སེམས་ཁོང་གི་རྗེ་ཤེས་རབ་རྒྱ་མཚོ།
༄༅།། ན་མོ་གུ་རུ་མཉྫུ་གྷོ་ཥ་སཱ་ར་ཡ།
སྟོང་ལ་སྣང་བ་སྒྱུ་མའི་འཕྲུལ་སྦྱོར་གྱིས། །
སྣང་ཡང་སྟོང་བའི་གནས་ལུགས་ངོ་སྤྲོད་པ། །
སྟོང་སྣང་གཅིག་ཏུ་འཆར་བའི་བྱེད་པོ་དེས། །
སྣང་སྟོང་བྲག་ཅའི་ངོ་བོར་རྟོགས་གྱུར་ཅིག །
ཇི་སྙེད་ཤེས་བྱའི་སྣང་བ་འབུམ་རྫོགས་པ། །
རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་རྟག་འཆར་བས། །
སྣང་སྟོང་སྤྲོས་པའི་མཐའ་ཀུན་ཡོངས་བཅད་པའི། །
ངེས་དོན་དགེ་བའི་བཤེས་དེ་གཙུག་ན་རྒྱལ། །
ཆུང་ནས་རྒྱལ་ཡུམ་དབྱངས་ཀྱི་དབང་ཕྱུག་མས། །
རྗེས་བཟུང་མཁྱེན་པ་ཉི་མ་བརྒྱ་བའི་རླབས། །
ཇི་སྙེད་ཤེས་བྱའི་མཐའ་དང་མཉམ་འཁྲིལ་བས། །
ལྷ་རམས་དང་པོའི་དབང་བསྐུར་ཁྱེད་ལ་ཐོབ། །
ཕྱི་ཡི་གཟུང་བའི་འཕྲོ་འདུ་སྣ་ཚོགས་པ། །
འཛིན་པ་ཀུན་རྟོག་རྒྱལ་མོའི་ཆོ་འཕྲུལ་དུ། །
འཆར་ཡང་ཐབས་མཁས་ཐུགས་རྗེ་སྣ་ཚོགས་པས། །
ཕན་བདེའི་གཏེར་དེ་ཕྱོགས་ཀྱི་མཐའ་ལ་བསྲིངས། །
གནས་ལུགས་ཐོག་མཐའ་བྲལ་བ་ཀུན་ཁྱབ་ཀློང་། །
སྐྱེ་འགག་མོ་གཤམ་བུ་མོར་རྟག་རོལ་ཀྱང་། །
ཐ་སྙད་སྒྱུ་མར་འཆར་བའི་རྟེན་འབྲེལ་གྱིས། །
གྲངས་མང་རྒྱལ་སྲས་ས་དེ་ཁྱེད་ཀྱིས་ཟིན། །
ཐབས་ལམ་རིགས་པའི་རྣམ་གྲངས་རྩེ་བརྒྱ་བས། །
ཆེ་རྒུའི་ལོག་རྟོག་མུན་པ་མཐར་བསྐྲད་དེ། །
ཡང་དག་ལམ་བཟང་ལྟ་བས་དབུགས་འབྱིན་མཁས།།
ངེས་དོན་དབུ་མ་བ་ཁྱེད་སྙིང་ནས་དྲན། །
དྭངས་གཙང་མཚོ་ལ་ཟླ་བའི་རི་མོ་ལྟར། །
གཅིག་ལས་དུ་མར་རོལ་པ་འབྱམས་ཀླས་པས། །
རྒྱལ་བསྟན་ཕན་བདེའི་གདུགས་དཀར་འདེགས་པའི་སྲོག།
ཁྱེད་ཀྱི་ཐུགས་སྟོབས་དཔུང་བས་ཡོངས་སུ་བཟུང་།།
གསར་རྙིང་ལུས་ཀྱི་ཕུང་བོ་རགས་པ་ལས། །
དོན་དམ་ལྷན་ཅིག་སྐྱེས་པ་གཉུག་མའི་གཤིས། །
བདེ་ཆེན་སྒྱུ་མའི་ངོ་བོར་འཆར་བའི་འཕྲུལ། །
གང་འཚམས་འགྲོ་བློར་སྣང་བ་འབྱམས་སུ་ཀླས། །
དབྱིངས་རིག་དབྱེར་མེད་ཕྱག་རྒྱས་མངོན་བོས་པའི།།
ཐུགས་གསང་དཔལ་གྱི་བེའུར་ལེགས་འཁྲུངས་པ། །
ཞི་བདེའི་རྩེ་དགའ་མཆོག་ལ་སྲིད་མཐའི་བར། །
འཛམ་གླིང་ཡོངས་ཀྱིས་ལོངས་སུ་སྤྱོད་པར་ཤོག །
གདོད་ནས་མངོན་སངས་རྒྱས་པ་ཡེ་ཤེས་གཏེར། །
ཐུབ་བསྟན་མཛེས་མའི་དཔལ་ལ་རྗེས་ཆགས་པས། །
གསང་གསུམ་སྒྱུ་མའི་གར་དུ་ཟློས་པའི་མཐའ། །
དགུ་ཚིགས་ཞགས་པའི་ཚད་ལས་རིང་དུ་འགོངས། །
ཀུན་གཟིགས་སྣང་མཐའི་ལུགས་གཉིས་ཁ་ལོ་བར།།
སྐྱ་རེངས་བུ་མོའི་དཔལ་དང་མཉམ་ཞུགས་པས། །
རིན་བྲལ་བཀའ་རྟགས་རི་མོ་མ་ཉམས་པའི། །
སྙན་ཞུ་འཛམ་གླིང་ལོ་རྒྱུས་མཛོད་དུ་དྲངས། །
འདི་ལྟར་བཅོས་མིན་སེམས་པའི་མེ་ལོང་ལ། །
སྣ་ཚོགས་དད་པའི་པིར་གྱིས་བྲིས་པའི་རིས། །
རྟེན་འབྱུང་སྒྱུ་མའི་ཆོ་ག་ལ་བརྟེན་ནས། །
ལས་ཅན་རྒྱ་མཚོའི་སྙིང་ལ་འཇུག་པར་སྨོན། །
གང་ལ་རིང་ནས་དད་པའི་ཁུར་ལྕི་བ། །
མང་ཐོས་རིག་པ་འཛིན་པའི་དགེ་སློང་ཞིག །
ལྷོ་མཐའི་གྲོང་ནས་སྨྲེང་བའི་འོ་དོད་གྱིས། །
འཇམ་དཔལ་དགྱེས་པའི་དགོངས་པ་དབྱིངས་ནས་བསྐུལ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn