རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་སོགས་གསུང་ཟབ་མང་དུ་བསྐྲུན་བསྔགས་བརྗོད་དུང་གི་སྒྲ་དབྱངས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-06-05 08:05:22     རྩོམ་པ་པོ།   ཤེས་རབ་བསྟན་དར    ཀློག་ཐེངས།  

微信图片_20240606130650.jpg


སྒྲིབ་གཉིས་མུན་སེལ་ངག་གི་ཉི་མ་དང་།།

སྐྱེ་རྒུའི་དབུགས་དབྱུང་ཆོས་ཀྱི་བདུད་རྩི་སྟེ།།

ལེགས་ཚོགས་ནམ་མཁའི་མཛོད་ཀྱི་སྒོ་འབྱེད་པའི།།

དམ་ཆོས་གསེར་གྱི་ཉི་མར་གུས་པས་འདུད།།


སྲིད་ན་དཀོན་པའི་ལེགས་བཤད་རིག་པའི་ནོར།།

ནོར་གྱི་མཆོག་གྱུར་ཟབ་དོན་གསུང་གི་ནོར།།

ནོར་བུའི་གཟུགས་སུ་བསྐྲུན་པའི་གསུང་རབ་ནོར།།

ནོར་མཆོག་འདི་ཉིད་དཔལ་ལྡན་ཀུན་གྱི་ནོར།།


འཕགས་བོད་མཁས་གྲུབ་གསུང་གི་ཉི་མའི་འོད།།

འོད་ཀྱི་མཆོག་གྱུར་རིག་པ་འབུམ་གྱི་གཟི།།

གཟི་འོད་འབར་བའི་དཔལ་ལྡན་གསུང་རབ་མཆོག།

མཆོག་དམན་ཀུན་གྱི་བསོད་ནམས་ཞིང་དུ་སྨིན།།


རྒྱལ་བའི་བསྟན་པ་དར་བ་ཚ་བ་རོང་།།

རོང་ཆེན་དགོན་སྡེ་མཚམས་གནས་རིག་པའི་རྒྱན།།

རྒྱན་དྲུག་མཆོག་གཉིས་གསུང་རབ་ཁྱུང་སྔོན་སྐྱེས།།

སྐྱེས་མཆོག་རྣམས་ཀྱི་ལེགས་བཤད་འདི་ན་ལྷམ།།


ཤེས་རབ་རྒྱ་མཚོ་འཕྱུར་བའི་མཁས་པའི་གསུང་།།

རབ་འབྱམས་ཟབ་དོན་སྟོན་པའི་དམ་པའི་གསུང་།།

རྒྱ་བོད་གསེར་རིའི་མཁས་གྲུབ་དག་གི་གསུང་།།

མཚོ་བྱུང་མགྲིན་པ་རོལ་པའི་ངག་གི་གསུང་།།


གསུང་དབྱངས་གསེར་གྱི་ཉི་མའི་རྗེས་འགྲོ་བའི།།

གསུང་རབ་རིན་ཆེན་གཏེར་གྱི་སྒོ་ཕྱེས་པས།།

གསུང་གི་བདུད་རྩིའི་ཟེགས་མ་ཆ་རེས་ཀྱང་།།

གསུང་རབ་འབུམ་གྱི་དགོངས་པ་འགྲེལ་བར་བྱེད།།


 ས་གསུམ་ལས་རྒྱལ་རྒྱལ་བ་མཆོག་གི་གསུང་།།

 གསུང་གི་མཛོད་ལས་ལས་འཕྲོ་ལྡན་པའི་སྐལ།།

སྐལ་བཟང་གཅེས་ནོར་ནོར་གྱི་དམ་པ་འདི།།

 འདིར་མཇལ་བསོད་ནམས་ནམ་མཁའ་བཞིན་དུ་ཡངས།།


སྣོད་ལ་རྒྱལ་བའི་བཀའ་ཡིས་བཀྲ་ཤིས་ཤིང་།།

བཅུད་ལ་དམ་པའི་གསུང་གིས་བཀྲ་ཤིས་པ།།

སྣོད་བཅུད་ཀུན་ལ་རྟག་ཏུ་བཀྲ་ཤིས་པའི།།

དམ་པའི་ཆོས་ཀྱིས་སྲིད་འདིར་བཀྲ་ཤིས་ཤོག །

ཅེས་པ་འདི་ནི་རྒྱལ་རོང་མཚམས་གནས་ཐོས་བསམ་ནོར་བུའི་གླིང་གིས་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་སོགས་གསུང་ཟབ་མང་དུ་བསྐྲུན་ཏེ་བཀྲམ་པས་དགའ་བ་མངོན་པར་རྒྱས་ཏེ་བསྔགས་འོས་བསྔགས་པའི་དོན་དུ་ཤཱཀྱའི་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་ཤེས་རབ་བསྟན་དར་གྱིས་ས་ག་ཟླ་བའི་ཚེས་མགོར་མང་རའི་དགོན་དུ་གུས་པས་ཕུལ་ལོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།