བླ་མ་ལམ་རིམ་པའི་རྟོགས་བརྗོད་ཨུ་དུམ་ཝ་ར། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-04-26 16:01:18     རྩོམ་པ་པོ།   མང་དགེ་བསོད་ནམས་འབྱུང་གནས།     ཀློག་ཐེངས།  

སྔ་དུམ།

དགེ་ལེགས་ཚོགས་གཉིས་ཉིན་བྱེད་འབུམ་སྤྲོས་ཏེ། །

ས་གསུམ་ཀུན་དགའི་དཔལ་སྟེར་ཡོན་ཏན་བརྗིད། །

འཕྲིན་ལས་མཚར་སྡུག་མེ་ཏོག་འཛུམ་གྲོལ་བའི། །

འདྲེན་པ་འགྲོ་བའི་མགོན་དེར་ཕྱག་བགྱིད་དོ། །

རིགས་བརྒྱ་རིགས་གཅིག་འདུས་པའི་རང་བཞིན་དང་། །

རབ་འབྱམས་ཞི་ཁྲོ་ཀུན་གྱི་ཡེ་ཤེས་དཔྱིད། །

གསང་གསུམ་རྒྱལ་ཀུན་སྙིང་གི་ཐིག་ལེ་སྟེ། །

སྙིང་རྗེའི་ལྷ་མཆོག་པད་དཀར་འཛིན་ལ་འདུད། །

ང༷ག་ལ་དབ༷ང་འབྱོར་བརྟན་པའི་འཁོར་ལོ་ཡིས། ། 

རྗེས་ཆགས་བརྩེ་བས་རིང་ནས་སྐྱོང་བའི་སྲས། །

ཕུ༷ན་ཚོག༷ས་ཡོན་ཏན་ཀུན་གྱི་གཏེར་མཛོད་མཆོག །

རྗེ་བཙུན་བླ་མ་སྤྱི་གཙུག་རྒྱན་དུ་བཀོད། ། 

འདི་ན་བསྟན་པའི་ངང་ཚུལ་མི་ཤེས་ཤིང་། །

ལམ་ལོག་སྲིད་པའི་དོང་དུ་འཕྱན་པ་དག །

ཐ་མལ་བྱིས་པའི་སྣང་བ་བསྒྱུར་སླད་དུ། །

རྟོགས་བརྗོད་མེ་ཏོག་འདི་བས་ཕན་སྙམ་སྟེ། །

ཆོས་དབྱིངས་སྟོང་བའི་ངང་ནས་མ་གཡོས་ཀྱང་། །

ཀུན་རྫོབ་སྒྱུ་མའི་སྣ་ཚོགས་ཐབས་མཁས་ཀྱིས། །

གཅིག་ཏུ་མ་ངེས་འགྲོ་བ་འདྲེན་པའི་བུ། །

གང་དེའི་རྣམ་པར་ཐར་བ་མདོ་ཙམ་གླེང་། །

རྣམ་ཐར་ཕལ་ཆེར་ལྷ་སྒྲུང་ལྟ་བུར་གྱུར། །

རྟོགས་བརྗོད་མཐའ་དག་ཚིག་རྒྱན་ཁོ་ནས་སྤུད། །

འདི་ན་མ་བཅོས་གཤིས་ཀྱིས་འཛུམ་པའི་དཔལ། །

བརྗོད་བདེ་ཚིག་གི་ཕྲེང་བ་བསྟར་ལ་བརྒྱུས། །

ཐོས་བསམ་སྒོམ་པའི་ཡོན་ཏན་གནད་དུ་བཟུང་། །

བཤད་སྒྲུབ་བསྟན་པའི་ལག་རྗེས་ཤུགས་ཀྱིས་གཏོན། །

རིགས་རུས་ཆོ་འབྲང་བྱུང་བ་ཟུར་ཙམ་སྤྲོས། །

བསྟན་བཅོས་ཆེན་མོ་འདི་ཡི་སྤྱི་སྡོམ་ལགས། །

མདོ་ཁམས་སྨད་ཀྱི་ཆར་གཏོགས་རྒྱལ་ཐང་རྫོང་། །

དགེ་བཅུའི་དཔལ་གྱིས་མངོན་པར་མཐོ་བའི་གནས། །

རོང་ཡུལ་ནགས་སྟེང་ཞེས་སུ་གྲགས་དཀར་གྱིས། །

ས་གསུམ་ཁྱབ་པའི་ཞིང་དེར་ལང་ཚོ་བཞད། ། 

རང་བཞིན་གཤིས་དྲང་ཡ་རབས་ཆོས་ཀྱིས་འཚོ། །

ངང་རྒྱུད་ཕྱི་ཐག་དྲ་བས་ཡོངས་འཁྱུད་པ། །

ནམ་མཁའ་སྒྲོལ་མའི་མངལ་གྱི་སྤྲིན་དཀར་དབུས། །

རྒྱལ་སྲས་ཟླ་བ་དེ་ཡིས་མཛེས་པར་བྱས། །

བྱིས་པའི་དུས་ནས་འཇིག་རྟེན་ཡུལ་ལས་འདས། །

བསམ་གཏན་མངོན་ཤེས་ཡོན་ཏན་དུ་མས་ཕྱུག །

སྐྱེ་བོ་ཀུན་གྱིས་དགའ་བའི་རྣམ་འགྱུར་གྱིས། །

ཡོངས་སུ་བཟུང་བའི་རྣམ་ཐར་བསྔགས་པར་འོས། །

དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཟི། །

གཅིག་ཏུ་བསྡུས་པ་བརྟན་པའི་འཁོར་ལོ་མཆོག །

ཚེ་རབས་གཞན་དུ་མཆོད་ཅིང་བསྟེན་པའི་མཐུས། །

ཡོན་ཏན་གཙུག་ལག་མ་ལུས་ཐུགས་སུ་ཆུད། ། 

གོམས་ཟིན་འབད་རྩོལ་བསྐྱར་མར་མི་ལྟོས་པ། །

གསལ་རིག་ཤེས་པའི་ཁྱད་ཆོས་ལོས་ཀྱང་སྟེ། ། 

རིང་ནས་ཡོན་ཏན་གནས་ལ་བསླབ་པ་ཡིས། །

ཆོས་ཀུན་བློ་ཡིས་གཞལ་བར་དཀའ་བས་སྟོང་། །

མ་དག་འཁོར་བའི་གནས་ལ་ཡིད་ཕྱུང་སྟེ། །

འཁོར་འདས་མཉམ་པར་བརྡལ་བའི་གཞོན་ནུ་དེ། །

གུར་ཀུམ་གོས་ཀྱིས་ཀུན་ནས་སྤུད་པ་ན། །

སྡོམ་བརྩོན་དྲི་ཡིས་ཁོར་ཡུག་འགེངས་བར་བྱས། ། 

སྤང་ལུང་གོང་མའི་མདུན་དུ་སྐྲ་ཕུད་ཕུལ། །

རྒྱལ་ཐང་སུམ་རྩེན་གླིང་གི་ཆོས་གྲྭར་ཞུགས། །

ཆོས་མིང་ངག་དབང་མཚན་ཅན་ཞུ་བ་དེ། ། 

བདེ་བར་གཤེགས་པའི་ལམ་དུ་གཤེགས་པར་མཛད། །

བསམ་གཏན་ཞི་བས་ཐུགས་ཀྱི་བརྟན་པ་འཕྲོག །

དམ་པའི་གསུང་གིས་ཚེ་འདིའི་སྣང་ཤས་ལྡོག །

བཟང་བོའི་ཡོན་ཏན་ཚོགས་ཀྱིས་མི་བཏང་བའི། །

དགའ་དད་ཤིང་བལ་བཞིན་དུ་ལྡང་ཞིང་གཡོ། ། 

ཡིད་འོང་ལྷག་བསམ་དཀྱིལ་འཁོར་ཉ་གང་བའི། ། 

བརྩེ་བའི་ཡབ་ཀྱི་དགྱེས་འཛུམ་ཟླ་བ་དེ། །

གློ་བུར་མི་རྟག་འཆི་བའི་སྒྲ་གཅན་གྱིས། །

འཆེ་བར་བཙུད་པས་མྱ་ངན་མུན་པ་འཐིབས། ། 

སྐྱིད་སྡུག་རེས་ཀྱིས་འཁོར་བའི་འཇིག་རྟེན་དང་། །

སྐྱེ་འཆིའི་ཟོ་ཆུན་རྒྱུད་མོའི་ངང་ཚུལ་ལ། །

གློ་བུར་བྲེད་ཤ་ཐོན་པའི་ངུ་ཤོམ་ནི། །

འཕགས་པ་རྣམས་ཀྱི་མཛད་སྤྱོད་ག་ལ་འོས། །

དེ་ལྟར་འཚོ་བའི་ཀ་ཆེན་འགྱེལ་ཡང་རུང་། །

ཤ་ཟད་རུས་པའི་ལྷུ་ལག་འཐོར་ཡང་བླ། ། 

ནང་མིའི་བདེ་སྡུག་ཁུར་དུ་བསྣམས་པ་ཡི། །

འགན་ཁུར་གསེར་གྱི་རི་བོ་ཕྲག་ཏུ་བཞེས། ། 

ཡ་མཚན་བསྐལ་བ་སྔོན་མའི་གོང་རོལ་དུ། །

སྐྱེས་མཆོག་བཞད་པའི་རྡོ་རྗེ་གཤེགས་ཟིན་མོད། །

དེང་འདིར་དེ་འདྲའི་རླབས་ཆེན་སེམས་དཔའ་ཞིག །

ཅི་ཆ་འགྲོ་རྣམས་ཡིད་ནི་དཔྱང་ཐག་འཛིན། ། 

དམ་པ་རྣམས་ནི་ལུགས་གཉིས་གང་ལ་ཡང་། །

ཐུགས་སྟོབས་བརྩོན་པ་ནམ་ཡང་ལྷོད་མིན་པས། །

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡང་། ། 

སྨྲས་པས་ཅི་འཚལ་དངོས་པོའི་གཤིས་ལུགས་ཉིད། །

དེ་སྐབས་རྟེན་འབྱུང་ཚོགས་པ་མ་འགག་པར། །

རྗེ་བཙུན་རྡོ་རྗེ་འཆང་གི་ཞལ་སྒོ་ནས། །

སྔོན་མེད་ལམ་གྱི་གདམས་པ་བསྩལ་བའི་མོད། །

འདོད་པའི་དཔལ་ལ་ཆགས་པ་བྲལ་བར་གྱུར། ། 

གང་དེའི་བཅོས་མིན་ངེས་འབྱུང་ཟླ་རིས་ནི། །

མཚན་ལྡན་བླ་མ་དམ་པའི་ཐུགས་མཚོར་ཞུགས། ། 

དེ་ཡི་ཟབ་གསལ་དག་པའི་བཀའ་མཆིད་ཀྱིས། །

ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོགས་པར་གྱུར། ། 

རྒྱལ་སྲས་རྣམས་ཀྱི་ཐུགས་དམ་བཙན་པོ་ནི། །

སྐྱེ་བོ་སུས་ཀྱང་ཟློག་པར་དཀའ་བ་སྟེ། ། 

རང་བྱུང་གཤིས་སུ་བབ་པའི་ཆུ་བོ་ནི། །

སྒྱུ་ཐབས་གཞན་གྱིས་ཟློག་པར་ནུས་མ་ཡིན། ། 

དེ་ལྟར་རང་དོན་ཡལ་བར་མི་བལྟ་བར། །

འདྲེན་མཆོག་བླ་མ་དམ་པའི་བཀའ་བཞིན་དུ། ། 

གཞན་ཕན་ལྷག་བསམ་ཀུན་ནས་རྫོགས་པ་ནི། །

སྔོན་སྨོན་དུས་སུ་བབ་པའི་གཏན་ཚིགས་ངེས། ། 

འཁོས་ཞན་ཚུན་མིན་ལས་ལ་ཡིད་ཆགས་ཏེ། །

འདི་སྣང་རྙེད་བཀུར་དོན་དུ་གཉེར་བ་ཡི། །

གྱང་དམར་བྱང་ཆུབ་ཞང་པོ་རྣམ་གཉིས་སོགས། །

ཐབས་མཁས་ཐུགས་རྗེས་ཡང་དག་དཀྲི་བར་མཛད། །

འགྲོ་བའི་བདེ་སྡུག་ཟུར་ཕུད་ལ་བཅིངས་ཏེ། །

ལུང་རྟོགས་བསྟན་པ་སྙིང་ལ་བརྣག་པ་ཡི། ། 

ཆོས་ཕྱིར་ལུས་སྲོག་འདོར་བའི་ཐུགས་སྟོབས་འདིས། །

རྒྱལ་སྲས་བྱང་སེམས་གཞན་ལ་ནོངས་བ་སྦྱིན། །

རིང་མིན་སྐུ་ཡི་ཁོ་ལག་རྫོགས་པའི་དུས། ། (དགུང་ལོ ༢༢སྐབས།)

རྣམ་དག་ལས་སྨོན་དུས་སུ་སྨིན་གྱུར་ཏེ། །

ཞབས་ཟུང་དབུས་ལ་བཏེགས་པའི་སྦྱོར་བ་ལས། །

རེ་བའི་རྟེན་འབྲེལ་ཀུན་ནས་རྫོགས་པར་གྱུར། ། 

སྐྱེ་བོ་ཕལ་ཆེར་དལ་བའི་རྟེན་རྙེད་ཀྱང་། ། 

མི་ཁོམ་ཟང་ཟིང་བྱ་བས་བྲེལ་བ་འདི། །

མཐོང་བར་གྱུར་ཚེ་མི་བཟོད་གཅོང་ནད་བཞིན། །

ཐུན་གྱི་མནལ་ཡང་ཤིན་ཏུ་ཡང་བར་བྱས། ། 

བདེ་སྡུག་ཨ་ལོང་གཅིག་ཏུ་སྦྲེལ་བ་ལས། ། 

སྐད་ཅིག་ཙམ་ཡང་འབྲལ་བར་མི་བཟོད་པའི། །

བརྩེ་བའི་ཕ་ཡུལ་བྱམས་པའི་ནང་མི་སོགས། །

ཡོངས་སུ་བཏང་ནས་ཆོས་ཀྱི་གྲོང་དུ་གཤེགས། ། 

ལྟེ་ཁྲག་གང་དུ་འཕོས་པའི་གནས་ཡུལ་དང་། །

དྲོད་འཇམ་བརྩེ་བ་སྟེར་བའི་ཡུམ་ཆེན་སོགས། །

ཆོས་ལ་གེགས་བྱེད་བདུད་ཀྱི་གཡབ་མོ་རུ། །

གཟིགས་པའི་བློ་རྒྱ་ཀུན་ལ་ཡོད་པ་མིན། །

དེའི་ཚེ་བདག་ཏུ་ལྟ་བས་དམ་བཅིངས་པ། །

ཉེས་བརྒྱའི་ཁྱིམ་ན་གནས་པའི་ཉེ་དུ་ཀུན། །

མཉེས་གཤིན་བརྩེ་བའི་ངག་གི་ཕྲེང་བ་ལས། །

གདུང་བའི་ངུ་ཤོམ་དྲག་པོས་རྣ་བ་འགས། །

ངལ་དུབ་གོམ་པའི་འདེགས་འཇོག་འཆོལ་ན་ཡང་། །

བཀྲེས་ལྟོགས་གདུང་བའི་རབ་ཏུ་མནར་ན་ཡང་། །

འཕྲལ་ཡུན་གཏན་བདེའི་ཕྱིར་དུ་ཞབས་ཟུང་ནི། །

"སྐྱེ་བོའི་རྒྱུན་ལམ་ངོས་ལ་དྲག་ཏུ་བསྒྱུར། །"

གར་བཞུགས་མ་ངེས་གང་འབྱོན་མི་ཤེས་པའི། །

དབུལ་མོའི་ཚུལ་བཟུང་ཆོས་ལ་གཞོལ་བ་དེས། །

ཉེར་མཁོའི་ཞལ་ཏ་གནང་བའི་གདམས་པ་ནི། །

གང་ལ་བརྟགས་ཀྱང་ལྷ་ཡི་ལུང་བསྟན་ཉིད། ། 

འདི་ཡི་རྣམ་པར་དག་པའི་ལྷག་བསམ་གྱིས། ། 

དོན་ལྡན་བརྩོན་པའི་བགྱི་བ་གདེགས་པའི་ཚེ། །

རང་སྲིད་སྤེལ་ལ་དེད་དཔོན་མཆོག་གྱུར་ཞིག །

མཐོང་ནས་རྒྱལ་བས་ལམ་རྒྱུས་བསྙད་པར་སྙམ། ། 

གཞན་ཡང་དེའི་མཚོན་གསང་བའི་རྣམ་ཐར་ཏེ། ། 

མི་ཕྱེད་དད་པའི་དུངས་བ་འདྲེན་པ་ནི། ། 

བྲིས་པས་མི་ལོངས་བརྗོད་པས་མི་རྫོགས་ཀྱང་། །

མཚོན་ཙམ་བགྱིས་པ་འདི་ལ་འགལ་ཆ་ཅི། ། 

ངེས་འབྱུང་རྣམ་པར་དག་པའི་དབྱུ་གུ་ཡིས། །

ལུང་རྟོགས་ཆོས་ཀྱི་རྫ་རྔ་བརྡུངས་བའི་དུས། །

ལུས་མེད་ཚོགས་ཀྱི་མྱ་ངན་ལག་པ་ཡིས། །

བྲང་ལ་འཐབ་པའི་སྐྱོ་གར་ཅི་ཡང་བྱས། ། 

དེ་ནས་འཁོར་ལོ་བདེ་མཆོག་ཕོ་བྲང་དངོས། ། 

འཇིག་རྟེན་སྲིད་པ་ཆགས་པའི་ལྷ་ཆེན་དང་། ། 

རྗེ་ཡི་མགུར་ལྷ་བཅུ་གསུམ་ནང་ཚུན་སྟེ། ། 

རོང་བཙན་ཁ་བ་དཀར་པོ་དད་པས་མཇལ། །

ཁྱོད་ཀྱི་ཡིད་འོང་ཀུན་སྤྱོད་བདུད་རྩི་ཆུས། །

གཏུམ་དྲག་རེངས་བའི་ཤིང་སྐམ་དེ་དག་ཀྱང་། །

བག་ཡོད་ལོ་འབྲས་མེ་ཏོག་སྨིན་པའི་ཕྱིར། །

སྐྱེ་བོ་བློ་ལྡན་སུ་ཞིག་བསྟེན་མ་བྱས། ། 

དམ་ཚིག་ཕྲ་མོ་རེ་རེའི་ཕྱིར་དུ་ཡང་། །

དཀའ་སྡུག་ལོ་ཟླ་བརྩེ་བའི་འཛུམ་གྱིས་བསུ། །

མ་རྨད་བཟང་བོ་སྤྱོད་པའི་བརྟུལ་ཞུགས་འདི། །

གཞན་དུ་མ་མཐོང་ཁྱོད་ཉིད་ཁོ་ནའི་ལགས། །

དེ་ལྟར་འཇིགས་མེད་སྟོབས་ཀྱིས་གོམ་བགྲོད་ཀྱིས། །

བགྲང་ཡས་དཔག་ཚད་མང་པོ་གཞལ་བའི་ཚེ། ། 

གངས་ལྗོངས་དབུས་འགྱུར་འཆང་གི་བཤད་གྲྭ་མཆོག །

དགེ་ལྡན་རྣམ་པར་རྒྱལ་བའི་དྲུང་དུ་སླེབས། །

ལམ་གྲོགས་ཚོང་བའི་རྒྱུ་ལ་མ་བརྟེན་ཞིང་། །

དད་ལྡན་བདག་པོའི་ངོ་སོ་མ་སྲུང་བར། ། 

གྲོགས་མེད་གཅིག་པུར་ཟླ་བ་གསུམ་ཙམ་ལ། །

ཐོས་པའི་དོན་དུ་ཞབས་ཐང་བསྐྱོད་པ་ཁྱོད། །

གཟན་ཤམ་རླུང་གིས་བསྐྱོད་པའི་ཐུ་འོག་ནས། །

ཞབས་ཀྱིས་བཅགས་པའི་རྡུལ་ཕྲན་རེ་རེ་ཡང་། །

འགྲོ་བའི་བསོད་ནམས་བསགས་པའི་ཞིང་ས་དང་། །

དད་ལྡན་སྐྱེ་བོ་རྣམས་ཀྱི་མཆོད་རྟེན་ཡིན། །

ལྷ་ས་སྐྱིད་ཆུའི་འགྲམ་གྱི་ལྷོ་ངོས་ཏེ། ། 

ཆེ་བཞིའི་ཡ་གྱལ་གུང་ཐང་དགོན་པ་རུ། །

ཞག་གཅིག་གནས་མལ་བཅས་པའི་རྨི་ལྟས་སུ། །

བསྟན་སྲུང་བསུ་བར་འོང་བའི་ཉམས་སྣང་བྱུང་། ། 

བསླབ་གསུམ་རིན་ཆེན་ནོར་བུའི་ལང་ཚོ་མཛེས། །

དད་བརྩོན་ཤེས་རབ་ཟབ་མོའི་ལུས་རྩལ་རྫོགས། །

ཐུགས་བསྐྱེད་ངོ་མཚར་མཆོག་གི་ཤམ་བུས་བརྒྱན། །

གཞོན་ནུ་འདི་ཉིད་ས་ཆེན་རྒྱན་དུ་འབར། །

དུས་མཐའི་རྒྱལ་བསྟན་གངས་ཀྱི་རི་བོ་ཆེ། །

མངོན་པར་གསལ་སླད་རྒྱལ་སྲས་ཟླ་བ་ནི། །

དཀྱིལ་འཁོར་ཡོངས་སུ་རྒྱས་པར་གྱུར་བའི་ཚེ། །

བློ་གསལ་ཀུ་མུད་དགའ་བའི་རླབས་ཀྱིས་འཕྱུར། །

འགྲོ་བའི་བསོད་ནམས་ཟོང་གིས་ཁུགས་མིན་པའི། །

ཇོ་བོ་ཤཱཀྱ་མུ་ནིའི་མདུན་ས་ཆེར། །

བསྟན་འགྲོའི་དོན་དུ་ཚེ་སྲོག་བློས་བཏང་བའི། །

མཆོག་གི་ཐུགས་སྟོབས་དེ་ལ་གུས་པ་འཆའ། །

རིགས་ཀྱི་ཆེད་དུ་གསོལ་བ་མ་བཏབ་ཞིང་། །

ནོར་གྱི་ཕྱིར་དུ་སྡུག་སྨྲེ་མ་བཏོན་པར། །

གཅེས་པའི་ལུས་དང་སྲོག་གི་ཆ་ཤས་ཀུན། །

བསྟན་འགྲོ་དོན་དུ་བསྔོས་པའི་སྒྲ་དབྱངས་མཆེད། །

དེ་ལྟའི་དོན་ལྡན་ང༷ག་གི་ཚངས་པའི་དབྱ༵ངས། ། 

དབྱ༵ངས་བདུན་དྲི་ཟའི་དབ༷ང་བོའི་སྐྱེ་མཆེད་ལ༵ས། །

ལ༵ས་འཁྲུངས་ཕུ༷ན་ཚོག༷ས་འདོད་དགུའི་སྙན་པའི་དཔ༵ལ། །

དཔ༵ལ་སྟུག་མི་ཡི་སེང་གེའི་གསན་ཙ་ན། །

གང་དེའི་མི་འཇིགས་ཡོན་ཏན་དཔལ་གྱི་གཏེར། །

གཟུགས་སུ་མཆིས་ན་ས་འདིས་ཇི་ལྟར་འདེགས། །

མཁྱེན་བརྩེ་ནུས་པའི་ཁོ་ལག་རབ་རྫོགས་ཀྱང་། །

འགྲན་སྙམ་རྒྱལ་བ་ལ་འང་ཡོད་རེ་སྐན། །

ཕྱོགས་ལྷུང་དྲི་མས་མ་གོས་རྣམ་ཐར་གང་། །

རྣམ་དཔྱོད་དད་པའི་རྫིང་བར་འཆར་བ་འདི། །

རང་བཟོ་རྫུན་ཚིག་གཅམ་བུའི་འུད་བསྟོད་མིན། །

བདེན་པའི་རང་མདངས་འཕོས་པའི་དབྱངས་རྟ་ཡིན། ། 

  ཕྱི་དུམ།

བསླབ་གསུམ་དབྱིག་འཛིན་ནོར་བུའི་རྩ་བ་བརྟན། །

སྐུ་གསུམ་ཡོན་ཏན་ཡལ་འདབ་ཕྱོགས་བཅུར་གཡོ། །

རྒྱུད་གསུམ་རིག་འཛིན་འབྲས་བུས་མངོན་པར་བརྗིད། །

བཤེས་གཉེན་དཔག་བསམ་དབང་བོས་རྟག་ཏུ་སྐྱོངས། །

དེ་ནས་ལུང་རིགས་སྟོབས་འབྱོར་དྲེགས་པ་ཡི། །

དཔལ་ལྡན་འབྲས་དཀར་སྤུངས་པའི་དགའ་ཚལ་དེར། །

ཞུགས་ཏེ་དཔག་ཡས་ཡོན་ཏན་ནོར་བུའི་ཚོགས། །

ངོམས་མེད་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ། །

ཞི་དུལ་བག་ཡོད་གོས་ཀྱི་འཇའ་རིས་ཀྱིས། །

ཕན་དང་བདེ་བའི་གྲིབ་བསིལ་སྦྱིན་པའི་མཛོད། །

འགྲོ་བ་ཀུན་གྱི་སྲིད་ཞིའི་མཆོད་ཡོན་ཏེ། ། 

དཔལ་ལྡན་བླ་མ་དམ་པས་བརྩེ་བས་བསྐྱངས། །

སྐྱེ་བོ་ཕལ་བའི་བློ་ལས་རབ་འགོངས་ཤིང་། །

བསམ་མེད་བྱིས་པས་ཡིད་ལ་མི་ཤོང་བའི། །

དཀའ་སྤྱད་རྟག་སྦྱོར་གུས་པའི་བརྩོན་པ་འདིས། །

རྒྱལ་སྲས་སེམས་དཔའ་གཞན་ལ་སྐྱེངས་པ་སྟེར། །

དམ་པ་རྣམས་ནི་གང་ན་བཞུགས་ཀྱང་རུང་། །

སྙན་པའི་གྲགས་པས་ས་ཆེན་མཛེས་གྱུར་ཏེ། །

ཆེ་འདོད་རེ་བའི་མེ་ཏོག་བཅོམ་བྱས་ནས། །

མངོན་ལྐོག་མཚུངས་པའི་ཐོས་པ་འབའ་ཞིག་བཙལ། །

ས་གྲང་གདན་དང་རྡོ་གྲང་སྔས་བྱས་ཏེ། །

འཕགས་བོད་མཁས་པས་མཛད་པའི་ཤེར་ཕྱིན་གཞུང་། །

ལོ་དྲུག་དཀའ་བ་སྤྱད་པའི་དན་རྟགས་སུ། །

མཁས་པའི་མཚན་སྙན་གླིང་འདིའི་རྒྱན་དུ་འཚེར། །

དེའི་ཚེ་བདུད་ཀྱི་བར་ཆད་ཆེར་གཡོས་ཏེ། །

དུས་མིན་འཆི་བའི་འཇིགས་པ་བསྟན་མོད་ཀྱང་། །

འཕྲིན་ལས་རང་གཟུགས་ཨརྱ་ཏཱ་རེ་མའི། །

ཚེ་སྒྲུབ་རིག་སྔགས་དྲག་པོས་བཟློག་པར་མཛད། །

རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་ལ། ། 

དེ་བཞིན་མཁས་པ་ཐོས་པས་མི་ངོམས་ཏེ། །

འབྲས་དཀར་སྤུངས་པའི་གསང་སྔགས་ཕོ་བྲང་དུ། །

དཔེ་གཟིགས་ཁོ་ནས་མཚམས་ནག་སྒོ་བཅད་མཛད། །

ཆོས་བརྒྱད་འདོད་པའི་དཔལ་ལ་མ་ཆགས་ཤིང་། །

ཞུམ་དང་ངན་ཞེན་ལེ་ལོ་ཡོངས་སྤངས་ཏེ། །

རླབས་ཆེན་ཐོས་བསམ་སྒོམ་ལ་བརྩོན་པ་ཡིས། །

རྒྱུད་དང་དབང་བོ་ཡོངས་སུ་སྨིན་པར་བྱས། ། 

ཆོས་བཞིན་སྤྱོད་ལ་བདུད་ཀྱི་བར་ཆད་དང་། །

རྣམ་དཀར་ཅན་ལ་ལྷ་སྲུང་རང་འཁོར་སོགས། །

ངོ་མཚར་རྨད་དུ་བྱུང་བའི་སྒྲོས་མང་ཡང་། །

སྐབས་བབ་གེགས་སུ་གྱུར་བས་སྐྱུང་བ་ཡིན། ། 

འདི་སྣང་ཚེ་འདིའི་ཆོས་ལ་ཐུགས་ཕྱུང་སྟེ། །

མ་ཆགས་འཕགས་པའི་རིགས་ལ་གནས་པར་མཛད། །

གྲགས་པ་ཕྱོགས་ཀྱི་མཛེས་མའི་འགྲམ་བཀོད་ཀྱང་། །

དོན་མེད་སྟོང་འུར་ཙམ་ཞེས་ཁོང་ཉིད་གསུངས། །

འཚོ་བའི་འབྱོར་འཁོས་ཅི་ཙམ་བཀྲེན་ཀྱང་རུང་། ། 

སྐུ་ཡི་ཁོ་ལག་ཅི་ཙམ་ཞན་གྱུར་ཀྱང་། །

བྱང་ཆུབ་སྤྱོད་ལས་ཕྱིར་ཕྱོགས་མི་མཛད་པ། །

རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྟགས་སུ་མངོན། །

འཚོ་བའི་དཀའ་ཐུབ་ཉམས་སུ་བཞེས་པ་ནི། །

མུ་སྟེགས་དྲང་སྲོང་ཚོགས་ཀྱང་མི་དམན་ཏེ། །

མི་རྟོག་ཏིང་ངེ་འཛིན་ལ་གཞོལ་བ་དང་། ། 

ཚངས་སྤྱོད་བརྟུལ་ཞུགས་བསྐྱངས་པའི་དཔལ་འདིས་ཀྱང་། །

སྐབས་ཤིག་དགེ་འཕེལ་རི་བོའི་ཉེ་འཁྲིས་སུ། །

འཇམ་དབྱངས་མཁྱེན་པའི་གཏེར་གྱི་བསྙེན་པ་སྐྱེལ། །

དེ་ནས་ཡི་དམ་ལྷ་ཡིས་རྗེས་བཟུང་སྟེ། ། 

མཁྱེན་དཔྱོད་ཀློང་དུ་བརྡོལ་ཞེས་གཞན་དག་གླེང་། །

སྐབས་མིན་བསྟོད་དང་ཚུལ་མིན་འུད་བརྗོད་སོགས། །

མཆོག་གི་རྣམ་ཐར་གང་དེར་མ་མཆིས་པས། །

ཡི་རང་མཆོད་པའི་མེ་ཏོག་མ་རྙིད་དང་། །

བྱིན་རླབས་དྲི་བསུང་མི་འཁྱིལ་རང་དབང་ཅི། ། 

སྔོན་ཚེ་ཤིན་ཏུ་དབུལ་ཞིང་ཕོངས་བའི་ཚེ། །

ལོངས་སྤྱོད་བཙལ་ཡང་རྙེད་པར་དཀའ་བ་དང་། །

དེང་ནི་ཕར་ལ་སྤངས་ཀྱང་ཚུར་འཁོར་བའི། །

ཀུན་རྫོབ་འཁོར་བའི་གཤིས་ལ་བཞད་ཙམ་མཛད། ། 

ཆོས་མངོན་མཛོད་དང་འདུལ་བའི་བསླབ་པ་ལ། །

ཐོས་ལོ་ཙམ་གྱིས་ཆོག་པར་མ་བཟུང་བར། ། 

ལག་ལེན་མན་ངག་ཟུང་འབྲེལ་མཛད་པ་ཡིས། །

ཉེས་བརྒྱས་མ་གོས་ཚུལ་ཁྲིམས་ཡང་དག་སྲུང་། །

སྔར་ནས་ཐོས་བསམ་ཟུང་འབྲེལ་བགྱིད་པ་ཡིས། །

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཟུང་ལགས་ཏེ། །

འདུལ་བྱ་ལས་འཕྲོ་ཅན་གྱི་ངོར་གཟིགས་ཏེ། ། 

རྩེ་གཅིག་སྒྲུབ་ལ་གཞོལ་བའི་ཐུགས་དམ་བཅས། །

ཚུལ་འདི་འཇིགས་མཛད་འཇམ་དཔལ་དབྱངས་དངོས་ཏེ། ། 

སྐྱབས་མཆོག་རྡོ་རྗེ་འཆང་ལ་ཞུས་པའི་ཚེ། ། *

ཤིན་ཏུ་དགྱེས་པའི་ཞལ་གྱི་ཚེམས་དཀར་དབུས། །

གསུང་གི་དབུགས་དབྱུང་བསྩལ་བས་རྟེན་འབྲེལ་འགྲིག ། 

དེ་ནས་འདི་སྣང་བྱ་བའི་འཕྲོ་བཅད་ཅིང་། ། 

འཁྲུལ་སྣང་འདུ་འཛིའི་གནས་ལས་རིང་དུ་གྱེས། །

རྩེ་གཅིག་དབེན་པའི་གནས་སུ་མཚམས་བཞུགས་ཏེ། །

རིང་མོ་ཞིག་ལ་མི་སྨྲའི་བརྟུལ་ཞུགས་བསྐྱངས། །

རིང་མིན་ཀླ་ཀློའི་དཔུང་གིས་ཚོགས་གཤམས་ཏེ། །

དུས་འགྱུར་ང་དགུའི་རླུང་འཚུབ་དྲག་ཏུ་གཡོས། །

ཀྱེ་མ་འཇིགས་རུང་གཤིན་རྗེའི་བར་མའི་འཕྲང་། །

ཕྱོགས་འདིར་འཕོས་པ་བཞིན་དུ་མངོན་སུམ་སྣང་། ། 

རེ་ཞིག་དགེ་སློབ་བཞི་ཚན་གཉིས་དང་བཅས། །

ཀློང་རྡོལ་རི་ཁྲིད་བྱོན་ཏེ་བཞུགས་མོད་ཀྱང་། །

བཀར་བཏགས་ལོག་པའི་གཉའ་ཤིང་ལྗིད་དྲག་པས། །

མི་འདོད་བཞིན་དུ་ཕན་ཚུན་གྱེས་དགོས་བྱུང་། ། 

ཁྲིམས་དང་འགལ་བའི་ཉེས་པ་མ་བསགས་ཤིང་། །

ལུགས་དང་མི་མཐུན་སྨྱོ་གར་མ་འཁྲབ་མོད། །

མནར་གཅོད་དྲག་པོས་ཤི་གསོན་ཕྱེ་དགོས་པ། །

བུ་སྡུག་ཤི་བའི་མ་བཞིན་རབ་ཏུ་སྐྱོ། །

ཀུན་ཀྱང་ཆོས་སྤྱོད་རྩེ་དགའི་དཔལ་རོལ་ཏེ། །

དམ་ཆོས་བདུད་རྩིའི་ལོངས་སྤྱོད་རོལ་བའི་དུས། །

ཚུལ་མིན་དུག་གིས་གདུང་བའི་ལུས་མེད་ཚོགས། །

མི་བཟོད་ཕྲག་དོག་དབང་གིས་རྒོལ་བ་འདྲ། །

གདུག་སྤྱོད་མུན་པའི་དཔུང་ཚོགས་སྟོབས་རྒྱས་ཤིང་། །

འགྲོ་འདི་ཚ་གཅུན་དྲག་པོས་དམ་འཁྱུད་དེ། །

གཙུག་ལག་གསེར་གྱི་མཚོ་མོ་གཏིང་ནས་དཀྲུགས། །

མཁས་གྲུབ་གསེར་རིའི་ལྷུན་པོ་རྡུལ་དུ་བརླགས། ། 

སྐབས་ཤིག་གོ་མཚོན་ཐོགས་པའི་དམག་མི་འགས། །

དཔལ་ལྡན་བླ་མའི་སྐུ་ལ་དྲག་ཏུ་སྤྱོས། །

སྐྱེ་དགུ་མགོན་དང་བྲལ་བའི་གདུང་ཡུས་ཀྱིས། །

སྟོང་བའི་དབྱིངས་སུ་ཆོ་ངེའི་བྱ་ཚོགས་རྒྱུ། །

བཅོས་བསྒྱུར་ལུགས་མཐུན་ཡིན་ན་མི་དགའ་ཅི། །

བྱས་པ་ནག་པོ་ཡིན་ན་འགྱོད་སེམས་ཅི། །

ཁ་ཚིག་འོ་མའི་རྒྱབ་ཀྱི་གནག་སེམས་དེར། །

ཉེས་མེད་སྐྱེ་བོ་མང་བོའི་བླ་ཚེ་འཁྲིལ། །

དམན་ས་གོང་མའི་གདན་སར་སེམས་དང་གཅིག ། 

ཆོས་དང་མགོན་ལ་ངོ་ལོག་མི་བྱེད་གཉིས། །

ཐུགས་དམ་རི་མོ་རྡོ་ལ་བརྐོས་དང་ལྷན། །

ལེ་འདེད་མེད་པར་ཆུ་ཤུར་བཙོན་དུ་བཞུགས། །

གནམ་གཤིས་གྲང་ཡང་ཁྱིམ་པའི་གོས་མ་མནབས། །

འཚོ་བ་བཀྲེན་ཀྱང་དགུང་བཅད་ཆགས་མེད་མཛད། །

ཐམས་ཅད་ལས་ངན་འདག་པའི་རྐྱེན་དུ་འཁྱེར། ། 

བསླབ་ཁྲིམས་མངོན་ལྐོག་མེད་པར་སྲུང་འདི་རྨད། །

རྐྱེན་དང་འཕྲད་ཚེ་ཁས་ལེན་མ་བོར་ཞིང་། །

དུས་ལ་གཏུགས་ཀྱང་དམ་བཅའ་མ་ལྷོད་པ། །

ཚུལ་འདི་ཁྱོད་ཉིད་ཁོ་ནའི་ཡོན་ཏན་ཞེས། །

"ཁེངས་པར་མི་རིགས་རྒྱལ་སྲས་ཀུན་གྱི་ཡིན། །"

རྒྱལ་བསྟན་ནུབ་ཀྱི་རི་ལ་བཞུད་གྱུར་ཚེ། །

གདུག་སྤྱོད་མུན་པའི་བསྐལ་བ་ཚེས་པ་ན། །

རྒྱལ་སྲས་ཟླ་བ་གཞོན་ནུའི་ཡོན་ཏན་དང་། །

ཉམ་ཐག་གདུང་བའི་ཀུ་མུད་ལྷན་དུ་གཡོས། ། 

དྭངས་གསལ་དྲི་མ་མེད་པའི་ཟླ་གཞོན་ལུས། །

འཇིགས་རིང་སྒྲ་གཅན་མཆེ་བས་གཙེས་གྱུར་ཀྱང་། །

དེང་འདིར་དེ་ལས་གྲོལ་ཞིང་ལང་ཚོའི་དཔལ། །

བདག་ཅག་མིག་གི་བདུད་རྩིར་གྱུར་འདི་སྤྲོ། ། 

སླར་ཡང་སྐུ་མཚམས་བཞུགས་པའི་ཟོལ་གྱིས་ཏེ། །

རྒྱལ་བའི་བཀའ་འགྱུར་ཆ་ཚང་ཞིབ་ཏུ་མཇལ། །

ཕྱོགས་རེ་ཙམ་མིན་བརྗེད་བྱང་བསྡུས་དོན་དང་། །

ལྷན་ཅིག་སྦྱར་ཏེ་ཆོས་ཀྱི་དགའ་སྟོན་མྱངས། ། 

རིགས་ཚོགས་དྲུག་དང་བྱམས་ཆོས་སྡེ་ལྔ་སོགས། །

ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་ལ། །

གཅིག་ཏུ་འགྲུས་པས་ཚིག་དང་དོན་གྱི་ཆ། །

དཔྱིས་ཕྱིན་སྦྱང་བའི་ཚུལ་ལ་ལྷག་ཏུ་མཚར། ། 

ཐམས་ཅད་གསར་བརྗེ་ཡིན་པའི་ཡོ་ལང་ཁྲོད། །

ཡོད་ཚད་རྙིང་གཏོར་དགོས་པའི་དུས་འགྱུར་དབུས། །

རྒྱལ་བའི་བསྟན་པ་ཉི་ལྟར་གསལ་མཛད་པའི། །

རྒྱལ་སྲས་དཔའ་བོའི་སྙིང་སྟོབས་བདག་གིར་བཞེས། །

སྔོན་ཚེ་མགོན་པོ་ཀླུ་ཡི་མཚན་ཅན་གྱིས། །

ཐེག་ཆེན་དར་སྤེལ་གནང་བར་མཚར་དོན་ཅི། །

འདི་ན་ལོག་སྤྱོད་དཔུང་གི་ཚང་བརྡོལ་སྐབས། །

དམ་ཆོས་སྤེལ་བའི་ཚུལ་ལ་དེས་ཀྱང་མཚར། ། 

ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་སྤེལ་བ་དང་། །

འཕགས་པའི་དགོངས་པ་གསལ་བར་བྱ་བའི་ཕྱིར། །

དབུ་མ་རིགས་པའི་ཚོགས་ལ་འགྲེལ་བཤད་མཛད། །

«གངས་རིའི་མགོན་པོ་དགྱེས་པའི་མཆོད་སྤྲིན»བསྟར། །

ལྟས་ངན་ཆོ་འཕྲུལ་ངན་དགུར་དབང་བསྒྱུར་བའི། །

སྲིན་པོ་མི་ཡི་གཟུགས་སུ་སྤྲུལ་བ་དག །

གསུང་རབ་མེ་ཡི་འུབས་སུ་བསྐྱུར་བ་ཡིས། །

ནང་གི་བྱིན་རླབས་དུ་བའི་ཟོལ་གྱིས་བཞུད། ། 

དུས་དེར་དགའ་སྐྱོ་ཟུང་དུ་འབྲེལ་བ་ཡི། །

ངོ་མཚར་ལོ་རྒྱུས་ཤིན་ཏུ་རྒྱ་ཆེ་ཡང་། །

སྨྲ་ཚོད་རན་པར་སྨྲས་ན་མཛངས་པ་ཡིན། །

རྟོགས་བརྗོད་དོན་མཐུན་བགྱིས་ན་བསོད་ནམས་ཡིན། །

མཚམས་རེར་དད་པའི་སྤུ་ལོང་གཡོ་བྱེད་པའི། །

རྗེ་བཙུན་མི་ལའི་མགུར་འདྲ་ཅི་བས་མང་། །

ལན་རེར་མཚན་གུང་གཉིད་ཀྱང་གཅོག་བྱེད་པའི། །

དམྱལ་གླིང་རྫོགས་པ་ཆེན་མོ་དེས་ཀྱང་སྟོབས། ། 

ཆེ་དགུའི་རལ་བ་ས་ལ་གདན་བྱས་ཏེ། །

ལྷ་རྟེན་ཆོས་གསུམ་གདོན་དུ་ལྟ་བའི་དུས། །

ཆེད་དུ་ངུར་སྨྲིག་ཟོལ་གྱིས་བྱོན་མིན་ནམ། །

བསམ་བཞིན་དད་པའི་མཆི་མ་དབང་མེད་འཆོར། །  

ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་བའི་དུས། །

ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་མཛད་ཅིང་། །

བསྟན་པའི་མེ་རོ་གསོ་བའི་ལམ་རིམ་པ། །

དུས་མཐའི་རྒྱལ་བའི་ཤིང་རྟའི་སྲོལ་འབྱེད་ཡིན། །

དཔའ་སྙིང་ཁྱོད་འདྲ་རེ་གཉིས་ཡོད་གྱུར་ཀྱང་། །

རྒྱ་ཆེན་བསམ་བློའི་ཆ་ཙམ་མི་བསྡོ་བས། །

ཡང་དར་བསྟན་པའི་གསལ་བྱེད་ལམ་རིམ་པ། །

གངས་ལྗོངས་ཁ་བ་རི་བའི་དྲིན་ཅན་ཡིན། ། 

སྐུ་སྲོག་ཕངས་མེད་རྒྱལ་བའི་བསྟན་པ་སྤེལ། །

རང་ཚུགས་མ་ཡལ་རིགས་ཀྱི་ལ་རྒྱ་བསྐྱངས། །

བར་ཆད་གཡུལ་ལས་རྒྱལ་བའི་ལམ་རིམ་པ། །

ཡང་སྒོས་དགེ་ལྡན་བསྟན་པའི་དར་ཆེན་ཡིན། །

གཞན་ཡང་ཁོང་གི་ཡོན་ཏན་རྒྱ་མཚོའི་གཏེར། །

བདག་བློའི་སྐྲ་རྩེས་གཞལ་བར་ག་ལ་ནུས། ། 

འོན་ཀྱང་སྐལ་ལྡན་ལས་འཕྲོ་ཅན་རྣམས་ལ། །

«རང་རྣམ་»དེ་ཀོ་མཚམས་སྦྱོར་བྱས་པ་ཡིན། ། 

དེ་ནས་ཅུང་ཟད་ཞོད་འཇགས་གྱུར་བ་ན། །

རྒྱལ་བ་ཡབ་སྲས་བཀའ་ལུང་སྤྱི་བོར་བླངས། །

སེམས་ཅན་དད་ལྡན་མང་བོའི་རེ་བ་བསྐོངས། །

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། །

བསྟན་པ་སྤེལ་ལ་རྒྱ༷ལ་བའི་གནང་བ་ཐོབ། །

བསྙེན་སྒྲུབ་མཛད་དེ་རྒྱ༷ལ་བསྟན་དག་ཐེར་མཛད། །

མཛད་འཕྲིན་བྱ་བ་རྒྱ༷ལ་མཚམས་བརྒལ་ནས་རྒྱས། །

སྔོན་མེད་ཆོས་ཀྱི་རྒྱ༷ལ་མཚན་གཅིག་པུར་གྲུབ། ། 

ལུས་ཅན་ཁམས་དང་དབང་བོར་རྗེས་མཐུན་པར། །

ལེགས་བཤད་གསུང་གི་ང་རོ་བསྒྲགས་པའི་ཚེ། །

སྟོན་མཆོག་མི་ཡི་སེང་གེ་འཇིག་རྟེན་དུ། །

"འཚོ་ཞིང་བཞེས་པའི་དཔལ་དེ་རྗེས་སུ་དྲན། །" 

དེ་ལྟའི་རྫོགས་ལྡན་གསར་བའི་ལོངས་སྤྱོད་ལ། །

དགའ་དགར་རོལ་བའི་སྐལ་བཟང་ཅི་ལ་སྲིད། །

འབྱུང་བྱ་འུག་པ་བགོད་དང་ཁྱི་ངུ་སོགས། །

མི་སྡུག་མཚན་མ་མང་བོས་རྟག་ཏུ་གཙེས། །

དོན་དྲུག་བཞེས་པ་དབྱར་ཟླ་བཞི་བའི་ནང་། །

དམར་ཕྱོགས་དགའ་བ་གཉིས་པའི་སྔ་དྲོའི་དུས། །

གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། །

ཉམ་ཐག་འགྲོ་བ་མགོན་དང་བྲལ་བར་གྱུར། ། 

དེའི་ཚེ་མིག་གི་མཆི་མའི་ཆར་རྒྱུན་གྱིས། །

འཇིག་རྟེན་ཆར་གྱི་ཡ་མཚན་བཅོམ་བྱས་ཏེ། །

སྨྲེང་བའི་ཆོ་ངེ་འབྲུག་སྒྲའི་ཟོལ་གྱིས་གྲག །

སྡུག་གི་ལོ་མས་ས་གཞི་དོག་པོར་བྱས། །

གཏུམ་དྲག་ལོག་པའི་ཚོགས་རྣམས་དགའ་གྱུར་ཏེ། །

ཐན་སྐད་གྱ་གྱུར་སྒྲོག་ལ་བྲེལ་བ་དེར། །

མ་དག་དུད་འགྲོ་རྣམས་ཀྱང་ཡིད་སྐྱོ་སྟེ། །

སྐྱོ་བའི་ཟུག་སྐད་བྲག་ཅའི་གདངས་ལ་འཁྲིལ། །

མགོན་ཁྱོད་དགའ་ལྡན་ཞིང་དུ་གཤེགས་པ་དེར། །

ངུ་ཤོམ་བྱིས་པའི་ཚུལ་དེ་འོས་མིན་ཡང་། །

སྡུག་བསྲན་མཆི་མ་ཁོང་དུ་མིད་དང་ལྷན། །

སྐྱོ་བས་མ་བཟོད་ཆིག་ལབ་མང་དུ་ཤོར། །  

ཞི་དུལ་ཉམས་བརྒྱས་ཕྱུག་པའི་སྐུ་གཟུགས་དྲན། །

ཐུགས་རྒྱུད་བྱམས་བརྩེས་བརླན་པའི་སྤྱན་རིས་དྲན། །

བསྟན་འགྲོའི་མཛད་བཟང་བསྐྱངས་པའི་ལྷག་བསམ་དྲན། །

མདོར་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན། ། 

བསམ་གྱིན་བསམ་གྱིན་སྙིང་གི་ཁོང་ནས་སྐྱོ། །

དྲན་གྱིན་དྲན་གྱིན་ཉིན་མཚན་ཀུན་ཏུ་སྐྱོ། །

བསམ་པས་མི་དཔོག་བརྗོད་ཀྱིས་མི་ལོངས་ཁྱོད། །

ཁོ་བོའི་ཚེ་རབས་ལས་ཀྱི་ལྷ་སྐལ་ཡིན། །  

སོང་ན་བསྡད་ན་གསོལ་བ་འདེབས་ས་ཡིན། །

ལངས་ན་ཉལ་ན་སྐྱབས་འཇུག་ཞུ་ས་ཡིན། །

སྐྱིད་ན་ཁྱོད་ཀྱི་ཐུགས་རྗེའི་བཀའ་དྲིན་ཡིན། །

སྡུག་ན་དྭ་བུའི་འོ་དོད་འབོད་ས་ཡིན། །

དེང་འདིར་སྣ་ཚོགས་ལས་ཀྱི་འདུ་འགོད་ཀྱིས། །

མི་ཁོམ་སོས་དལ་བྱ་བའི་གླེགས་ཙམ་ཡང་། །

རྙེད་དཀའི་དུས་ཀྱི་འགྱུར་ལྡོག་རྒོད་ན་ཡང་། །

དོན་མཐུན་སུག་བྲིས་འདི་ཉིད་རྫོགས་པར་བྱས། །

སྐྱེས་སྦྱངས་ཤེས་རབ་ཡོན་ཏན་ཞན་པ་དང་། །

རྣམ་གཡེང་སྒྱུ་མའི་རོལ་རྩེད་ཡིད་ཆགས་པའི། །

བསམ་མེད་དུད་འགྲོ་ཕྱུགས་ཀྱི་འདུ་ཤེས་ཅན། །

བདག་འདྲས་དམ་པའི་ཡོན་ཏན་ཇི་ལྟར་དཔོག །

དེ་ལྟ་ན་ཡང་ལྷག་བསམ་ཟླ་བའི་རིས། ། 

ཕྱོགས་ཞེན་ཁ་དོག་ཚོས་ཀྱིས་མ་བསྒྱུར་བར། །

དད་སེམས་སོར་མོའི་འདེགས་འཇོག་ཐེངས་གཅིག་གིས། །

དཔལ་ལྡན་བླ་མའི་རྟོགས་བརྗོད་འདི་ཉིད་བྱས། །

འདིས་ཀྱང་དམ་པའི་ཐུགས་དགོངས་རྫོགས་གྱུར་ཅིག །

རིས་མེད་རྒྱལ་བསྟན་ཕྱོགས་བཞིར་རྒྱས་གྱུར་ཅིག །

མ་དག་འགྲོ་བའི་སྡུག་བསྔལ་ཞི་གྱུར་ཅིག །

ཕན་དང་བདེ་བའི་བསྐལ་བ་ཚེས་གྱུར་ཅིག །

དེ་ལྟར་ཡོན་ཏན་དྲི་བསུང་རབ་འཁྱིལ་ཞིང་། །

མཛེས་སྡུག་མིག་དང་ཡིད་ཀྱི་དགའ་སྟོན་ཉིད། །

ཤིན་ཏུ་འབྱུང་དཀའི་ཨུ་དུམ་ཝ་ར་འདི། །

སྐལ་ལྡན་གཞོན་ནུའི་གསོས་སུ་ཁོ་བོས་བྱིན། །

དབྱངས་ཀྱི་འདེགས་འཇོག་དུམ་བུར་གཅོད་གྱུར་ཏེ། །

ཚིག་གི་ཤུན་པ་རྡོག་པས་བརྫིས་ན་ཡང་། །

བསྟན་དོན་རེ་བའི་མྱུ་གུ་ཕྲ་མོ་དེ། །

སླར་ཡང་སྐྱེས་སྟོབས་དཔལ་གྱིས་སྨིན་གྱུར་ཅིག །

བདག་ཀྱང་ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །

ཡིད་ལ་བྱེད་པ་གཞན་གང་མེད་པ་དང་། །

མགོན་ཁྱོད་གང་དུ་བཞུགས་པའི་ཞིང་ཁམས་དེར། །

སྐྱེས་ནས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག ། 

ཅེས་རྒྱལ་བའི་ལུང་རྟོགས་བསྟན་པའི་བྱེད་པོ། ཟབ་རྒྱས་ཆོས་ཚུལ་འདོམས་པ་ལ་མི་འཇིགས་པའི་སྤོབས་པ་གཟེངས་སུ་མཐོ་བ། རྒྱལ་བསྟན་གསལ་བར་བྱེད་པའི་ཉིན་བྱེད། སྙིགས་དུས་ཀྱི་སེམས་དཔའ་ཆེན་པོ། ཐེག་ཆེན་དབུ་མའི་ལམ་བཟང་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་བོ། ཉེས་པའི་དཔུང་ཚོགས་འཇོམས་པ་ལ་ཞུམ་པ་མེད་པའི་དཔའ་བོ་ཆེན་པོ་མཚན་བརྗོད་པར་དཀའ་བ། དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ རྗེ་བཙུན་ལམ་རིམ་པ་ངག་དབང་ཕུན་ཚོགས་དཔལ་བཟང་བོ་མཆོག་ཉིད་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་བགྲང་བྱ་ཉེར་བདུན་སོང་བར་རྗེས་དྲན་གྱི་ཚུལ་དུ་ཚིགས་བཅད་བརྒྱ་དང་བཅུ་གསུམ་གྱི་གྲངས་ཅན་«རྟོགས་བརྗོད་ཨུ་དུམ་ཝ་ར»ཞེས་བྱ་བ་འདི་ནི། མགོན་པོ་ཁོང་གི་གསང་གསུམ་ཕྱི་ནང་གི་རྣམ་ཐར་ལ་མི་ཕྱེད་པའི་དད་པ་བརྟན་པོ་ལྡན་ཞིང་། ཁོང་གི་གསུང་རྩོམ་ལ་མི་དམན་པའི་བག་ཆགས་ཐོབ་ཏེ་བློ་གྲོས་ཀྱི་སྣང་བ་ཀུན་ནས་གསལ་བ། ཁྱད་པར་དུ་ཡང་།༢༠༢༡ནས་བཟུང་སྟེ་རྗེ་བཙུན་ལམ་རིམ་རིན་པོ་ཆེས་མཛད་པའི་«འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་བསྡུས་རན་པ་རིག་འཛིན་དགའ་སྟོན»ཞེས་བྱ་བ་ཁ་ཏོན་མཛད་དགོས་ཞེས་དགེ་བའི་བཤེས་གཉེན་སྐུ་དྲིན་ཅན་མཁན་ཚེ་རིང་དབང་རྒྱལ་མཆོག་གིས་བཀས་སྐུལ་བཞིན་ཉིན་རེར་རྒྱུན་ཆགས་བཞིན་མ་ཆག་མ་ལུས་པར་འདོན་པའི་དགེ་བའི་ལས་འཕྲོ་ཅུང་ཟད་མཆིས་ཤིང་། ཆོས་བཞིན་འདུལ་བ་འཛིན་པ་རྣམས་ཀྱི་ཞབས་པད་གུས་པས་བསྟེན་པ་མང་དགེ་བསོད་ནམས་འབྱུང་ཞེས་བྱ་བས་ལབ་དགོན་དུང་སྒྲུབ་ཆེན་མོའི་དུས་ཆེན་དང་བསྟུན་ནས་བར་མཚམས་ཀྱི་སྐབས་ཀུན་ཏུ་བྲིས་ཏེ་རྫོགས་པར་སྦྱར་བའོ། །

མཆན།

 རྒྱལ་བའི་ཡོངས་འཛིན་རྣམ་པ་གཉིས་ཏེ། ཁྲི་བྱང་རྡོ་རྗེ་འཆང་དང་གླིང་རིན་པོ་ཆེ་གཉིས་ལ་གོ

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།