གནས་ཀྱི་བསྔགས་བརྗོད་ཏམ་བུ་ར་ཡི་སྒྲ་དབྱངས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-03-13 06:37:58     རྩོམ་པ་པོ།   འཇིགས་མེད་བློ་གྲོས།    ཀློག་ཐེངས།  

༄༅འཆི་མེད་ལམ་ཀུན་ཆོས་སྐུའི་ཉི་ཟླ་གསལ།

བར་སྣང་ཡངས་པོར་ལོངས་སྐུའི་འཇའ་ཚོན་བཀྲ།

འཛིན་མའི་ཁྱོན་ཡོངས་དམ་པའི་མཛད་འཕྲིན་རྒྱས།

དགེ་མཚན་སྟོང་གིས་འཇིག་རྟེན་མཛེས་གྱུར་ཅིག

རབ་དཀར་དྲི་མེད་ཤེལ་གྱི་ལྷུན་པོ་ལ།

ཉི་གཞོན་འབུམ་གྱིས་ཀུན་ནས་འཁྱུད་པ་བཞིན།

མཐོང་བས་གསང་གསུམ་བྱིན་རླབས་བདུད་རྩིའི་བཅུད།

ལྷུགས་པོར་སྩོལ་མཛད་དྲིན་ཆེན་བླ་མར་འདུད།

ཕུལ་བྱུང་ཚུལ་ཁྲིམས་གསེར་གྱི་ག་ལ་ཤར།

མདོ་རྒྱུད་རྒྱ་མཚོའི་རོ་མངར་ཨམྲིཏ།

 ཡོངས་སུ་འཁྱིལ་བའི་ངོ་མཚར་ཟླ་མེད་པ།

ཡོངས་འཛིན་བཀའ་དྲིན་ཅན་རྣམས་ཕྱག་གི་ཡུལ།

ཐུབ་པས་རབ་བསྔགས་སྤྲེལ་རྫོང་ཕྱོགས་ཀྱི་རྒྱན།

སྤང་གཞོང་སྨན་ལྗོན་མཚར་སྡུག་བལྟ་མི་ངོམས།

ཏིང་འཛིན་སྒྲུབ་ལ་འདུ་འཛི་བྲལ་བའི་ཡུལ།

གནས་འདིའི་བཀོད་ལེགས་ཡོན་ཏན་བསམ་ལས་འདས།

དྭངས་བསིལ་ཡན་ལག་བརྒྱད་ལྡན་བདུད་རྩིའི་བཅུད།

གང་ཞིག་མཐོང་བས་ལུས་སེམས་བདེ་བའི་དཔྱིད།

 དཀོན་མཆོག་མཆོད་པའི་མཆོད་ཡོན་བླ་མེད་པའི།

རླབས་འཕྲེང་གར་དུ་རྩེན་པ་ཧང་ཆབ་འགྲམ།

ནེའུ་གསིང་མེ་ཏོག་སྣ་ཚོགས་འཛུམ་གྲོལ་ཞིང་།

 རྐང་འཐུང་སྔོ་ལྗང་ཡལ་འདབ་ཕྱོགས་ཀུན་གཡོ།

སྤུ་སྡུག་རྣམ་བཀྲ་དཔྱིད་ཀྱི་ཕོ་ཉ་དང་།

གྲེ་འགྱུར་དབྱངས་ལྡན་འཇོལ་མོའི་མགྲིན་གླུ་སྙན།

ཕྱོགས་མཚམས་ཀུན་ཏུ་གསར་སྐྱེས་ཡིད་འཕྲོག་ལྗོན།

སེར་སྔོན་ལྗང་གསུམ་མཚར་སྡུག་ལོ་འདབ་སྟེང་།

རྟ་བདུན་དབང་བོས་ཟེར་བརྒྱ་སྤྲོས་པ་ན།

མརྒཏ་ལྷུན་པོར་འཇའ་ཚོན་འཁྱིལ་བ་འདྲ།

གཡས་གཡོན་དག་ན་ལྷ་ཡི་དྲིལ་ཆུང་བཞིན།

ལྷང་ལྷང་ཆུ་ཕྲན་དུ་མས་རང་སྒྲ་སྒྲོག།

དེ་ནང་གསེར་མིག་ཅན་སོགས་སྲོག་ཆགས་རིགས།།

གློག་བཞིན་འཁྱུག་འགྲོས་རྣམ་འགྱུར་ཅི་ཡང་སྟོན།

གང་ཞིག་མཐོང་བས་ཡིད་ཀྱི་བརྟན་པ་འཕྲོག

ཆུ་སྐྱེས་གཞོན་ནུའི་འདབ་བརྒྱ་བཞད་པའི་དབུས།

ཐིག་ལེ་དྲུག་པའི་གཤོག་ཟུང་གར་བསྒྱུར་བཅས།

སྙན་མོའི་རྒྱང་གླུ་ལེན་ལ་རྟག་ཏུ་བྲེལ།

ཕྱོགས་དང་ཕྱོགས་མཚམས་ས་ཡི་སྐྱོན་དང་བྲལ།

རྨད་བྱུང་དགེ་བཅུའི་ཡོན་ཏན་ཡོངས་སུ་རྫོགས།

ཕྱི་ནང་མཐུན་རྐྱེན་ཀུན་ཚང་ནགས་ཀློང་འདིར།

ཐར་འདོད་སྐྱེས་བུའི་སྒྲུབ་གནས་ལྷུན་གྱིས་གྲུབ།

ཕྱོགས་ཀུན་གཡོ་བ་དྲི་གཞོན་གྱིས་བསྐུལ་བས།

རབ་ལྗང་ལྗོན་པའི་ཡལ་ག་གཡོ་བ་ནི།

བསམ་གཏན་སྒོམ་རྣམས་བསྟི་གནས་འདི་ལགས་ཞེས།

རྒྱང་རིང་ལམ་ནས་མགྲོན་དུ་འབོད་པ་བཞིན།

འཕུར་ལྡིང་ཉམས་བརྒྱའི་གཤོག་རྩལ་ངོམས་བཞིན་དུ།

འགྱུར་ཁུགས་དབྱངས་ལྡན་བྱེའུའི་རིགས་ཀུན་གྱིས།

དམ་ཆོས་གསུང་སྙན་སྒྲོག་ན་འདི་བཞིན་ཞེས།

ནགས་ཀློང་གང་དུ་མགྲིན་པ་བཏེགས་ནས་གྲགས།

ཨེ་མ་སྔོན་བྱོན་དམ་པའི་སྒྲུབ་གནས་འདིར།

མཆོག་གསུམ་བྱིན་རླབས་དུས་སུ་སྨིན་པ་དང་།

འདུན་ལྡན་འགྲོ་བའི་དད་བརྩོན་འགྱུར་མེད་སྒོས།

རྒྱལ་བའི་ཐུགས་རྟེན་མངོན་པར་བླ་ན་མཐོ།

དབྱིབས་ལེགས་གངས་ཀྱི་རི་བོར་ཟླ་བཞོན་གྱི།

ཁུ་བས་ལན་བརྒྱར་བྱུགས་འདྲའི་དཔལ་དང་ལྡན།

ནང་དུ་བྱིན་ལྡན་སྐུ་གསུང་ཐུགས་རྟེན་སོགས།

ཕྱུར་བུར་གཏམས་པས་ངོ་མཚར་བརྗོད་ལས་འདས།

ཕུལ་བྱུང་མཆོད་རྟེན་ལེགས་འགྲུབ་ཆོས་སྟོན་ཚེ།

ཡབ་རྗེ་མཆོག་སྤྲུལ་བསྟན་འཛིན་དཔང་བོའི་གཙོས།

ཁྲིམས་ལྡན་བཅུ་ཟུང་ལྷག་དང་བཅས་པ་ཡིས།

དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་དུ།

བསྟིམས་སྟེ་ཆོས་སྤྱོད་བསྔོ་སྨོན་རྣམ་དག་སྒོས།

ངོ་མཚར་བཀྲ་ཤིས་མེ་ཏོག་ཆར་དུ་བསྙིལ།

དེ་ནས་བརྩམས་ཏེ་འདིར་འཁོད་དད་ལྡན་རྣམས།

བཅོས་མིན་སྙིང་ནས་སྒྲིབ་པ་སྦྱང་བའི་སླད།

རྟག་ཏུ་ཁ་འདོན་ཕྱག་དང་བསྐོར་བའི་ལས།

དབྱར་དུས་ལྷ་ལམ་ཆུ་འཛིན་འཁྲིགས་པ་བཞིན།

དགེ་མཚན་སྟོང་འབར་རབ་བྱུང་བཅུ་བདུན་པའི།།

བགྲང་བྱ་མེ་བྱི་གྲོ་བཞིན་ཟླ་བ་ཡི།།

འཕེལ་ཕྱོགས་དགའ་བ་དང་བོ་ཉི་ཤར་དུས།།

སྡེ་སྤྱིར་དགེ་བའི་རིམ་གྲོར་ཟླ་མེད་པ།

རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་ཡིས།།

བཀའ་ལུང་ཇི་བཞིན་དུས་གསུམ་རྒྱལ་བའི་ཡུམ།།

ཚེ་སྦྱིན་མྱུར་སྐྱོབ་ལྷ་མོའི་སྟོང་མཆོད་ཀྱི།

ཆོ་ག་ཆོས་སྤྱོད་འཁྲུལ་མེད་གསར་དུ་བཙུགས།།

དེ་ཡིས་མོད་ལ་ལས་ལྡན་སྐྱེ་བོ་ཀུན།།

འདི་ཕྱི་དོན་ཀུན་འགྲུབ་པས་དགའ་སྤྲོས་ཚིམས།།

ཤིང་བྱའི་གནམ་ལོ་ཆུ་སྟོད་ཟླ་བ་ཡི།

ཆོས་འཁོར་བསྐོར་བའི་དུས་བཟང་ཚེས་བཞི་ལ།

ཧང་ང་གསེར་གཞོངས་སྟོད་སྨད་བར་གསུམ་གྱི།།

གཅིག་ཏུ་ཆོས་ལ་གཞོལ་བས་བརྩོན་ལྡན་རྣམས།།

ལྷོད་མིན་སྙིང་ནས་ལྷག་བསམ་དད་གུས་ཀྱིས།

མ་ཎི་དུང་ཕྱུར་བསྒྲུབས་པའི་སྐལ་བ་ལྡན།།

དེ་མཐུས་རྫོགས་ལྡན་ཇི་བཞིན་བདེ་སྐྱིད་ཀྱི།།

ཞོགས་ཀའི་ཉི་གཞོན་གསར་བའི་འོད་ཀྱིས་ཁྱབ།།

གཅིག་ཏུ་ལོ་བརྒྱར་མ་ཎི་བགྲངས་པ་ལས།།

སྐྱ་སེར་དམངས་དང་དགེ་སྒྲུབ་བསོད་ནམས་མཆོག།

དཔེར་ན་གླང་ཆེན་སྟོང་གི་ཁུར་ལྗི་བ།།

འཕྲུལ་འཁོར་ཤིང་རྟ་གཅིག་གིས་འདྲེན་ལ་ལྟོས།

ཕུལ་བྱུང་རབ་ཚེས་ས་བྱི་ཟླ་བ་ཡི།

དུས་གཉེན་ཁྱད་འཕགས་ཚེས་བཟང་ལྷ་བབས་ཉིན།

ཆོས་ཕུང་ཡང་སྙིང་གཅིག་བསྡུས་དམ་ཆོས་ཕུལ།

 བྱིན་ལྡན་བལྟ་ན་སྡུག་པའི་མཆོད་ཀྱི་ཞིང་།

མ་ཎི་ཡིག་དྲུག་དུང་ཕྱུར་གསུམ་ལྡན་ཞིག།

དད་ལྡན་དཔག་ཡས་ཡོན་སྦྱར་སྔོན་བསགས་ཀྱིས།།

རྣམ་དཀར་དགེ་བའི་འབྲུས་བུ་ཉིད་དུ་འཁུམས།

གངས་ཅན་འགྲོ་བའི་ཆོས་སྐལ་མ་ཎིའི་གཟུགས།

ས་ལ་བྲིས་དང་ལག་པས་རེག་པ་ཡང་།

འགྱང་མིན་སྲིད་པ་མཐའ་མར་འགྱུར་གསུངས་ན།

ལྷག་བསམ་ངག་བཟླས་ཆུས་བསྐོར་སྨོས་ཅི་དགོས།།

རབ་བྱུང་བགྲང་བྱ་ས་མོ་ཕག་གི་ལོའི།།

ཆུ་སྟོད་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན།།

བཀོད་ལེགས་ལྟ་ན་སྡུག་པའི་མ་ཎི་ཁང་།

གངས་ལྗོངས་འགྲོ་བ་ཡོངས་ཀྱི་རྒྱན་དུ་གྲུབ།

འདིར་འབད་ལེགས་བྱས་དགེ་བ་ཆུ་ཐིགས་ཙམ།

མངོན་མཐོ་འཛིན་མའི་ལྟོ་བར་ལེགས་བརྒྱུད་དེ།

ངེས་ལེགས་ཐར་བ་གཏིང་མཐའ་བྲལ་བའི་མཚོར།།

དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར་ཅིག་གུ༐༐

ནོར་འཛིན་ཁྱོན་ཡངས་གནས་པའི་ཡིད་ཅན་རྣམས།

སྙིགས་དུས་རང་མཚང་ལོ་འདབ་ཀྱིས་བསྒྲིབས་པ།

མཆོག་གསུམ་རྟ་བདུན་དབང་བོའི་གཟི་བྱིན་གྱིས།

འཕྲལ་ཡུན་བདེ་སྐྱིད་པདྨའི་འཛུམ་གྲོལ་ཤོག  །།   

ཅེས་ཏཱ་རེ་སྟོང་མཆོད་དང་མ་ཎི་དུང་སྒྲུབ་སོགས་ནམ་བཙུགས་ཀྱི་ལོ་ཟླ་ཚེས་གྲངས་ངེས་བྱེད་དོན་ལྡན་ཚིག་གི་ཕྲེང་བ་འདི་ནི་རབ་བྱུང་བཅོ་བདུན་པའི་ས་ཕག་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ་སྟེ་སྤྱི་ལོ་༢༠༡༩ལོའི་ཟླ་༧ཚེས་༡༧ཉིན་གོ་བཞིའི་རྒན་པོ་འཇིགས་མེད་བློ་གྲོས་ཀྱིས་ཏཱ་རེ་གསེར་གཞོངས་རང་སྤྱིལ་བསམ་གཏན་ཁང་ཆུང་ནས་བྲིས་པ་ཛ་ཡན་ཏུ།

རྩོམ་པ་པོ་ངོ་སྤྲོད།

༧སྐྱབས་རྗེ་༧ཨ་རོལ་རིན་པོ་ཆེའི་རིགས་ཀྱི་ཅོད་པན་དམ་པ་སྦས་པའི་རྣལ་འབྱོར་བ་འཇིགས་མེད་བློ་གྲོས་ཚང་ནི་བིས་མདོ་ནགས་རྒན་སྡེ་བར་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་སྟེ་ཕྱི་ལོ་1923ལོར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ས་སྐྱའི་འཁོན་དཀོན་མཆོག་རྒྱལ་བོའི་རིགས་ལས་རྒྱུད་པའི་ཡབ་དཀོན་མཆོག་སྐྱབས་དང་ཡུམ་རིན་ཆེན་སྒྲོལ་མའམ་རིན་ཆེན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བཅུ་བཞེས་པ༼ རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཕག་སྟེ་ཕྱི་ལོ1935ལོར་བྲག་དཀར་སྤྲེལ་རྫོང་དགོན་དུ་དགེ་བའི་བཤེས་གཉེན་རྗེ་ཨ་ལགས་དགེ་འདུན་ནམ་དགེ་འདུན་གྲགས་པ་ཚང་གི་མདུན་དུ་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་བློ་གྲོས་སུ་གསོལ། དེ་ནས་བཟུང་དགོན་པའི་འདོན་རྟ་དབྱངས་གསུམ་ལ་ཞིབ་པར་བསླབས། དགེ་བཤེས་བིས་མདོ་དཀོན་མཆོག་རྒྱལ་མཚན་ལས་ཞི་རྒྱས་དབང་དྲག་གི་ཐིག་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བསླབས། དགེ་བཤེས་སངས་རྒྱས་རྒྱ་མཚོ་ལས་དབུ་ཅན་དབུ་མེད་ཀྱི་ཡིག་གཟིགས་དང་སུམ་རྟགས་དག་གསུམ་སྙན་ངག་སོགས་རིག་གནས་ཆུང་བ་ཀུན་ལ་བསླབས། དགེ་བཤེས་སྐུ་དཔོན་དགེ་ལེགས་རྒྱ་མཚོའི་སྤྱན་སྔ་ནས་ཚད་མའི་འཇུག་སྒོ་བསྡུས་གྲྭ་ནས་གཞུང་པོ་ཏི་ལྔ་ལ་རིམ་པར་བསླབས། 1981ལོར་དགོན་པའི་ཆོས་སྒོ་ཡང་བསྐྱར་ཕྱེས་པ་ནས་དགོན་པའི་འདོན་རྟ་དབྱངས་གསུམ་དང་ཚོགས་འཚོགས་ལུགས་དགེ་བསྐོས་ཀྱི་སྐྱབས་འཇུག་ཞུ་སྟངས་དང་ཚོགས་གཏམ་གཏང་སྟངས་སོགས་དགོན་པའི་གྲྭ་གསར་ཀུན་ལ་བསླབས། དགོན་པའི་ཕྱིའི་འཛུགས་བསྐྲུན་འདུ་ཁང་ཀ་བརྒྱ་མ་དང་མཆོད་རྟེན་བརྒྱད་པ་རྗེས་དྲན་མཆོད་རྟེན་སོགས་ཁོང་གིས་དབུ་མཛད་དེ་བཞེངས། 1991ལོར་སྐྱབས་རྗེ་ཨ་རོལ་སྐུ་ཕྲེང་བཞི་བའི་ཡོངས་འཛིན་དུ་ཨ་ལགས་ཆུ་ཀྱཱ་རིན་པོ་ཆེ་ནས་མངལ་གསོལ་མཛད། ཨ་རོལ་རིན་པོ་ཆེ་ནས་རྒྱུད་པའི་དགོན་པའི་ཚོགས་འདོན་ཆ་ཚང་དང་ཁོང་གི་བདེ་ལམ་སོགས་ཀྱི་ལུང་དགོན་པའི་གྲྭ་ཚང་ཀུན་ལ་ཡང་ཡང་གནང་། མདོར་ན་དགོང་ལོ་གོ་དྲུག་བཞེས་པའི་དེ་རིང་གི་བར་དུ་གཞན་དོན་འབའ་ཞིག་ལ་གཞོལ་བར་བཞུགས་པ་དེ་ལྟར་ལགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།