མཉམ་མེད་རི་བོ་དགེ་ལྡན་པའི་རང་ལུགས་དྲི་མ་མེད་པ་གསེར་གྱི་མེ་ཏོག་ལྟ་བུའི་རྟོགས་པ་བརྗོད་པ་ཀུན་ཏུ་དགའ་བྱེད་མེ་ཏོག་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-26 07:44:03     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

༄༅། །ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་ཤིང་། །

ལྔ་ལྡན་ཡེ་ཤེས་འདབ་མ་མཛེས། །

མི་མེད་ཞིང་གི་རྒྱན་གྱུར་པའི། །

དྲི་མེད་རྒྱལ་བའི་མེ་ཏོག་མཆོད། །

དཔལ་ལྡན་ཡོན་ཏན་ཕུང་པོ་མཉམ་མེད་ཐུབ་དབང་དབང་པོའི་ཏོག་ཅེས་པའི། །

གྲགས་པའི་འབྲུག་སྒྲས་ཁོར་ཡུག་ཀུན་ཏུ་ཞི་བསིལ་ཕྲིན་ལས་ཆར་འབེབས་ཚེ། །

ཟབ་ཅིང་གསང་བའི་ཆོས་ཀྱིས་རྔ་ཆེན་ཕྱོགས་བཅུའི་ཞིང་དུ་བརྡུང་བ་ཡི། །

སྨོན་ལམ་རླུང་གི་ཅིར་ཡང་བསྐུལ་བའི་ཐུགས་བསྐྱེད་ཆུ་ཡི་གཏེར་འདི་བསྐྱིལ། །

དྲི་བྲལ་ཤེལ་དཀར་ཕྲེང་བ་ལྟ་བུའི་བརྒྱུད་པ་གཉིས་ལྡན་ཆོས་ཀྱི་སླད། །

དྲི་བྲལ་ཤེལ་དཀར་ཕྲེང་བའི་མེ་ཏོག་མཎྚལ་ཚོམ་བུར་ཡོངས་བསྟར་ནས། །

ཐུབ་དབང་ཆོས་ཀྱི་མཆོད་པས་ལུང་བསྟན་ཆོས་དུང་དཀར་པོའི་སྐྱེས་ཀྱི་ཕུལ། །

དགེ་བ་ལྡན་པའི་རི་ལ་སྦས་པས་བསྟན་འདིའི་མཚན་གྱི་ཅོད་པཎ་བྱིན། །

ཀུན་ནས་མི་བཟོད་ཆད་པའི་གཅོང་རོང་རྣམ་པར་བསལ་བའི་ཁྱོན་ཡངས་སུ། །

རབ་ཏུ་བརྟན་པའི་རྟག་ལྟའི་བྲག་རི་ཡོངས་སུ་བསྙེལ་ཏེ་ཁོད་སྙོམ་པར། །

ཞི་བའི་ཏིང་འཛིན་མེ་ཏོག་གཞོན་ནུ་མི་རྒོད་མི་ཞུམ་སྙོམས་པར་བདལ། །

དྲང་ སྲོང་ཆེན་པོས་རྗེས་སུ་གནང་བའི་ཚངས་སྤྱོད་མཆོག་ལྡན་སྐྱེད་ཚལ་ལགས། །

འཛམ་གླིང་མུན་པའི་གོ་སྐབས་འགོག་པའི་ཞིང་འདིའི་རྒྱན་མཆོག་ཉི་ཟླ་ཟུང་། །

རབ་ཡངས་མཁའ་ལ་ཟློས་གར་རྩེ་བའི་འོད་ཀྱི་ཐུར་མས་རྣམ་ཕྱེས་པའི། །

སྔོན་མེད་མེ་ཏོག་གཞོན་ནུའི་འཁྲི་ཤིང་གཞན་ཕན་སྨན་གྱི་སྡོང་པོ་ཆེ། །

གངས་རིའི་ངོགས་ན་དུད་པའི་གྲགས་པས་ཕྱོགས་བཅུའི་ལུས་ཅན་མགྲོན་དུ་འབོད། །

དངོས་གྲུབ་སྦྲང་རྩིའི་དོག་པས་གཏམ་པའི་གསང་ཆེན་ཆོས་ཀྱི་མེ་ཏོག་ཆེ། །

རྡོ་རྗེའི་འདབ་མ་བཞི་ཡིས་ཉེར་མཛེས་ཟུང་འཇུག་ཟེའུ་འབྲས་དགའ་སྟོན་ཅན། །

རྒྱུད་རྒྱལ་གཉིས་ཀྱི་རྒྱ་མཚོ་ལས་འཁྲུངས་གྲུབ་པའི་དྲང་སྲོང་འབུམ་གྱི་ནོར། །

ཨུ་དམ་ཝ་ར་ལས་ཀྱང་ལྷག་པའི་མེ་ཏོག་མཆོག་གིས་ཆེས་ཆེར་མཛེས། །

ཡན་ལག་དགུ་ལྡན་གསུང་རབ་ཞལ་བཟང་བདེན་གཉིས་རྭ་དང་འགྲོགས་པ་ཡི། །

ལྷ་མཆོག་དེ་ཡིས་སྤྱན་རས་ཀྱིས་བཙའ་རྣམ་འབྱེད་བློ་གྲོས་འབུམ་བདལ་ཞིང་། །

འགལ་རྐྱེན་བད་ཀྱིས་ནམ་ཡང་མི་བརྫི་སྔོན་མེད་དགེ་བའི་མེ་ཏོག་འདི། །

ཀུན་ནས་བསྟེན་པའི་བྷྲ་མ་ར་རུ་སྨོན་ལམ་རླུང་གིས་བསྐྱེད་པར་གྱུར། །

དེ་ལྟའི་མཉམ་མེད་མེ་ཏོག་ནི། །

གསེར་རིའི་དབུས་ན་ལྷུན་པོ་བཞིན། །

ཐུབ་བསྟན་ཡོངས་སུ་རྫོགས་པ་ཡི། །

ཡིད་འཕྲོགས་དགའ་བ་བརྒྱ་ལྡན་པ། །

འདི་ནི་མངོན་པར་བསྟེན་པ་ཡིས། །

བདེན་གཉིས་ཟབ་མོའི་གནས་ལུགས་ལ། །

མི་མཉམ་བློ་གྲོས་ཕྲ་མོའི་དབྱིག། །

ཐོབ་སྟེ་ཆོས་ཀྱི་རྗེས་འབྲངས་འགྱུར། །

བརྩོན་པའི་རླུང་གི་སྟོབས་བཞིན་ཏུ། །

མཐོང་པའི་ཆོས་ལ་གྲུབ་པ་མཆོག། །

མངོན་དུ་བྱེད་དང་དེའི་འོག་ཏུ། །

སྲིད་ཞིའི་རྒྱ་མཚོའི་ཕ་རོལ་འགྲོ། །

བདེ་གཤེགས་སེང་གེའི་ང་རོས་སེང་གེའི་སྒྲས། །

བདག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །

ཕྱག་གི་མཆོད་སྡོང་མཐོང་བ་ཙམ་གྱིས་ཀྱང་། །

རྣམ་གྲོལ་མཆོག་སྦྱིན་འདི་ཡི་ཕན་ཡོན་ཡིན། །

དེ་ལྟར་ངོ་མཚར་ཕུན་ཚོགས་གསུམ་ལྡན་པས། །

གང་དང་མི་མཉམ་ཐུབ་དབང་བསྟན་པའི་བཅུད། །

འདི་ཉིད་ཁོ་ན་འདི་ནས་བྱང་ཆུབ་པར། །

ལེགས་པར་འཚོ་ཞིང་གཞན་ཡང་སྒྲོལ་གྱུར་ཅིག། །

ཅེས་མཉམ་མེད་རི་བོ་དགེ་ལྡན་པའི་རང་ལུགས་དྲི་མ་མེད་པ་གསེར་གྱི་མེ་ཏོག་ལྟ་བུའི་རྟོགས་པ་བརྗོད་པ་ཀུན་ཏུ་དགའ་བྱེད་མེ་ཏོག་འཁྲི་ཤིང་ཞེས་པ་འདི་ནི་སྣྲོན་གྱི་ཟླ་བའི་དུས་མེ་ཏོག་སེར་པོས་ཁྱབ་པའི་སྐྱེད་མོའི་ཚལ་ཡིད་དུ་འོང་བ་ལ་དམིགས་ཏེ་དཀོན་མཆོག་མཆོད་པའི་སྨོན་ལམ་གྱིས་དད་པའི་ཁམས་གསོ་བའི་ཚེ་འཇམ་དབྱངས་བླ་མ་འདྲེན་པ་མཚུངས་བ་མེད་པ་དེ་ཉིད་ཀྱི་རང་ལུགས་དྲི་མ་མེད་པ་གསེར་གྱི་མེ་ཏོག་ལྟ་བུ་རྗེས་སུ་དྲན་ཏེ་ཡིད་ཀྱི་བུང་བ་དད་པའི་ཤུགས་ཀྱིས་རྣམ་པར་བསྐྱོད་པ་བཞིན་ཏུ་ཡི་གེའི་ལམ་དུ་འཇམ་དཔལ་དགྱེས་པའི་བློ་གྲོས་ཚངས་སྲས་སྙེམས་པའི་སྡེས་ཕབས་པ་དགེ་ལེགས་འཕེལ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།