅན།།
སྔོན་བྱོན་དམ་པའི་རྗེས་འཇུག་མ་འཁྲུལ་བ།།
ངག་དབང་ཡར་འཕེལ་འགྲོ་བའི་མཆོད་རྟེན་ཡིན།།(ངག་དབང་ཡར་འཕེལ་ནི།དམ་པ་ཁོང་གི་རབ་བྱུང་མཚན་ལགས།)
མཁན་ཆེན་དམ་པའི་ཐུགས་ཀྱི་དགོངས་པ་དང་།།
དམ་པ་ཉིད་ཀྱི་རྩེ་གཅིག་འདུན་པ་གཉིས།།
མ་གྲོས་གཅིག་ཏུ་མཐུན་པའི་རྟེན་འབྲེལ་གྱིས།།
ཞབས་ཟུང་གསེར་གྱི་འཁོར་ལོ་དབུས་ལ་བསྒྱུར།།
འཇམ་མགོན་བློ་བཟང་གྲགས་པའི་རྒྱལ་ཚབ་དང་།།
འཕགས་མཆོག་མིག་མི་འཛུམ་པའི་ཡོངས་འཛིན་སྟེ།།
ཆོས་མཛད་གཟིམ་ཁང་ངག་དབང་སྙན་གྲགས་ཀྱིས།།
དགྱེས་པའི་དབུགས་དབྱུང་བསྩལ་བ་ཁྱོད་ལ་འདུད།།
དེ་ལྟར་བསམ་སྦྱོར་རྣམ་པར་དག་པ་ཡིས།།
བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་རིགས་ལམ་ལ།།
ལྷག་པར་བོགས་ཐོན་ཀུན་ལས་ཁྱད་འཕགས་པའི།།
དགེ་ལེགས་ཡར་འཕེལ་མཁས་པའི་གཙུག་རྒྱན་ཡིན།།(དགེ་ལེགས་ཡར་འཕེལ་ནི།དམ་པ་ཁོང་གི་བསྙེན་རྫོགས་ཀྱི་མཚན་ནོ།།)
ལ་ཤས་ལྟོ་ཡི་ཆེད་དུ་གྲྭ་སར་འགྲིམ།།
འགའ་ཟུང་བག་མེད་རྣམ་གཡེང་རྩེན་ལ་གཡེང་།།
དུས་ཀྱི་དྲི་མས་ཆ་ཙམ་མ་གོས་པའི།།
དམ་པ་ཁྱོད་ནི་མཚན་མོའི་མགོན་པོ་ཡིན།།
ཐོས་བསམ་གྲུབ་མཐའི་ལ་རྒྱར་མ་འཁྱེར་ཞིང་།།
བཤད་སྒྲུབ་གྲགས་པའི་ཆེད་དུ་མ་བཙོང་བར།།
མདོ་སྔགས་ཟུང་འབྲེལ་རྒྱལ་བསྟན་དགུང་འདེགས་པའི།།
གནམ་འདེགས་གསེར་གྱི་ཀ་བ་ཁྱོད་མིན་སུ།།
འགྲོ་བའི་བདེ་སྐྱིད་རྒྱལ་བའི་བསྟན་ལ་རག།
རྒྱལ་བའི་བསྟན་པ་འདུལ་བའི་གནད་ལ་ཐུག།
འདུལ་བའི་ཉམས་ལེན་དགེ་འདུན་སྡེར་བརྟེན་ཕྱིར།།
བསྟན་པ་དག་ཐེར་མཛད་པའི་རྣམ་ཐར་དྲན།།
སྐབས་ཤིག་དགའ་ལྡན་གསེར་ཁྲིའི་ཞབས་དྲུང་དུ།།
མཐའ་བྲལ་དབུ་མའི་ལྟ་བའི་དོགས་གཅོད་ཕུལ།།
མཉམ་བཞག་རྗེས་ཐོབ་གང་གི་སྐབས་སུ་ཡང་།།
སྒོམ་ཚུལ་དེ་ལས་གཞན་ན་མི་འདུག་གསུངས།།
གཞན་ཡང་གསང་སྔགས་སྔ་འགྱུར་རང་ལུགས་ཆེ།།
འབར་ཆུང་བླ་མ་བཀྲ་ཤིས་རྒྱ་མཚོ་དང་།།
དགའ་ལྡན་མེར་རྒན་ཆོས་རྗེ་རྣམ་གཉིས་ལ།།
ཆོས་ཀྱི་རྩོད་ལན་སྐྱེས་སུ་གནང་བ་དྲན།།
རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཛིན་པའི་གཙོ།།
བཀའ་དྲིན་གཞལ་མེད་ཨོ་འོན་ནུད་སྤྲུལ་མཆོག།
ཟག་མེད་ཐུགས་ཀྱི་དགྱེས་པ་བསྐྱེད་པ་ཕྱིར།།
བསྟོད་པ་ཀུན་བཏུས་མཛད་པའི་རྣམ་ཐར་དྲན།།
སྒྲིབ་མེད་སྤྱན་གྱིས་ཆོས་ཀུན་གསལ་བར་གཟིགས།།
བརྩེ་ཆེན་ཞགས་པས་འགྲོ་ཀུན་དམ་དུ་བཅིངས།།
རིང་ནས་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས་པའི།།
སྟག་ཕུ་རྡོ་རྗེ་འཆང་ལ་འདི་སྐད་ཞུས།།
བརྟན་གཡོའི་ཆོས་ཀུན་རང་བཞིན་རྡུལ་ཙམ་མེད།།
མེད་ཀྱང་སྣང་བ་མི་འགོག་རྟེན་འབྲེལ་གཤིས།།
སྣང་སྟོང་དབུ་མ་ལྟ་བའི་དཔྱད་པ་ཆེ།།
ཡོངས་སུ་རྫོགས་ཞེས་རྒྱལ་ཡུམ་སྒྲོལ་མས་གདམས།།
ཡབ་གཅི༵ག་རྒྱལ་ཀུན་ཡེ་ཤེས་ཐིག་ལེ་དཔལ།།
དོན་གཉི༵ས་ལྷུན་གྱིས་གྲུབ་པའི་ཡིད་བཞིན་ནོར།།
རྩ་གསུ༵མ་སྐྱབས་གནས་ཀུན་གྱི་ངོ་བོ་སྟེ།།
སྐུ་བཞི༵འི་བདག་ཉིད་དཔལ་ལྡན་བླ་མ་རྒྱལ།།
རྟག་འཛིན་ཅན་རྣམས་ཆོས་ལ་འགོད་པ་དང་།།
ཞིང་འདིར་མཛད་པ་འཕྲིན་ལས་མཐར་སོན་ཏེ།།
ལྕགས་ཕོ་བྱི་བའི་དགུང་གྲངས་དོན་ལྔ་ལོར།།
འོད་གསལ་ཆོས་སྐུའི་ཀློང་དུ་གཤེགས་ཚུལ་མཛད།།
མགོན་ཁྱོད་དགའ་ལྡན་ཞིང་དུ་གཤེགས་པ་དེར།།
ལེ་འདེད་འགྱོད་བདལ་ཅི་ཡང་མ་མཆིས་ཏེ།།
བདག་ཅག་ལས་ཀྱི་རླུང་གིས་བདས་པ་ཡི།།
ཉམ་ཆུང་ཤིང་བལ་ཐུགས་རྗེས་གཏོང་མི་འཚལ།།
ཐུབ་བསྟན་གངས་ཀྱི་ལྷུན་པོ་མ་བརྟན་པར།།
བཤད་སྒྲུབ་འོ་མའི་རྒྱུན་བཟང་ཆད་གྱུར་ཏེ།།
སྐལ་བཟང་རི་སྐྱེས་མགོན་མེད་ལུས་གྱུར་ན།།
བླ་མ་གདོང་ལྔའི་དབང་པོས་བཟོད་ལགས་སམ།།
ཁྱོད་ནི་དུས་གསུམ་སངས་རྒྱས་དངོས་ཡིན་ཞེས།།
རྒྱལ་བའི་མདོ་དང་རྒྱུད་སྡེ་མཐའ་དག་དང་།།
ཁྱད་པར་དགོངས་འགྲེལ་བསྟན་བཅོས་ཚད་ལྡན་རྣམས།།
གཅིག་ཏུ་མཐུན་ཞེས་དགེ་ལེགས་དཔལ་བཟང་བཞེད།།
(ཁོང་གི་མཚན་གཞན་ལ།དབོན་པོའི་བླ་མ་བློ་འགྱུར་ཡང་ཞུ།)
གཞན་ཡང་ལས་དང་སྨོན་ལམ་རྟེན་འབྲེལ་གྱིས།།
རྒྱལ་མཆོག་སྣང་བ་མཐའ་ཡས་བསམ་བཞིན་དུ།།
སྤྲུལ་བའི་ཟློས་གར་ཞིང་འདིར་བསྒྱུར་བ་དེ།།
མགོན་ཁྱོད་ཡིན་ཞེས་ས་སྐྱ་བླ་མས་གསུངས།།
(འདི་ས་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དང་གཅིག་ཏུ་འཁྲུལ་བར་མི་བྱའོ།།ས་འདུལ་རྒྱག་མཁན་གྱི་བླ་མ་ཞིག་སྟེ།དགེ་ལེགས་དཔལ་བཟང་གི་མི་འགྱུར་དོན་དམ་མའི་འགྲེལ་བར་གསལ།)
མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་བ།།
འཇིགས་མེད་སྟོབས་བཅུའི་རྒྱལ་ཐབས་འཛིན་པ་པོ།།
རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིས།།
མགོན་ཁྱོད་དགེ་ལེགས་དཔལ་བཟང་དངོས་ཡིན་གསུངས།།
གཞན་ཡང་སེར་བྱེས་སྦས་པའི་བརྟུལ་ཞུགས་པ།།
མཚན་ཙམ་གྱིས་ཀྱང་གདུང་བ་སེལ་བ་ཡི།།
དགེ་བཤེས་དངོས་གྲུབ་མཚན་ཅན་གང་དེས་ཀྱང་།།
མགོན་ཁྱོད་ཤ་ར་བ་ཡི་རྣམ་སྤྲུལ་གཟིགས།།
(ཆོས་ཧོར་དགེ་བཤེས་ཀྱིས་མཛད་པའི་རྣམ་ཐར་དཔག་བསམ་ལྗོན་ཤིང་དུ་གསལ།)
དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ཡིས།།
བསྟན་འཛིན་བྱེ་བའི་གཙུག་རྒྱན་ཁྱོད་གྲུབ་ན།།
ད་དུང་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས།།
ཀུན་ནས་བཅིངས་བ་ཁྱེད་ཅག་ངོ་རེ་ཚ།།
དྲེགས་མྱོས་མཁས་པའི་གཟུགས་བརྙན་མ་ལགས་ཤིང་།།
འཆལ་སྤྱོད་ཡོན་ཏན་རློམ་པའི་གྲུབ་ཆེན་མིན།།
ཐབས་ཤེས་ཟུང་འབྲེལ་གཤོག་ཟུང་དཀར་པོ་ཡིས།།
ཀུན་རིག་ནམ་འཕངས་བསྐྱོད་པའི་འདབ་བཟང་ཡིན།།
ཆོས་བརྒྱད་འདམ་རྩྭར་འཁྲིལ་བའི་ངང་བ་མིན།།
འདོད་ཡོན་ཐབས་ཀྱིས་འགུག་པའི་སྤྱང་བོ་མིན།།
ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱིས།།
བདག་མེད་རི་ལ་འཚོ་བའི་སྒོམ་ཆེན་ཡིན།།
མཁས་གྲགས་མེ་ལྕེར་རེ་བའི་ཕྱེ་ལེབ་མིན།།
རྒྱུ་འབྱོར་པདྨར་ཆགས་པའི་རྐང་དྲུག་མིན།།
འཇིགས་མེད་གངས་རིའི་སྤོ་ལ་གནས་བཅས་ཏེ།།
ལུང་རིགས་གཡུ་རལ་རྒྱས་པའི་གངས་སེང་ཡིན།།
གཞན་ཡང་ཀུན་རིག་འཕྲུལ་གྱི་བྱེད་པོ་དེའི།།
མཛད་པའི་ཆ་ཙམ་བྲིས་པ་ཙམ་ཉིད་ལས།།
ཐུན་མོང་ཐུགས་བསྐྱེད་ཉི་མའི་འོད་ལ་འཁུ།།
ཐུན་མིན་མཛད་པ་འཕགས་པའི་སྤྱོད་ཡུལ་ཉིད།།
རྒྱལ་བསྟན་སྙིང་བོ་གསེར་གྱི་ཡང་ཞུན་ཉིད།།
དུས་མཐར་སྤེལ་མཛད་རྒྱལ་བའི་གདུང་འཚོབ་སྟེ།།
རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན་པའི་དཔལ།།
འགྲོ་བའི་མགོན་ཁྱོད་དུས་ཀྱི་ཉི་མ་ལགས།།
གཞལ་མེད་བློ་གྲོས་ནོར་བུའི་སྤྱི་གཙུག་མཛེས།།
ཡོན་ཏན་ཁོ་ལག་རྫོགས་པའི་ལང་ཚོ་འབར།།
འཕྲིན་ལས་རིན་ཆེན་རྒྱན་གྱིས་ཉེར་མཛེས་པའི།།
མཐོང་གྲོལ་སྐུ་ཡི་རྒྱལ་མཚན་ཁྱོད་ལ་བསྟོད།།
སྣ་ཚོགས་མོས་པའི་འདུལ་བྱའི་ཁམས་དབང་ལྟར།།
ལེགས་བཤད་དབྱིག་གི་གྲུ་ཆར་དུས་སུ་འཇོ།།
མདོ་རྒྱུད་ཚངས་དབྱངས་འབུམ་གྱི་དབང་ཕྱུག་ཆེ།།
ཐོས་གྲོལ་གསུང་གི་རྒྱལ་མཚན་ཁྱོད་ལ་བསྟོད།།
དཔག་ཡས་མཁྱེན་བརྩེའི་མངའ་བདག་འཁོར་ལོའི་བསྒྱུར།།
བདེ་སྟོང་ཕྱག་རྒྱའི་བྲང་ལ་དམ་དུ་འཁྱུད།།
གཡོ་མེད་ཞི་ཁྲོའི་ཐབས་ལ་དབང་འབྱོར་བ།།
མྱོང་གྲོལ་ཐུགས་ཀྱི་རྒྱལ་མཚན་ཁྱོད་ལ་བསྟོད།།
མི་འགྱུར་དོན་དམ་དགེ་བའི་ཕྱག་རྒྱ་ཆེ།།
མི་ཤིགས་སྤྲོས་བྲལ་དབྱིངས་ཀྱི་ཀུན་ཁྱབ་ཆེ།།
མི་ཟད་རིམ་གཉིས་ཟབ་མོའི་གདེངས་ལྡན་པ།།
རྒོད་ཚང་གྲུབ་པའི་དབང་ཕྱུག་ཁྱོད་ལ་བསྟོད།།
མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བས་མཚན།།
རིགས་ཤེས་མཛའ་བོར་ལེགས་སྦྱར་མཆོག་གི་དཔྱིད།།
མཆོག་ཐུན་ལས་བཞིའི་དངོས་གྲུབ་འབྱུང་བའི་སྒོ།
ཁྱབ་བདག་ནུས་པའི་དབང་ཕྱུག་ཁྱོད་ལ་བསྟོད།།
དགྱེས་ཞགས་བརྩེ་བའི་འོད་དཀར་མཐར་བརྐྱངས་ཏེ།།
ཟག་མེད་བདེ་སྟོང་གར་མའི་འཇོ་སྒེག་མཁན།།
བསམ་དང་བརྗོད་བྲལ་ཡར་རྒྱས་འབབ་ལྡན་མ།།
ཡབ་གཅིག་མཁྱེན་པའི་དབང་ཕྱུག་ཁྱོད་ལ་བསྟོད།།
ཐུགས་བསྐྱེད་ཟླ་བ་གཞོན་ནུས་འཕེལ་བར་བྱས།།
བརྩེ་ཆེན་གདམས་པའི་ཡན་ལག་བརྒྱད་དང་ལྡན།།
ཐུགས་ཀྱི་བཞེད་དགོངས་ག་བུར་ཞུན་མའི་ཆབ།།
ཇི་བཞིན་རྟག་པར་འཕེལ་ལ་གསོལ་བ་འདེབས།།
དེ་ལྟར་རྟོགས་བརྗོད་སོས་ཀའི་མེ་ཏོག་འདི།།
སྙན་ངག་ཆེན་པོའི་ལུགས་སུ་མ་བྱས་ཤིང་།།
མངོན་བརྗོད་བརྡ་རྙིང་གང་གིས་མ་བཅིངས་བར།།
ཀུན་གྱིས་གོ་སླད་ཕལ་བའི་སྐད་དུ་བྱས།།
ཚིག་གི་བརྗིད་ཆེ་དོན་གྱི་འགངས་ཐོན་པའི།།
སྙན་ཚིག་རིག་བྱེད་གྲལ་དུ་མ་སླེབས་ཀྱང་།།
མ་བབ་ཨུ་ཚུགས་བྱས་ནས་བཙིར་བ་དང་།།
རྡོ་ཆག་བཙན་གྱིས་སྒྲིག་པའི་ཤུལ་ཙམ་མེད།།
རྣམ་ཐར་དབྱངས་ཀྱི་ཡན་ལག་ཚིག་གི་སྡེ༵བ།།
སྡེ༵བ་ལེགས་རིག་བྱེད་དཀར་པོ་དྲི་ཟའི་ང༵ག།
ང༵ག་རིག་ཆུ་གཏེར་རླབས་ཀྱི་ཟེགས་མ་འ༵དི།།
འ༵དི་སྣང་ཁོལ་གྱུར་བདག་གིས་སྦྱར་བ་དགེ།
དམ་པ་འདི་ལ་སྙིང་ནས་གུས་དང་གཅིག།
གྲོགས་པོ་གང་དེས་ཡང་ཡང་སྐུལ་དང་གཉིས།།
དགོངས་རྫོགས་མཆོད་སྤྲིན་བགྱིས་པའི་དགེ་རྩར་བཅས།།
དམིགས་ནས་ཐོལ་རྩོམ་འདི་ཉིད་ཁོ་བོས་བྲིས།།
འདིས་མཚོན་བདག་གི་རྣམ་པར་དཀར་བའི་ལས།།
ཇི་སྙེད་བསགས་དང་བསག་པར་འགྱུར་བ་དག།
གངས་རིའི་མགོན་པོ་སྤྱན་རིས་གཟིགས་དབང་གི།
མཛད་འཕྲིན་ཉི་ཟླའི་ཁྱོན་དང་མཉམ་པར་ཤོག།
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན་ཞིང་།བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དགུང་དུ་འདེགས་པའི་མཁས་གྲུབ་ཀུན་གྱི་གཙུག་རྒྱན༧བྲག་དཀར་རྒོད་ཚང་བ་ཁྱབ་བདག་དགེ་ལེགས་ཡར་འཕེལ་མཆོག་གི་«རྟོགས་བརྗོད་སོས་ཀའི་མེ་ཏོག་ཞེས་བྱ་བ»འདི་ནི།མགོན་པོ་ཁོང་གི་འདུལ་ཞིང་དུ་འཚོ་བའི་བཙུན་གཟུགས་གྱི་ན་བ་མང་དགེ་བསོད་ནམས་འབྱུང་གནས་ཀྱིས་ཁོང་གི་འདས་མཆོད་ཀྱི་སྐབས་དང་བསྟུན་ཏེ།ཚོགས་འཚོགས་པའི་བར་གསེང་ནས་གང་དྲན་ཡི་གེར་བསྡེབས་པ་ཞིག་ཡིན་པ་ཙམ་ལས།ཆེད་དུ་རང་རྣམ་དང་རྣམ་ཐར་ཡང་ཀློག་བགྱིས་ཏེ།ཚིག་རྒྱན་དང་རིག་བྱེད་ཀྱི་གཞུང་དང་བསྟུན་པའི་བབ་འོས་ཀྱི་བྱ་བ་ཅི་ཡང་འཁྱོངས་མ་སོང་བས།ཚིག་ནོར་དོན་ནོར་གྱི་ཆ་མང་དུ་མཆིས་པར་གཟུར་གནས་ཀློག་མཁན་ཡོངས་བཟོད་གསོལ་ཞུའོ།།ཚེ་དང་བསྐལ་བ་བཟང་པོས་མ་བཏང་ཞིང་།ལས་དང་སྨོན་ལམ་བཟང་པོ་སྟབས་འགྲིག་ན།རྗེས་མར་ཚིག་གི་སྡེབ་དང་།དོན་གྱི་འགངས་སོགས་འདི་ལས་ཀྱང་ཞིབ་རྒྱས་ཤིག་འབྲི་འཆར་ཡོད་མོད།མ་འོངས་བྱ་བའི་རྣམ་བཞག་རྟོག་འཆར་རྫིང་བུར་འཆར་བ་ཙམ་ལ་ཡིད་རྟོན་བགྱི་བར་གཏན་ནས་མི་འོས་པས།ཁ་ཚོན་བཅད་དེ་སྨྲ་བའི་སྦོབས་པ་བདག་ལ་མ་མཆིས་སོ།།གང་ལྟར་གནས་སྐབས་ཚོད་ལྟའི་ཚུལ་དུ་འདི་ཙམ་བཏགས་ཏེ།སླད་ཆར་ཡང་སེམས་ཀྱིས་མི་བཏང་བར་རེ་བ་དང་སྨོན་ལམ་བཅངས་ངེས་པས།དེ་དེ་བཞིན་དུ་འགྲུབ་པའི་གསོལ་བ་སྙིང་གི་ཁོང་ནས་འདེབས་པ་ལགས་ཞེས་མགོན་པོ་ཁོང་གི་དགོངས་རྫོགས་འདས་མཆོད་ཀྱི་ཉིན་མོ་སྟེ་དམར་ཕྱོགས་རྒྱལ་བ་གཉིས་པའི་ཐོ་རངས་ཀྱི་ཆར་བྲིས་པ་དགེ་གྱུར་ཅིག།།།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn