མདོ་སྨད་བྱང་རྒྱུད་དུ་མཇལ་སྐོར་ཕྱིན་པའི་མྱོང་ཚོར་ཟིན་བྲིས།
མཁྱེན་དཔྱོད་ཟབ་ཡངས་འཇིངས་ལྟར་དཔག་དཀའ་ཞིང་།།
བརྩེ་བའི་ཐུགས་ཀྱིས་འགྲོ་ལ་བུ་བཞིན་གཟིགས།།
ནུས་པའི་སྟོབས་ཀྱིས་བདུད་དཔུང་འཇོམས་མཛད་པ།།
རིགས་གསུམ་བདག་ཉིད་བླ་མར་སྙིང་ནས་འདུད།།
སྔོན་སྨོན་ལས་ཀྱིས་བསྡུས་པའི་དགེ་གྲོགས་ཚོས།།
ལྷག་བསམ་གཙང་མས་སྐལ་ལྡན་སློབ་བུ་ལ།།
བསླབ་བྱའི་གནས་རྣམས་སྟོན་ལ་སུན་མེད་ངང་།།
བཞུགས་འདུག་བསམས་ན་ཁྱེད་ཅག་ཕྱག་གི་ཡུལ།།
ཆོས་མཐུན་དགེ་བའི་ལས་ལ་ཡི་རང་ཕྱིར།།
སྐབས་རེར་ངལ་གསོའི་དུས་ཚོད་སྐབས་བསྟུན་ནས།།
སྤྲོ་བསང་ལྟ་བུའི་གནས་སྐོར་ལྗོངས་རྒྱུ་རེ།།
ཡོད་ན་སེམས་ངལ་གསོ་ཞིང་འདུན་པ་འཕེལ།།
དེའི་ཕྱིར་ས་ཟླའི་ཚེས་དགུའི་ཕྱི་དྲོ་ལ།།
མྱུར་མགྱོགས་འཕྲུལ་གྱི་ཤུགས་ལ་བརྟེན་ནས་ནི།།
རི་ཆུ་མང་བོ་འཕྲེད་ཀྱིས་གཅོད་བཞིན་དུ།།
མདོ་སྨད་ཙོང་ཁའི་ཕྱོགས་སུ་ལམ་ལ་ཆས།།
མཚན་དཀྱིལ་ཙམ་ལ་གནའ་མཁར་ཟི་ལིང་དུ།།
ཐོན་ནས་བན་ཏཱ་ཞེས་བྱའི་ཐང་དཀྱིལ་གྱི།།
ཁང་རྩེག་ཀ་བ་བཙུགས་འདྲའི་ཁང་མིག་གི།།
འགྲུལ་ཁང་སྟབས་བདེ་ཞིག་ནས་མཚན་ལམ་བསྐྱལ།།
ཞོགས་པའི་ཆུ་ཚོད་དགུ་བ་ཙམ་གྱི་སྟེང་།།
མལ་ལས་ལྡང་ནས་ཞོགས་ཟས་སྣུམ་པོ་ཞིག།
ཟས་ནས་ངེད་ཅག་མ་གྲོས་གཅིག་མཐུན་ངང་།།
ལིམྦི་གཉིས་པའི་ཞིང་དུ་མཆོད་མཇལ་སོང་།།
སྐུ་འབུམ་བྱམས་པ་གླིང་།
འཇམ་མགོན་རྒྱལ་བའི་ལྟེ་ཁྲག་འཕོས་པའི་སར།།
ཙན་དན་ལྗོན་པའི་ལོ་འདབ་འཁྲིགས་པའི་སྟེང་།།
སངས་རྒྱས་འབུམ་གྱི་སྐུ་བརྙན་ངོ་མཚར་བཞད།།
བཞད་པ་འདི་འདྲ་མཇལ་བ་དོན་དང་ལྡན།།
གསེར་སྡོང་མདུན་ནས་ངེད་ཅག་དགེ་གྲོགས་ཚོས།།
འཇམ་མགོན་བླ་མའི་རྣམ་ཐར་དྲན་བཞིན་དུ།།
ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ལ།།
བློ་བཟང་རྒྱལ་བསྟན་དར་བའི་སྨོན་ལམ་བཏབ།།
ཁྱད་པར་དུས་ངན་སྙིགས་མ་ལྔ་བདོ་ཡི།།
རང་མཚང་མཚོ་ལྟར་བརྡོལ་བའི་དུས་མཐའ་འདིར།།
རྒྱལ་བ་གཉིས་པའི་ལུཊ་བཟང་གདུགས་དཀར་ཆེ།།
ཕྱོགས་སུ་བསྒྲེངས་ནས་འགྲོ་རྣམས་བདེ་བར་སྨོན།།
མཆོད་མཇལ་ཚར་ནས་སྐོར་བ་འགྲོ་དུས་སུ།།
སྡེ་འདིས་གངས་ལྗོངས་བསྟན་སྲིད་རྒུད་པའི་དུས།།
སྐྱོང་བའི་མཛད་རྗེས་ཡིད་ལ་ཤར་བ་ན།།
འཇམ་མགོན་བླ་མའི་ཐུགས་བསྐྱེད་ལྷག་པར་དྲན།།
རུ་གསར་རྫོང་།
དེ་ནས་ངེད་ཅག་སྐུ་འབུམ་ཚོ་དྲུག་གི།།
གྲོང་གི་ལྟེ་བ་རུ་གསར་རྫོང་མཁར་དུ།།
ཕྲེང་ལྟར་བསྒྲིགས་པའི་མཆོད་ཆས་ཚོང་ཁང་འགའ།།
ཉུལ་ནས་སླར་ཡང་ཟི་ལིང་མཁར་དུ་ཆས།།
ཟི་ལིང་མཁར།
ཉིན་དེའི་ངེད་ཅག་འཁྱམ་སའི་ས་ཚིགས་ཏེ།།
ཟི་ལིང་བོད་མིའི་ཁྲོམ་ཞེས་གྲགས་ཅན་པོར།།
མཁོ་དགུའི་དངོས་ཟོག་རྣམ་སྲས་གཏེར་མཛོད་བཞིན།།
ཟད་མེད་ཚར་དུ་བཀྲམ་པ་ངོ་མཚར་ཆེ།།
རྣམ་འགྱུར་དྲང་ཞིང་བོད་སྐད་གཙང་མ་བཤད།།
བོད་གཤིས་མ་ཡལ་རིགས་ཞེན་དཔུང་རྡང་གིས།།
དམ་དུ་སྦྲེལ་བའི་བོད་པའི་ཚོང་ཁྲོམ་འདིར།།
ཉུལ་ན་མཁོ་བའི་ཡོ་བྱད་འཛད་མཐའ་མེད།།
འདི་འདྲ་མཐོང་ནས་འདི་ལྟར་ཡིད་ལ་ཤར།།
བརྙས་བཅོས་བྱེད་པའི་ཀ་ཇུའི་ཁ་ཆེ་ཚོའི།།
ལག་ནས་ལྷ་ཆས་མཆོད་ཆས་ཉོ་བ་ལས།།
རྒྱུ་སྤུའི་གཙང་བའི་བོད་མིའི་ཁྲོམ་འདི་བཟང་།།
ཁྲི་གདུགས་ཉི་མ་ནུབ་རིར་ཡིབ་པའི་དུས།།
ངེད་ཅག་ཟི་ལིང་གྲོང་གི་ལྟེ་བ་ཡི།།
ཁང་རྩེག་ནགས་ཀློང་འཚུབ་པའི་ཐང་ཆེན་གྱི།།
མཁའ་དབྱིངས་ཇ་ཁང་བྱ་བར་དགོང་ཟས་རོལ།།
བར་སྣང་ཁམས་ནས་ཟི་ལིང་གྲོང་ཁྱེར་གྱི།།
མཚན་ལྗོངས་མཛེས་སྡུག་མིག་གི་ལམ་དུ་དཔྱིད།།
ཙོང་ཁའི་རྒྱལ་བོས་མདོ་སྨད་གཡེར་མོ་ཐང་།།
དབང་དུ་བསྡུ་སའི་མཁར་ཤུལ་མཐོང་རེ་སྐན།།
དེ་ལྟར་ཡུན་རིང་ཁམས་གསེང་བྱས་པའི་རྗེས།།
ཉེ་འཁོར་མགྲོན་ཁང་ཇོ་མོ་གླང་མ་རུ།།
སོང་ནས་པཎ་ཆེན་བླ་མའི་གཟིམ་ཤག་གི།།
གཟི་འོད་སྙིང་ལ་བསྒོམས་ནས་གཉིད་དུ་ཡུར།།
ཤར་རིའི་རྩེ་ནས་ཉིན་བྱེད་འཛུམ་པ་ན།།
མལ་ལས་སད་ནས་མཁས་པ་མི་གསུམ་གྱི།།
ལྷ་ཁང་མཇལ་དགོས་བསམས་ནས་སོང་ནའང་།།
ནད་ཡམས་དབང་གིས་མཆོད་མཇལ་མ་མངགས་སོ།།
ཉིན་འདིར་ངེད་ཅག་བྱང་གི་དགོན་ཆེན་བཞིར།།
མཇལ་རྒྱུ་བྱས་པས་ཞོགས་ཟས་སྟབས་བདེ་ཞིག།
ཟས་ནས་རྟ་ཐང་རྫོང་གི་གཞུང་ལམ་དུ།།
ཤུགས་ཀྱིས་བགྲོད་པས་གསེར་ཁོག་དགོན་པར་སླེབས།།
གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་།
དགོན་འདིར་ལོ་ངོ་ཉི་ཤུའི་ཡར་སྔོན་དུ།།
ཁོ་བོ་མཆོད་མཇལ་ཡོང་བར་མི་མཚུངས་ཤིང་།།
ལྷ་ཁང་འདུ་ཁང་བླ་བྲང་ནང་ཁག་འགའ།།
གསར་དུ་བཞེངས་ནས་རྒྱ་ཕིབས་གཟི་འོད་འཚེར།།
སྔོན་དུས་དགེ་འདུན་སྟོང་ཕྲག་ཉིས་ལྷག་གིས།།
དགེ་ལྡན་བསྟན་པའི་དར་ཆེན་ཕྱོགས་མཐར་བསྒྲེངས།།
ད་ལྟ་འདུས་ཚོགས་བཅུ་ཕྲག་གསུམ་ཙམ་གྱིས།།
སྐྱོང་བའི་གཟུགས་བརྙན་འཆང་བ་ཡིད་རེ་སྐྱོ།།
ལྔ་བ་ཆེན་མོའི་ཐུགས་བསྐྱེད་འདི་ན་ཡོད།།
བཙན་པོ་རིམ་བྱོན་མཛད་འཕྲིན་འདི་ནས་རྒྱས།།
སྐྱེས་ཆེན་གསེར་རིའི་ཐུགས་སྨོན་འདིར་བཏབ་པས།།
སྡེ་འདིར་བསྟན་པ་དར་ཞིང་རྒྱས་པར་ཤོག།
ཁོ་བོས་སྡེ་འདིའི་གླིང་བར་གང་ས་ཀུན།།
མིག་གིས་མཐོང་ན་འདས་སོང་ལོ་རྒྱུས་དྲན།།
ཆུ་ཡོས་དུས་འཁྲུག་སྐད་གྲགས་ཆེ་བ་ལས།།
དོན་ལ་རིག་གནས་གསར་བརྗེར་རྨ་ཁ་ཟབ།།
འདི་འདྲ་བསམ་བཞིན་ངེད་ཅག་དགེ་གྲོགས་ཚོས།།
སྐོར་བ་ཐེངས་གཅིག་བྱས་ནས་མཉམ་པར་ཞིག།།
བསྐྱོན་ནས་ཆུ་བཟང་དགོན་པར་འགྲོ་བཞིན་དུ།།
ཕྱིར་མིག་ཡང་ཡང་འཕངས་ནས་བཞག་དགོས་བྱུང་།།
ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་།
འབུམ་ལུང་བཀྲ་ཤིས་ཐང་གི་ཕང་བ་ན།།
འགྲོ་བའི་ཞིང་ས་དགའ་ལྡན་མི་འགྱུར་གླིང་།།
ཆོས་སྡེ་ཆེན་མོའི་གཟི་ཉམས་ཤོར་ནའང་།།
ད་དུང་ཞུམ་མེད་ཨམ་ཚུགས་བསྡམས་ནས་ཆགས།།
གོང་མ་མཆོག་གིས་སྦྱིན་བདག་བྱས་ནས་ནི།།
ཇོ་ཁང་ཐར་ལམ་གསལ་བྱེད་གླིང་ཞེས་པ།།
བཞེངས་ནས་གཡུ་འབྲུག་དགུ་འཁྱིལ་ལྡེབས་རིས་ཤིག།
ཆེད་དམིགས་བསྩལ་བ་སྡེ་འདི་ཁོ་ནར་གྲགས།།
དེ་ལྟར་ལོ་རྒྱུས་གླེགས་བམ་མཐུག་ནའང་།།
སྔོན་དུས་རྒྱུད་དང་སྨན་པ་དུས་འཁོར་དང་།།
མཚན་ཉིད་སོགས་ལ་དགེ་འདུན་ངང་མོའི་སྡེ།།
ཆིག་སྟོང་ཙམ་གྱིས་བཤད་སྒྲུབ་འཁོར་ལོའི་རྒྱུན།།
ཕྱོགས་སུ་སྤེལ་བས་མདོ་སྨད་ཡུལ་གྲུ་ཀུན།།
གྲགས་པའི་སྙན་པ་མཐོ་བ་དོན་དང་ལྡན།།
ཡིན་ཡང་ད་ལྟ་རིག་དངོས་སྲུང་སྐྱོབ་ཀྱི།།
གྲས་སུ་བཞག་ནས་མིང་གི་ལྷག་མར་གྱུར།།
འདི་འདྲ་མཐོང་ནས་མཆོད་མཇལ་བྱེད་བཞིན་དུ།།
སྡེ་འདིའི་དགེ་འདུན་ཞལ་གྲངས་དྲིས་པ་ན།།
བཅུ་ཕྲག་གསུམ་དང་ཕྱེད་ལས་མི་བཞུགས་པར།།
ཤེས་ན་ལྷག་པར་སེམས་ནས་སྐྱོ་བ་སྐྱེས།།
བསམ་བཞིན་བྱོན་པའི་རྒྱལ་བ་སྲས་བཅས་ཀྱི།།
ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པའི་མཐུས།།
སྡེ་འདིའི་བཤད་དང་སྒྲུབ་པའི་བྱ་བ་ཀུན།།
ཡོངས་སུ་དར་བར་སྨོན་ལམ་བཏབ་ནས་ཆས།།
ངེད་ཅག་འགྲོ་སའི་ལམ་སྣེ་རིང་ནའང་།།
ལམ་གྱི་མཐོང་སྣང་གཅིག་ཏུ་མ་ངེས་པས།།
ཁོ་བོར་དྲན་རྟོག་སྣ་ཚོགས་སྐྱེས་པ་ལས།།
སེམས་ལ་ཚོར་བ་བྱིན་པ་འདི་འདྲ་ཡིན།།
བྱང་ཤར་ས་འཛིན་སྤོ་ལ་ཁ་བ་ཆགས།།
སྐེད་པར་རྩྭ་ལྗང་གཡུ་མདོག་ཐགས་སུ་བཀྲ།།
ཡངས་པའི་ཐང་ན་སོ་ནམ་ལས་ལ་བྲེལ།།
བོད་ས་གཤིན་པོའི་སྣང་བ་ངང་གིས་བྱིན།།
དགོན་ལུང་བྱམས་པ་གླིང་།
འདི་འདྲའི་མཐོང་སྣང་ཉམས་སུ་མྱོང་བཞིན་དུ།།
དར་ཅིག་ངང་ལ་དགོན་ལུང་དགོན་པར་ཐོན།།
ཁྱད་དུ་འཕགས་པའི་ཉམས་དགའི་གནས་གཅིག་པུར།།
ཡིན་པ་རྒྱལ་མཆོག་གསུམ་པས་དངོས་སུ་གཟིགས།།
རྒྱབ་རིའི་ཤུག་པའི་དྲི་བསུང་ཕྱོགས་ཀུན་འཐུལ།།
མདུན་རིའི་ལྗོན་པའི་ཚང་ཚིང་གཡུ་ལོ་བཀྲ།།
མདའ་ཡི་ཆུ་ཕྲན་ཤག་ཤག་འབབ་ཀྱིན་འདུག།
མཐོང་བ་ཙམ་གྱིས་བདེ་བའི་ངལ་གསོ་འབྱིན།།
ཉི་ཟླ་ལྟ་བུའི་རྒྱལ་བ་པཎ་ཆེན་གྱིས།།
བཀའ་ཡིས་བསྐུལ་ནས་རྒྱལ་སྲས་རིན་པོ་ཆེས།།
མདོ་སྨད་བཤད་གྲྭ་ཀུན་གྱི་ཕྱི་མོ་ཞེས།།
གྲགས་པའི་སྡེ་འདི་ཕྱག་གིས་བཏབ་པ་མཚར།།
སྡེ་འདི་སྐྱོང་བའི་བསྟན་འཛིན་དམ་པ་རྣམས།།
ཁོ་བོའི་བརྒྱུད་པའི་བླ་མ་བྱིན་རླབས་ཅན།།
ཡིན་པ་དྲན་ན་སྙིང་དབུས་ཟེའུ་འབྲུ་ལ།།
དད་དམ་གཙང་མའི་དགའ་བ་ལྷག་པར་འཕེལ།།
འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེ་མཆོག།།
ཁྲི་བར་ཕེབས་ནས་ཆོས་གྲྭའི་གསུང་ཆོས་ལ།།
ཐུའུ་བཀྭན་བླ་མས་མི་མངོན་ཚུལ་གྱི་སར།།
གསན་ནས་འདི་འདྲ་བྱོན་པ་ངོ་མཚར་གསུངས།།
དེའི་ཕྱིར་བླ་མའི་གསུང་གི་བྱིན་རླབས་གྱི།།
ཚན་ཀའི་གཟི་འོད་བདག་ཅག་བུ་སློབ་ལ།།
ཡིད་ལ་འཕྲོ་བའི་གསོལ་བ་འདེབས་བཞིན་དུ།།
སྡེ་འདིར་མཆོད་མཇལ་གཙང་མ་བྱས་པ་ཡིན།།
རྫ་རིའི་ཕྲེང་བ་ཚར་དུ་དངར་བའི་ཕང་།།
རྒྱལ་སྲས་རི་ཁྲོད་གནམ་དུ་མཆོང་ནས་ཡོད།།
རྒྱང་མཇལ་བྱས་ནས་དམར་གཙང་ལྷ་ཆེན་དུ།།
མྱུར་བར་ཆས་ནས་མྱུར་དུ་མཇལ་ན་བསམ།།
དམར་གཙང་བྲག
སྔོན་དུས་བྲག་དམར་ལྷ་ཆེན་འབོད་པ་འདིར།།
མཁས་པ་མི་གསུམ་དམ་ཆོས་དྲེལ་ལ་བཀལ།།
བྱང་ལམ་བརྒྱུད་ནས་ཙོང་ཁ་བདེ་ཁམས་སུ།།
བྱོན་ནས་མུ་ཟུ་གསལ་འབར་འཕྲད་པའི་གནས།།
གཞོན་ནུའི་དུས་ནས་སྔོན་སྦྱངས་བག་ཆགས་ཀྱིས།།
དམར་གཡོའི་མདུན་ནས་རབ་ཏུ་བྱུང་བའི་མཚན།།
དགེ་བ་རབ་གསལ་ཞེས་ནས་ལོ་བཅུ་རུ།།
མ་ལོན་དམིགས་བསལ་རུང་ནས་བསྙེན་རྫོགས་བསྒྲུབས།།
ཕྱི་དར་བསྟན་པའི་རྒྱལ་མཚན་འཛིན་པ་ལ།།
དཔའ་བའི་བླ་ཆེན་དགོངས་པ་རབ་གསལ་གྱིས།།
དབུས་གཙང་མི་བཅུར་རབ་བྱུང་བསྙེན་རྫོགས་ཀྱི།།
སྡོམ་པ་ནོད་ནས་བསྟན་པའི་གཞི་མ་ཚུགས།།
སྒྲུབ་པའི་གནས་མཆོག་དམར་གཙང་བྲག་དགོན་དུ།།
མཁས་པ་མི་གསུམ་ཀོ་བང་གྱི་བན་དང་།།
བླ་ཆེན་མཆོག་གི་སྐུ་བརྙན་བྱིན་ཆགས་ལ།།
ད་ལྟ་མཇལ་རྒྱུ་བྱུང་བ་སྐལ་བ་བཟང་།།
དགོན་ལུང་དགོན་པས་ས་འཛིན་མཛད་པ་ལ།།
སྐབས་བབ་དགེ་འདུན་ཕེབས་པ་ད་ལྟ་བཞུགས།།
དམར་གཙང་གྲོང་གི་བོད་པའི་མི་རྒན་ཚོས།།
བོད་སྐད་སྨྲ་བའི་སྐད་གདངས་མཐོ་བ་དགའ།།
ཁོ་བོས་དེ་རིང་དམར་གཙང་བྲག་དགོན་ནས།།
ཙོང་ཆུ་སྔོན་མོ་དལ་གྱིས་འབབ་པའི་གཞིར།།
བདེ་ཁམས་རྫོང་མཁར་གཟི་ཉམས་ཆེ་ནའང་།
ཙོང་ཁ་རྒྱལ་བོའི་མཛད་རྗེས་ཤེས་རྒྱུ་དཀོན།།
ངེད་ཅག་ད་དུང་ཙོང་ཁའི་བདེ་ཁམས་སུ།།
གནས་མཇལ་བྱས་ན་འདི་འདྲའི་མཐོང་མྱོང་བྱིན།།
གང་ན་དགོན་པ་མཆོད་རྟེན་དར་ལྕོག་སོགས།།
ཡོད་པ་དེ་རུ་བོད་པའི་མགོ་འཕང་མཐོ།།
ལྷ་ལུང་དཔལ་རྡོར་ཞེས་པའི་བླ་རྒན་དེས།།
མདའ་མོ་གཅིག་གིས་བཙན་པོའི་རྒྱལ་རབས་རྫོགས།།
གྲགས་པའི་ལོ་རྒྱུས་བདེེན་པར་རྩིས་ནའང་།།
འོལ་ཚོད་ཙམ་གྱི་བཤད་སྒྲོས་ཡིན་པ་ཤེས།།
འཁྲུལ་བའི་བློ་ལ་འཁྲུལ་ཤེས་སྣ་མང་རེ།།
དྲན་ནས་དགེ་ལྡན་བསྟན་པའི་ཆུ་འགོ་སྟེ།།
ཆོས་རྗེ་བླ་མའི་གདན་ས་བྱ་ཁྱུང་དུ།།
མྱུར་མགྱོགས་འཕྲུལ་གྱི་བང་ཁ་འགྲན་ནས་ཆས།།
བྱ་ཁྱུང་ཐེག་ཆེན་དར་རྒྱས་གླིང་།
བདེ་མོའི་གཞོང་དང་འཁྱོག་པོའི་ལམ་སྣེ་དང་།།
གཟར་མོའི་སྒང་གི་ལམ་འཕྲང་དོག་མོ་རུ།།
ཤུགས་གྱིས་བགྲོད་དུས་སེམས་ལ་དངངས་འཚུབ་རེ།།
སྐྱེས་ཀྱང་དགོན་པར་གེགས་མེད་བདེ་བླག་འབྱོར།།
དུས་ཀྱི་ཉི་མ་ཡིབ་པའི་ཚོད་ལ་སླེབས།།
ལྷ་ཁང་འདུ་ཁང་སྒོ་ཡང་རྒྱག་ལ་ཉེ།།
དེ་ལྟར་བསམས་ནས་ངེད་ཅག་དགེ་གྲོགས་ཚོ།།
ཐོན་མ་ཐག་ནས་མཆོད་མཇལ་མྱུར་མོར་སོང་།།
འདུ་ཁང་ཆེན་མོར་མཆོད་མཇལ་བྱས་པའི་རྗེས།།
ཆོས་རྗེ་མཆོག་གི་གསེར་གདུང་མདུན་དུ་ཆས།།
རྩེ་གཅིག་གསོལ་བ་འདེབས་བཞིན་ཕྱག་གསུམ་འཚལ།།
བྱིན་རླབས་ཉི་མའི་དྲོད་ཁོལ་སྙིང་ལ་སིམ།།
བསྟན་འགྲོའི་དོན་ཆེན་ཐུགས་ལ་བཏེགས་ནས་ནི།།
ཨ་མདོའི་ཡུལ་ནས་ཐག་རིང་དབུས་འགྱུར་ཞིང་།།
བགྲོད་དཀའི་ལམ་ལ་དཀའ་སྡུག་ཁྱད་བསད་ནས།།
མདོ་དང་རྒྱུད་ཀྱི་ལམ་ལ་རིམ་པར་སྦྱངས།།
དེའི་ཚེ་ཞྭ་ལུར་གྲྭ་སྐོར་མཛད་པའི་དུས།།
མཁས་པའི་གྲགས་པས་ས་གསུམ་གཡོ་བར་བྱས།།
བུ་སྟོན་མཆོག་གི་ཐུགས་ཡིད་རབ་དྲངས་ནས།།
ཤར་ཕྱོགས་རིག་པའི་དཔའ་བོའི་མཚན་སྙན་བསྩལ།།
བླ་མ་མཆིམས་ཀྱི་བཀའ་ལུང་ཟབ་མོ་བཞིན།།
མདོ་སྨད་ལྗོངས་འདིར་བསྟན་པ་ཕྱོགས་མཐར་སྤེལ།།
ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པ་ལ།།
ཕ་ཡིས་བུ་བཞིན་སྐྱོང་བ་ལྷག་པར་དྲན།།
གསང་བ་སྔགས་ཀྱི་དབང་བསྐུར་ཟབ་མོ་གནང་།།
རྣམ་དག་ཁྲིམས་ཀྱི་སྡོམ་པ་ཡང་དག་བསྩལ།།
ཐོས་བསམ་སྒོམ་པའི་གདམས་ངག་རིམ་པ་བཞིན།།
མ་ནོར་ཡོངས་སུ་བསྟན་པའི་བཀའ་དྲིན་དྲན།།
དེ་ལྟར་བསྐྱངས་ནས་དགུང་ལོ་བཅུ་དྲུག་སྟེང་།།
ཐག་རིང་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ལ།།
རྫོངས་ཏ་མཛད་ཅིང་མདོ་སྔགས་ཆོས་ཚུལ་གྱི།།
བསླབ་པའི་གོ་རིམ་མ་ནོར་ཚུལ་བཞིན་བསྟན།།
བཙུན་ཆུང་དེ་ཡིས་བླ་མའི་ཞལ་གདམས་ཀུན།།
ཐུགས་ལ་བརྣགས་ནས་ཇི་བཞིན་ཐོས་བསམ་གནང་།།
མདོ་དང་རྒྱུད་ཀྱི་དགོངས་དོན་ཟབ་མོ་རྟོགས།།
རྟོགས་པ་མཉམ་མེད་རྒྱལ་བ་བློ་བཟང་གྲགས།།
ཆོས་རྗེ་བླ་མའི་བཀའ་དྲིན་དྲན་བཞིན་དུ།།
ཨ་ར་པ་ཙའི་ལྷ་ཁང་མདུན་དུ་ཆས།།
ཕྱག་གསུམ་འཚལ་བཞིན་བདག་དང་མཁའ་མཉམ་གྱི།།
འགྲོ་བའི་མི་ཤེས་རྒུད་པ་བསལ་ཏུ་གསོལ།།
དེ་ལྟར་གསོལ་བ་འདེབས་བཞིན་ལྷ་ཁང་ལ།།
གཟུངས་སྔགས་ཟློ་བཞིན་སྐོར་བ་རེ་འགའ་སོང་།།
སོང་ན་སེམས་ལ་བདེ་བའི་ངལ་གསོ་རེ།།
ཐོབ་པ་གནས་ཀྱི་བྱིན་བརླབས་ཡིན་པར་གོ།།
ཁྱད་པར་ང་ཡི་བླ་མ་བློ་བཟང་གྲགས།།
ཕྱིར་མིག་ཙམ་ཡང་མེད་པར་དབུས་འགྱུར་ཞིང་།།
བཞུད་པ་བསམ་ན་རྒྱལ་སྲས་དཔའ་བོ་ཡི།།
འགྱུར་མེད་སྙིང་སྟོབས་ལྷག་ཏུ་ཡིད་ལ་འཁོར།།
འདི་ལྟར་དྲན་བཞིན་ལྷོ་ཡི་འཛིན་མའི་ཕྱོགས།།
རི་བོ་ཚར་དུ་བསྒྲིགས་པའི་ཕང་བ་ན།།
རྨ་ཆུ་ལི་མ་གཡུ་འབྲུག་སྲོལ་གྱིས་འབབ།།
འབབ་པའི་ཡུལ་དེ་མཐོང་བས་འགྲོ་དགོས་དྲན།།
གཅན་ཚ་རྫོང་།
མཐོན་པོའི་སྒང་ནས་དམའ་མོའི་གཞོང་ལ་བབས།།
བདེ་མོའི་ཐང་ཆེན་བརྒྱུད་ནས་གཅན་ཚ་རྫོང་།།
མྱུར་བར་ཐོན་ནས་འགྲུལ་ཁང་སྟབས་བདེ་ཞིག།
བཙལ་ནས་དགོང་ཟས་རོལ་བར་སོང་བ་ཡིན།།
ཆུ་འཁོར་འཐེན་ཐུག་ཞིམ་མངར་ཆེ་རབས་ཡོད།།
ཁ་ཆེ་ལུག་ཤ་བྲོ་བ་ལྡན་རབས་འདུག།
ངེད་ཅག་རྣམས་ཀྱིས་ཁ་ཆེ་ཟ་ཁང་ནས།།
དགོང་ཟས་ཧབ་ཀྱིས་རོལ་བ་ཐེངས་གཅིག་མིན།།
ཟ་ཁང་དེ་ན་བོད་པའི་བུ་མོ་གཉིས།།
ཞབས་ཕྱི་འདུག་པར་སེམས་པ་བདེ་མ་བྱུང་།།
ཁ་ཆེར་མནའ་མར་སོང་བ་ཨེ་ཡིན་བསམ།།
བསམ་པ་ཇི་བཞིན་དྲིས་པས་མིན་རབས་ལབ།།
གྲྭ་རྒན་ངེད་ཅག་རིགས་ཞེན་ལ་རྒྱ་ཡི།།
སྒྲོག་ཏུ་ཚུད་ནས་སེམས་པ་ན་བ་ལས།།
ཆགས་པའི་སྤུ་ལོང་གཡོས་ནས་རྣམ་རྟོག་གི།
དྲན་པ་ཐོལ་གྱིས་རྒྱུག་པ་མ་ཡིན་ནོ།།
དགོང་ཟས་རོལ་རྗེས་གཅན་ཚ་རྫོང་མཁར་གྱི།།
གྲོང་གི་ལྟེ་བར་འཆམ་འཆམ་བསྐྱོད་པ་ཡིན།།
ཁྲོམ་སྲང་དཀྱིལ་ན་མ་ཎི་འཁོར་ཁང་ཞིག།
མཐོང་བས་བོད་རྫོང་འདི་འདྲ་ལོས་ཡིན་འདོད།།
ངེད་ཅག་དགེ་གྲོགས་འགའ་ཞིག་ཁྲོམ་གཞུང་གི།།
ཐང་ཆེན་དཀྱིལ་གྱི་ངལ་གསོའི་རྐུབ་ཀྱོག་ཏུ།།
བསྡད་པ་ཙམ་གྱིས་བོད་ཕྲུག་ལོ་གཞོན་ཞིག།
ཡོང་ནས་ང་ལ་སིལ་ཏོག་མང་ཙམ་བྱིན།།
ལྗོངས་འདིའི་སྐྱེས་འགྲོའི་ཞིང་ས་དམ་པ་རུ།།
དད་པའི་ས་བོན་མ་བསྐམས་སྨིན་པར་རེ།།
དགེ་བའི་ཆར་གྱི་དངོས་གྲུབ་ཀུན་འཇོ་བའི།།
བཤེས་གཉེན་དཔག་བསམ་ལྗོན་པ་འཁྲུངས་གྱུར་ཅིག།
འདི་ལྟར་སྨོན་ལམ་འདེབས་བཞིན་འགྲུལ་ཁང་གི།།
ཕྱོགས་སུ་ཆས་ནས་བདེ་བའི་མལ་ལ་གཟིམས།།
ཐུན་གསུམ་མཚན་ལམ་སྐད་ཅིག་ཙམ་གྱིས་ངང་།།
རྫོགས་པར་མཐོང་ན་མི་ཚེ་ཅི་ཙམ་གདའ།།
རྟ་བདུན་དབང་བོ་ཤར་རིའི་ཕྲག་གོང་ནས།།
དལ་གྱིས་འཛུམ་དུས་ངེད་ཅག་མལ་ལས་ལྡང་།།
སྣང་རའི་ཕྱོགས་སུ་དགའ་དད་སྤྲོ་གསུམ་ངང་།།
ཤུགས་གྱིས་བགྲོད་པས་གྲམ་ནང་སྡེ་བར་ཐོན།།
སྣང་རའི་གྲམ་པ་ནང་།
ལྷུན་སྟུག་རི་བོ་ཚར་དུ་དངར་བས་བརྗིད།།
སེང་ལྡེང་ལྗོན་པའི་ཡལ་འདབ་ཐགས་སུ་བཀྲ།།
འབྲུ་དྲུག་སྙེ་མའི་ལོ་འདབ་ཁུར་གྱིས་ལྕི།།
དགེ་བཅུའི་ཕྱྭ་གཡང་འདུས་པས་ངོ་མཚར་ཆེ།།
དེ་ཡི་ཕང་བར་སྣང་རའི་དཔོན་ཚང་གི།།
གཞིས་ཀའི་བཟོ་བཀོད་ལྷ་ཡི་གཞལ་མེད་ཁང་།།
ས་ལ་འཕོས་པ་མཐོང་ན་མདོ་སྨད་ཀྱི།།
མངའ་ཐང་ཆེ་བའི་དཔོན་ཞིག་ཡིན་པར་གསལ།།
རིགས་ནི་དགའ་ལས་མཆེད་པའི་ལོ་རྒྱུས་ཡོད།།
དྲེགས་པའི་མཐུ་སྟོབས་སྣང་ར་གྲོང་བརྒྱད་སོགས།།
ཡུལ་ཕྱོགས་དབང་དུ་བསྡུས་པའི་བློ་སྤོབས་ལ།།
མཐུ་ལྡན་རྒྱལ་བོས་གོ་ན་དྲེགས་པ་འཇོམས།།
ལྷག་པར་དཔོན་པོ་དབང་ཆེན་དོན་འགྲུབ་གྱིས།།
གཞིས་ཀ་བསྐྱར་བཞེངས་བྱས་པའི་མཛད་རྗེས་དེ།།
རིག་གསར་རླུང་གིས་མ་གཏོར་གཅིག་པོ་རུ།།
ཡིན་ཞེས་རིག་དངོས་སྲུང་སྐྱོབ་གྲལ་དུ་བཞག།
ངེད་ཅག་གཞིས་ཀའི་ར་སྐོར་གོང་འགེབ་ལ།།
ལྟ་སྐོར་ཆས་ན་དྲན་འཆར་སྣ་མང་ཡོད།།
མདོར་ན་གནའ་མིའི་བློ་དང་བརྩོན་པ་ལ།།
ད་ལྟ་འགྲན་དུ་མེད་པ་མངོན་སུམ་མཐོང་།།
དེ་ལྟར་དྲན་བཞིན་ངེད་ཅག་གཞིས་ཀའི་སྒོར།།
ཡོང་ནས་སྐྱབས་མཆོག་འཇིགས་མེད་དབང་བོ་ཡི།།
འཁྲུངས་གཞིས་གང་ཡིན་ཡུལ་མིར་དྲིས་པ་ན།།
དཔོན་ཚང་གཡོན་ཕྱོགས་བརྒྱུད་ནས་འགྲོ་དགོས་བཤད།།
ཀུན་མཁྱེན་བར་མའི་འཁྲུངས་གཞིས།
དེ་ནས་ངེད་ཅག་དད་དམ་གཙང་མའི་ངང་།།
མཇལ་འདོད་ཤུགས་དྲག་ཆུ་བོའི་འབབ་རྒྱུན་ལྟར།།
འགོག་མེད་ཡིད་ཀྱི་རླབས་ཕྲེང་རྩེན་བཞིན་དུ།།
དར་ཅིག་ཙམ་ལ་འཁྲུངས་གཞིས་སྒོ་ཁར་བསླེབས།།
མཆོད་མཇལ་ཡོང་བར་བདག་པོར་ཞུས་པ་ན།།
ནང་ལ་མངགས་པས་མཆོད་མེ་རྐོང་བུ་རེ།།
བླུས་ནས་མཆོད་ཁང་ཁྲི་ཁའི་སྐྱབས་མགོན་གྱི།།
སྐུ་བརྙན་བྱིན་ལྡན་མདུན་ལ་མཆོད་པ་ཕུལ།།
གངས་ཅན་མཁས་དགུ་གཙུག་གི་རྒྱན་དུ་བཀུར།།
ཟབ་རྒྱས་ཆོས་ཀྱི་གདམས་པའི་མཛོད་འཛིན་པ།།
མདོ་སྨད་ལྗོངས་ཀྱི་རྒྱལ་བསྟན་ཉི་མ་ཆེ།།
གསལ་མཛད་བླ་མའི་བཀའ་དྲིན་སྙིང་ནས་དྲན།།
མ་དགོན་བཀྲ་ཤིས་འཁྱིལ་བ་གཙོ་བྱས་ཏེ།།
བསྟན་པའི་གཞི་མ་འདུལ་བའི་བཅས་མཚམས་ལ།།
ཕྲ་ཞིབ་ལག་ལེན་གདམས་པའི་ཆུ་བོའི་རྒྱུན།།
ཕྱོགས་སུ་དྲངས་པའི་ཐུགས་བསྐྱེད་སྙིང་ནས་དྲན།།
མདོ་རྒྱུད་ཀུན་གྱི་གདམས་པ་མ་ལུས་པ།།
གཅིག་ཏུ་བསྡུས་པའི་མངའ་བདག་ཆེན་པོ་བ།།
ཞུམ་མེད་ཐུགས་ཀྱིས་དབང་ལུང་མན་ངག་རྣམས།།
མཁས་གྲུབ་ཀུན་ལ་སྤེལ་བའི་བཀའ་དྲིན་དྲན།།
དེ་ལྟར་དྲན་བཞིན་ངེད་ཅག་དགེ་གྲོགས་ཚོས།།
གསོལ་འདེབས་ཆོས་སྤྱོད་རྟ་ལ་དྲངས་ནས་ནི།།
ཀུན་མཁྱེན་བླ་མའི་ཐུགས་བསྐྱེད་ཟབ་མོའི་མཐུ།།
མི་ཉམས་དར་ཞིང་རྒྱས་པའི་སྨོན་ལམ་བཏབ།།
འཁྲུངས་པའི་གཞིས་ཀ་མཐོང་ན་དགའ་བ་བྱུང་།།
ཤུལ་འཛིན་བདག་པོ་རིག་ན་དུང་བ་སྐྱེས།།
མཇལ་བའི་བསྐལ་བཟང་མངོན་གྱུར་བྱུང་བས་སྤྲོ།།
སྤྲོ་དགའི་མཉམ་པར་བསྐྱོན་ནས་གྱེས་ཕྱག་ཕུལ།།
སྣང་རའི་གསེར་ཁང་།
མདོ་སྨད་ལྗོངས་ཀྱི་གཅན་ཚའི་སྣང་ར་ནས།།
ཆོས་རྗེ་བླ་མས་བྱམས་པའི་ཆོས་ཚུལ་བསྟན།།
བསྟན་པའི་གནས་ལ་གསེར་ཁང་བཞེངས་པ་ལ།།
ད་ལྟ་འགྲོ་བའི་བསོད་ནམས་ཞིང་སར་གྱུར།།
ཆོས་རྗེ་མཆོག་དང་ཀརྨ་རོལ་རྡོར་གྱིས།།
རབ་གནས་མཉམ་དུ་གནང་བའི་ཐུགས་བསྐྱེད་ཀྱིས།།
བྱིན་རླབས་ཚན་ཁ་འབར་བ་མཐོང་བའི་མོད།།
ལས་སྒྲིབ་དག་པའི་སེམས་ཚོར་འགོག་མེད་སྐྱེས།།
དད་དམ་གཙང་མས་མཆོད་མཇལ་རིམ་པར་བྱས།།
སྲུང་མའི་གཙོ་བོ་དམ་ཅན་སྐྱེས་བུ་ལ།།
གསེར་སྐྱེམས་གཙང་མས་མཆོད་པའི་སྐལ་བ་ཤར།།
ད་ལྟ་བསམ་ན་ལྷག་པར་དགའ་བ་འཕེལ།།
ཆོས་རྗེ་བླ་མའི་ཤངས་ཁྲག་བྱུང་བ་ལས།།
བཞེངས་པའི་དམ་ཅན་གཉན་ཆ་ཆེ་བ་དང་།།
ཀུན་མཁྱེན་བར་བས་སྨན་སྐུའི་བཞེངས་པ་ཡི།།
སེང་ཞོན་དམ་ཅན་བཞུགས་པས་ངོ་མཚར་ཆེ།།
ཁོ་བོ་རྒྱུད་པའི་གྲྭ་བཙུན་འཁྱམ་པོ་ཞིག།
རིག་འཛིན་སྔགས་འཆང་ཀུན་གྱི་གྲལ་མཐའ་ཞིག།
ཁྱད་པར་གསང་སྔགས་བླ་མེད་རྒྱུད་རྒྱལ་ལ།།
ཆོ་གའི་ངག་འདོན་བག་ཆགས་འཇོག་མཁན་ཞིག།
དེའི་ཕྱིར་དམ་ཅན་སྐྱེས་བུ་ཆེན་པོ་ལ།།
མཆོད་གཏོར་འབུལ་ནས་བཀའ་བསྒོས་དམ་བཞག་གི།།
བཤད་སྒྲུབ་བྱ་བའི་འཕྲིན་བཅོལ་བྱེད་པ་ནི།།
སྔོན་བྱོན་དམ་པའི་རྣམ་ཐར་གཙང་མ་ལགས།།
མཆོད་མཇལ་ཚར་རྗེས་ངེད་ཅག་དགེ་གྲོགས་ཚོ།།
སླར་ཡང་གཅན་ཚའི་རྫོང་མཁར་ཆས་པ་ཡིན།།
ཞོགས་ཟས་སྟབས་བདེ་འཐུང་ནས་འགྲུལ་བཞུད་གནས།།
མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག།
ལོ་རྡོ་རྗེ་བྲག
རྫོང་གི་ནུབ་ཕྱོགས་སྤྱི་ལེ་གཉིས་གསུམ་མཚམས།།
ཡུལ་མིས་བྲག་ཅེས་འབོད་པའི་གནས་ཆེན་དེ།།
མཐོང་བའི་མོད་ལ་ཚོར་སྣང་ཁྱད་པར་ཞིག།
སྐྱེས་པ་ཇི་བཞིན་བརྗོད་ན་འདི་འདྲའོ།།
ནུབ་བསྐྱོད་སྒྲུང་གི་བརྙན་འཕྲིན་ལེའུ་ལས།།
ཞན་ཙོང་སློབ་དཔོན་རྒྱ་གར་འཕགས་ཡུལ་དུ།།
འབྱོར་སའི་ཞིང་གི་བཀོད་པའི་རྣམ་པའི་ཆ།།
མཐོང་བ་ལྟ་བུའི་སེམས་ལ་དགའ་བ་སྐྱེས།།
ཁྱད་འཕགས་གནས་འདིར་དམ་པའི་སྐྱེས་བུ་ཡི།།
བྱིན་བརླབས་ཚན་ཁ་དྲོན་མོ་ཡལ་མ་མྱོང་།།
ད་དུང་གནས་འདིའི་ཕྱི་ཡི་བཀོད་པའང་།།
གདོད་མའི་རྣམ་པ་སྔར་བཞིན་བཞུགས་ནས་འདུག།
མཁས་པ་མི་གསུམ་ལྷ་ལུང་དཔལ་རྡོར་དང་།།
ས་པཎ་མཆོག་སོགས་སྐྱེས་ཆེན་གསེར་རིའི་ཕྲེང་།།
རིམ་པར་བྱོན་ནས་སྒོམ་སྒྲུབ་གནང་སའི་གནས།།
དངོས་སུ་མཇལ་ན་དམ་པའི་རྣམ་ཐར་དྲན།།
འབུམ་ཁང་འཇའ་འོད་མ་ལ་མཇལ་བའི་ཚེ།།
བསྐང་གསོལ་གསུངས་པའི་རྔ་སྦུབ་རོལ་མོ་ནི།།
སྟོང་བའི་དབྱིངས་ལ་འཁྱིལ་བའི་བྲག་ཅའི་སྒྲ།།
སེམས་ལ་ལྷུང་ན་དགའ་བདེ་དཔག་མེད་སྦྱིན།།
ཡིན་ཡང་བཟོ་ལེགས་འདུ་ཁང་སྟོང་བར་ལྷག།
ཨ་ནེ་བདག་མེད་འགའ་ཞིག་ཁེར་རྐྱང་འདུག།
སྟོན་པ་མཆོག་ལ་འཁོར་ནི་རྣམ་པ་བཞི།།
ཡིན་ཡང་ཚོགས་པའི་སྐལ་བ་མེད་རབས་བཤད།།
འདི་འདྲ་གོ་ན་སྐྱོ་བའི་ཤུགས་རིང་རེ།།
འདྲེན་བཞིན་ཡུལ་འདིའི་སྐྱེས་ཆེན་དམ་པ་ཚོས།།
ཐུགས་རྗེ་སྤྱན་ལ་ཉེ་རིང་མི་མངའ་བར།།
བརྩེ་བའི་ཐུགས་ཀྱིས་སྡེ་འདི་སྐྱོང་བར་ཞུ།།
འདི་ལྟར་སྨོན་ལམ་འདེབས་བཞིན་ཕྱི་མིག་འཕངས།།
གནས་ཀྱི་གཟི་བྱིན་སྙིང་དབུས་ཟེའུ་འབྲུར་ཐིམ།།
དགའ་སྤྲོའི་གདེངས་དང་ལྡན་པའི་ཉམས་མཚར་ངང་།།
ད་དུང་འགྲོ་དགོས་བསམས་ནས་གུས་ཕྱག་ཕུལ།།
གཅན་ཚ་མ་ཎི།
གཞུང་ལམ་དྲང་མོ་མཁའ་ལྟར་ཕྱོགས་སུ་བརྐྱངས།།
གཅན་ཚའི་ལུང་བ་ཤོག་སྐྱ་བཞིན་དུ་ལྟེབས།།
ནང་སྟོད་གྲོང་གི་གའུ་རྫ་འདབས་ཀྱི།།
ཕྱག་འཁོར་བྱིན་ལྡན་མཇལ་བའི་སྐལ་བཟང་ཤར།།
ཕྱི་ཡི་ལྕགས་རི་མཐོ་ཞིང་རྔམ་བརྗིད་ལྡན།།
གཡུ་ཐོག་གྱོན་པའི་ལྷ་ཁང་བཟོ་བཀོད་ལེགས།།
དད་སེམས་གཙང་མས་ཕྱག་གསུམ་འཚལ་ནས་ནི།།
བྱིན་རླབས་སྙིང་ལ་བསྒོམས་ནས་མཆོད་མཇལ་བྱས།།
དབུས་ཀྱི་གྲལ་མགོའི་ཆོས་རྗེའི་ཕྱག་འཁོར་མདུན།།
བླ་མ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་ནི།།
གདུང་ཤུགས་དྲག་པོས་གྱེར་ནས་མི་རིང་བར།།
མྱུར་དུ་མཇལ་བའི་སྨོན་ལམ་རྩེ་གཅིག་བཏབ།།
ཁྱད་པར་གཟུངས་མཆོག་སྙིང་བོ་དྲུག་མ་ཡི།།
བཟླས་བརྗོད་མང་ཙམ་བྱས་ནས་མ་རྣམས་འགྲོ།།
མ་རིག་དབང་གིས་མ་རྟོགས་ལོག་རྟོག་ཀུན།།
མྱུར་དུ་བསལ་ནས་བཙན་ཐབས་འཚང་རྒྱ་ཤོག།
འདི་ལྟར་སྨོན་ལམ་བཏབ་ནས་སྐོར་བར་སོང་།།
འདུ་ཁང་གཡོན་གྱི་མ་ཎི་ཆུ་འཁོར་ཆུ།།
ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
ཡིན་པར་བསམས་ནས་ཁྲུས་ལ་དགའ་བས་རོལ།།
བདག་དང་ཕ་མ་འགྲོ་དྲུག་སེམས་ཅན་གྱི།།
ནད་རིམས་གདོན་བགེགས་བར་ཆད་ཞི་བ་དང་།།
རྒྱལ་བའི་དམ་ཆོས་ཐོས་བསམ་སྒོམ་གསུམ་གྱིས།།
འཛིན་པའི་བློ་གྲོས་སྣང་བ་རྒྱས་སྙམ་ཤར།།
དེ་ལྟར་ཁྲུས་བྱས་གཟུངས་ཆུ་འཐུང་བའི་ཚེ།།
སྡེ་འདིའི་ལྷ་གཉེར་ཕེབས་ནས་ངེད་ཅག་ལ།།
མ་ཎི་རིལ་བུའི་རྟེན་སྐལ་གནང་བ་འདི།།
འཕགས་མཆོག་ཆེན་པོས་བསྩལ་པ་མ་ལགས་སྙམ།།
ཁྱད་པར་ཡུལ་འདིའི་ཚོ་བ་བཅུ་གཉིས་ལ།།
ཆོས་རྗེ་བླ་མས་རྟེན་སྐལ་གནང་བ་ཡི།།
དངུལ་བྲིས་ཕྱག་འཁོར་འགྲོ་བའི་བསོད་ནམས་རྒྱུར།།
ཞིང་མཆོག་ངོ་མཚར་བསྐྲུན་པ་ཤིན་ཏུ་དགེ།།
ནང་སྟོད་དཀར་མོ་ཕུག་སོགས་ཡུལ་ཕྱོགས་འདིར།།
དམ་པའི་སྐྱེས་བུ་མང་བོ་བྱོན་པའི་གཏམ།།
བདེན་པར་ཤེས་ན་ཆོས་རྗེ་བླ་མ་ཡི།།
ཐུགས་བསྐྱེད་དུས་སུ་སྨིན་པ་མ་ལགས་སམ།།
འདི་ལྟར་དྲན་བཞིན་ངེད་ཅག་དགེ་གྲོགས་ཚོས།།
སྡེ་འདིའི་དགེ་འདུན་འདུས་པའི་ཞལ་གྲངས་ལ།།
རྣམ་དཀར་སེམས་ཀྱིས་འབྱོར་བའི་མཆོད་པ་རེ།།
ཕུལ་ནས་ཡ་རྫིའི་ཕྱོགས་སུ་ཤུགས་ཀྱིས་ཆས།།
ཡ་རྫི་རྫོང་།
ཉིན་གུང་ཙམ་ལ་ཡ་རྫིའི་རྫོང་མཁར་དུ།།
ཐོན་ནས་དྲོས་ཇ་སྟབས་བདེ་མགྱོགས་པོར་རོལ།།
པཎ་ཆེན་བཅུ་བའི་འཁྲུངས་གཞིས་བིས་མདོ་རུ།།
མྱུར་དུ་ཆས་ནས་མཇལ་འདུན་འགོག་མེད་སྐྱེས།།
ཁ་ཞེང་དོག་པའི་གཞུང་ལམ་ཀྱ་མ་ཀྱོག།
བརྒྱུད་ནས་བིས་མདོ་གསེར་མོའི་ལྗོངས་སུ་ཐོན།།
ཐོག་མར་བོད་ཡིག་སློབ་འབྲིང་མཐོང་བ་ན།།
རིན་པོ་ཆེ་ཡི་བཀའ་དྲིན་འཁོར་ཐབས་བྲལ།།
འོན་ཏང་འཁྲུངས་གཞིས་སྒོ་ཁར་བསླེབས་པ་ན།།
ཉིན་འདིར་བདག་པོ་གཞན་ཡུལ་ཆས་པའི་གཏམ།།
གོ་ན་སེམས་ལ་སྐྱོ་བའི་ཤུགས་རིང་ཞིག།
ཕྱི་རུ་འདྲེན་བཞིན་བསམ་གཞིགས་ནང་དུ་ལྷུང་།།
འཁྲུངས་སའི་གཞིས་ཀར་གཟི་བརྗིད་ཆེ་ནའང་།།
བླ་མ་ཉི་མ་འདྲ་བོ་གློ་བུར་དུ།།
གཟའ་ཡིས་བསྒྲིབས་པ་བཞིན་དུ་གཤེགས་སོང་བར།།
བསམ་ན་ཡ་ཆུང་ཁོག་པ་སྟོང་ལྷང་ལྷང་།།
ཡིན་ཡང་གང་གི་མཛད་འཕྲིན་འོད་པོ་ཆེ།།
གངས་རིའི་ལྗོངས་ནས་ད་དུང་མ་ནུབ་པར།།
སྔར་བཞིན་གསལ་བར་འཚེར་བ་མཐོང་བས་ན།།
བྱིན་རླབས་སྙིང་ལ་བསྒོམས་ན་དྲོ་ཤིག་ཤིག།
དེ་ནས་ངེད་ཅག་རང་ཡུལ་འགྲོ་དགོས་ཕྱིར།།
ཡ་རྫི་རྫོང་ནས་ཀ་ཇུའི་མཁར་ནང་བར།།
འཐེན་པའི་མྱུར་མགྱོགས་གཞུང་ལམ་བདེ་མོ་རུ།།
བུད་པས་རྡོ་སྦིས་ལུང་བ་མཐོང་ལམ་ཙམ།།
མཆོད་རྟེན་བྱིན་བརླབས་ཅན་པོ་ཕྱག་གི་ཡུལ།།
དགེ་བཤེས་སྨ་ར་ཅན་པོ་དྲན་ཡུལ་ལས།།
ཞིབ་ཏུ་འགྲོ་རྒྱུའི་དུས་ཚོད་མ་ལོང་བས།།
དར་རྒྱལ་རི་བོར་ཤུགས་ཀྱིས་བརྒལ་ནས་སོང་།།
ད་རེབ་ངེད་ཅག་མདོ་སྨད་བྱང་རྒྱུད་ཀྱི།།
གནས་ཆེན་འགའ་ལ་མཆོད་མཇལ་སོང་བ་འདི།།
ལོ་རྒྱུས་ཞིབ་པར་ཤེས་ཕྱིར་སོང་བ་མིན།།
ཆུང་ནས་གནའ་མིས་བཞག་པའི་དད་འདུན་ཡིན།།
དེས་ན་ངེད་ཅག་དགེ་སློབ་ཐམས་ཅད་ཀྱི།།
སྡོམ་གསུམ་དག་པའི་རྩ་བ་བརྟན་པོ་ལ།།
བཤད་སྒྲུབ་ཆོས་ཀྱི་ལོ་འདབ་རབ་རྒྱས་ནས།།
བསྟན་པ་རིན་ཆེན་རིང་དུ་འཛིན་པར་ཤོག།
འདི་ལ་བསྟེན་པའི་ཡོན་མཆོད་འཁོར་བཅས་ལ།།
ནད་རིམས་གདོན་བགེགས་བར་ཆད་ཞི་བ་དང་།།
ཆོས་དང་སྲིད་ཀྱི་འདོད་དོན་མ་ལུས་པ།།
བསམ་པ་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག།
མདོར་ན་འདི་ལས་བྱུང་བའི་དགེ་རྩ་ཀུན།།
བླ་མའི་སྐུ་ཚེ་བརྟན་ཅིང་བཞེད་དོན་ནི།།
ཐུགས་བསྐྱེད་བཞིན་དུ་འགྲུབ་ནས་མི་རིང་བར།།
མྱུར་དུ་བྱོན་ནས་མཇལ་བའི་རྒྱུ་རུ་བསྔོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
ཞེས་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་རིགས་སྨྲ་ཀུན་གྱི་གྲལ་མཐའ་བ་ཡ་རུ་བསྟན་འཛིན་རྒྱ་མཚོའམ་མཛོད་ཁྱུང་སྲས་སུ་འབོད་པས། རབ་གནས་ཀུན་ལྡན་ལྕགས་བྱི་ལོའི་མགོ་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པའི་ཉིན། རང་ཤག་ཉི་འོད་འཁྱིལ་བའི་ལྡིང་ཁང་ནས་ལེགས་པར་གྲུབ་པའོ།། དགེ་གྱུར་ཅིག།