རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧ རྗེ་བྱམས་པ་བཟང་བོའི་རྟོགས་པ་བརྗོད་པ་ཚངས་ སྲས་ངག་གི་བདེན་གཏམ།
༄༅།།རྨད་བྱུང་མཚན་དཔེ་ལང་ཚོ་མཛེས་པའི་སྐུ།།
འགག་མེད་དབྱངས་ཀྱི་ཆོས་ཀུན་གླུ་རུ་འགུགས།།
ཤེས་བྱའི་དཀྱིལ་འཁོར་ཀུན་ལ་སྤྱན་ཡངས་པའི།།
ཡེ་ཤེས་ལྷ་སྐུའི་གར་མཛད་ཁྱེད་ལ་འདུད།།
བདེ་བཤེགས་ཐུབ་དབང་ལྷ་ཡི་ཚལ་དུ་ལྷགས།།
གཡོ་མེད་ཏིང་འཛིན་ཞི་བདེ་དཔལ་ལ་རོལ།།
གང་གི་མཚན་མཆོག་གཙུག་ཏོར་འཛུམ་པ་ལས།།
ལེགས་འཁྲུངས་གསང་སྔགས་ཚིག་གིས་ཤིས་པ་སྩོལ།།
བྱ༵མས་བརྩེ་སྤྲིན་པ༵་དཀར་བོའི་གུར་ཁྱིམ་ལས།།
གཞན་ཕན་གྲིབ་བསིལ་བཟ༵ང་བོ༵འི་འཕྲིན་ལས་ཆར།།
གདུལ་བྱ་རྒྱ་མཚོ་ཁམས་སུ་རྟག་འཇོ་བའི།།
འདྲེན་མཆོག་བླ་མ་གང་དེས་བདག་སྐྱོངས་ཤིག།
ལུང་རྟོགས་བསྟན་པའི་རྒྱལ་མཚན་མཁར་རུ་བསྒྲེངས།།
བགྲོད་པའི་ཐར་ལམ་འོག་མིན་ཞིང་དུ་འཐེན།།
ཟབ་རྒྱས་ཆོས་ཀྱི་གྲུ་ཆར་རྟག་འབེབས་པའི།།
སྐྱབས་ཀྱི་ཚོགས་ཀུན་སྙིང་དབུས་པད་མཚོར་བཞུགས།།
བདག་བློ་པད་དཀར་བཞད་པའི་འཛུམ་རླབས་ལས།།
ཚིག་སྦྱོར་དྲི་ངད་འཐུལ་བའི་བསུང་ཞིམ་ཅན།།
གསེར་སྙན་དྲིལ་ཆུང་འཁྲོལ་བའི་རྟོགས་བརྗོད་འདི།།
ཁོ་བོའི་ཀུན་རྟོག་བཞད་པའི་ཁོང་ནས་ཤོར།།
རིགས་རུས་ཆོ་འབྲང་གསེར་ཞུན་དྭངས་མའི་མཁར།།
སྤྲུལ་སྒྱུར་བཀོད་པའི་ཁྱེའུ་བཞིན་ལེགས་དཀར།།
ངོ་མཚར་འཇའ་ཚོན་རྩིབས་སྟོང་འཁོར་ལོའི་སྤུན།།
རྣམ་སད་སྒེག་ལྡན་འཕྲུལ་གྱིས་ཞིང་འདིར་བསུས།།
གང་གི་ཐུགས་སྨོན་ཁྱུང་གི་སྔོན་སྐྱེས་མས།།
ལེགས་པར་དྲངས་པའི་གསེར་ཞལ་འཛུམ་པའི་མདངས།།
རྨ་ཀླུང་དལ་གྱིས་བཞུར་བའི་ཁུག་པ་རུ།།
ཞབས་ཀྱི་རི་མོ་མཆོད་པའི་རྟེན་དུ་བཞད།།
ལྷོ་རྒྱུད་འཛིན་མས་བཏེགས་པ་ངལ་བའི་ཁུར།།
མཁས་དབང་དམ་པའི་བསྟི་གནས་རྭ་རྒྱ་ཞེས།།
ལུང་བསྟན་ཚིག་གིས་བསྔགས་པ་འཐོར་བའི་སྡེར།།
དམར་སེར་གོས་འཆང་སྡོམ་གཞིའི་རྩ་བ་ཚུགས།།
མཛེས་སྡུག་སྟོང་གི་ལང་ཚོ་ན་ཕྲ་ཡང་།།
རྣམ་དཔྱོད་བློ་གྲོས་རྩལ་གྱིས་ངོ་མཚར་བསྐྲུན།།
གང་གི་གསང་གསུམ་རྒྱ་མཚོར་འཁྱིལ་བ་ཡིས།།
འཛིན་མའི་དཀྱིལ་འཁོར་རལ་བས་ཁེངས་པ་འཕྲོག།
བསྐལ་བ་སྔོན་རོལ་འོག་མིན་ཞིང་གི་ཚལ།།
ཡེ་ཤེས་རྒྱུ་སྐར་ཚོམ་བུའི་དོ་ཤལ་འཕྱང་།།
སྐུ་གསུམ་ནོར་བུ་ཏོག་གི་རྩེར་བཀོད་ནས།།
ཚེ་རབས་ཕྲེང་བར་སྤྲུལ་བའི་ཟློས་གར་རྩེན།།
རྣམ་པར་རོལ་བ་མི་ཡི་སྣང་བརྙན་གཟུགས།།
ངུར་སྨྲིག་ཐུན་མཚམས་གསར་བའི་མདངས་ཀྱིས་འཁྱིལ།།
མཁས་བཙུན་བཟང་བོའི་ལྗོན་པ་འབྲས་བུའི་ཁུར།།
དོན་གཉིས་ཉི་ཟླའི་རྣ་ཆ་རིང་ནས་བཏེགས།།
བསླས་གསུམ་ནོར་གྱིས་ཐུགས་རྒྱུད་གང་བར་གཏམས།།
ཕྱིན་དྲུག་འདབ་མའི་མཛེས་པ་གྲོལ་བའི་སྒེག།
བསྡུ་བཞི་སྤྱོད་པའི་འབྲས་བཟང་ཡོངས་སུ་སྨིན།།
སྐུ་བཞིའི་བང་རིང་གདོང་ལྔའི་ཁྲི་ལ་འགྱིང་།།
ཡིན་ཀྱང་གང་གི་གསང་བ་བརྗོད་ལས་འདས།།
ཞབས་གསེར་འཁོར་ལོའི་རེ་ཁཱ་དབུས་སུ་བསྒྱུར།།
དཔལ་ལྡན་སེར་བྱེས་མཚན་སྙན་འཁྲོལ་བའི་སྡེར།།
རིགས་ལམ་གློག་གི་འོད་སྣང་མཁའ་ལ་བྲེས།།
གོ་རིགས་གྲུ་འདེགས་སྐྱོམས་པའི་སྟངས་སྟབས་ལས།།
བརྡ་སྤྲོད་ཆུ་རིས་རྒྱ་ཡིས་རྒྱས་བཏབ་པའི།།
མདོ་སྔགས་རྒྱ་མཚོའི་འཇིངས་ལ་གོམ་གཅིག་གིས།།
རིན་ཆེན་ནོར་བུས་བང་བ་མཛོད་དུ་གཏམས།།
མཁས་མང་གསེར་རིའི་མདུན་ས་ཆེར།།
བརྒལ་བརྟགས་གློག་ཕྲེང་ལྕུག་མའི་རྒྱ།།
བློ་གྲོས་ཤིང་རྟ་ལ་དྲངས་པས།།
དཀའ་གནད་ཕུགས་ཀྱི་མདུད་རྒྱ་བཀྲོལ།།
རྣམ་དཔྱོད་མཛེས་པའི་གར་གྱི་སྒེག།
ལེགས་བཤད་ངག་གི་ཕྲེང་བའི་གཏམ།།
རིགས་པའི་རྩེ་དགའ་དང་འགྲོགས་པས།།
ཕལ་རྒོལ་སྙིང་གི་སྤོབ་པ་ཞི།
འཆད་པ་ངག་ལ་གཡང་དུ་ཆགས།།
རྩོད་པ་ལུང་རིགས་གྲོགས་སུ་སྡེབ།།
རྩོམ་པ་བདུད་རྩིའི་ཁུ་བ་འཛུམ།།
རིག་པའི་དཔའ་བོའི་གྲལ་ན་འགྱིངས།།
ཆོས་ཀྱི་དགའ་ཚལ་མ་དྲོས་མཚོ་ཀླུང་དུ།།
རྣམ་དཔྱོད་རླབས་ཕྲེང་འཁྱུགས་པའི་རྩེད་འཇོ་ཡིས།།
མཁས་མང་གསེར་རིའི་མུ་ཁྱུད་འཛུམ་པའི་གྲྭར།།
གྲགས་སྙན་དཀར་བོའི་བ་དན་རླུང་གིས་གྱེར།།
གཞུང་ལུགས་མང་ཐོས་སྒྲོན་མེའི་འོད་འདངས་གསལ།།
བསམ་པའི་དོན་ལ་འཇུག་པའི་གཤོག་ཡངས་རྒྱས།།
སྒོམ་པའི་བདེན་སྟོང་མཆོག་གི་ཞལ་མཇལ་བའི།།
སྒྱུ་མའི་གྲོང་གི་ཏིང་འཛིན་ཁབ་ཏུ་རོལ།།
འགྲོ་བློའི་ཁམས་བཞིན་གསང་གསུམ་གར་ཏུ་བསྒྱུར།།
ཞལ་གྱི་ལེགས་བཤད་བདུད་རྩི་མགྲིན་པར་ཆགས།།
བརྩེ་ཆེན་ཡུར་བར་ལེགས་དྲངས་རྣམ་དཀར་ཆབ།།
དད་པའི་འཛིན་མར་འཁྱིལ་བ་མདངས་ཀྱིས་མཛེས།།
དམ་པའི་ལུང་བསྟན་བསུང་ཞིམ་འཐུལ་བ་ལ།།
རྨི་ལྟས་ངོ་མཚར་སྣང་བའི་བརྡར་བཏགས་པ།།
སྐྱེས་བསུ་ལྷ་དང་མཁའ་འགྲོའི་གར་བསྒྱུར་བའི།།
ཞབས་པད་ཤིང་རྟའི་ཁ་ལོ་སྨད་དུ་བསྒྱུར།།
གསེར་གྱི་ཁུ་བས་བརླན་པའི་ནོར་འཛིན་མའི།།
ཐ་གྲུ་ཡངས་བ་ས་ཡི་ཐིག་ལེ་ཆར།།
བཀྲ་ཤིས་ཐང་རིང་ཞེས་པའི་སྙན་པ་མོར།།
ཞབས་གསེར་འཁོར་ལོའི་རི་མོའི་འཛུམ་མདངས་བཀྲ།།
ས་ཡི་དགེ་བཅུ་ཚང་བའི་ངོ་མཚར་ཞིང་།།
གཏམ་གྱི་བསྔགས་པའི་སྙན་པ་འདིས་ཀྱང་ཁུར།།
དཀར་ཕྱོགས་ལྷ་ཡི་གྲོགས་དང་སྡེབས་པ་ཡིས།།
རྟེན་དང་བརྟེན་པའི་མཆོད་སྡོང་ལྷམ་མེར་བཞད།།
རྣམ་དཀར་དགེ་བའི་བསིལ་རླུང་འཛུམ་པ་ཡིས།།
འཕྲིན་ལས་དཀར་བོ་ཕྱོགས་ཀྱི་མཐར་རུ་བརྡལ།།
དད་པའི་མེ་ཏོག་གཙུག་གི་རྒྱན་གྱུར་བའི།།
གདུལ་བྱ་རྒྱ་མཚོའི་གོམ་ཁ་གླིང་འདིར་བསུས།།
བརྩེ་ཆེན་ལྷ་ལམ་ཡངས་བའི་དཀྱིལ་འཁོར་ཏུ།།
དོན་གཉིས་ཉི་ཟླ་ཟུང་གི་འཛུམ་ཟེར་དགོད།།
འཕྲིན་ལས་སྣང་བ་དཀར་བོའི་འོད་ཁྱིམ་ལས།།
མི་ཟད་གཏེར་གྱི་མཛའ་བའི་མེ་ཏོག་འཐོར།།
རྒྱ་ཆེན་སྤྱོད་པའི་དགྱེས་འཛུམ་དྭངས་མའི་མཚོར།།
འགྲོ་ལ་རྗེས་ཆགས་ཟབ་པའི་རླབས་ཕྲེང་རྒོད།།
གཞན་ཕན་གྲིབ་བསིལ་རྣམ་དཀར་དགེ་བའི་ཆབ།།
ལུས་ཅན་འགྲོ་ཀུན་ཉེར་འཚོའི་སྨན་གྱི་ཕུལ།།
རྒྱ་བོད་གཞུང་ལུགས་རྡུལ་བརྩེགས་གངས་ཀྱི་རི།།
རིགས་ལམ་བརྒལ་བརྟགས་གློག་འགྱུས་བཞུས་པའི་རྒྱུན།།
སྣང་བ་རྟེན་འབྱུང་དྭངས་གཙང་འོ་མའི་མཚོར།།
དོན་དམ་སྤྲོས་བྲལ་བདུད་རྩིའི་ཟེགས་མ་གཏོར།།
མཉམ་རྗེས་རིས་མེད་ཐུན་གཅིག་རོལ་བ་ཡིས།།
བདེན་གཉིས་སྣང་བ་ཡིད་ངོར་མ་འདྲེས་གསལ།།
རྩེ་གཅིག་བསམ་གཏན་མཆོག་གི་རྣམ་འབྱོར་ལས།།
གང་འཚམ་ཡིད་ཀྱི་མཁའ་རུ་དགའ་སྟོན་འགྲེམ།།
ཉིད་ཀྱི་ཞལ་གདམས་དྲོད་ཐིག་བདུད་རྩིའི་ཆོས།།
བླ་མེད་ཐེག་མཆོག་གསང་སྔགས་མཛོད་ཀྱི་གཏེར།།
མན་ངག་སྙན་རྒྱུད་གསེར་ཆོས་ཟབ་མོའི་བཅུད།།
འཁོར་ཚོགས་རྒྱ་མཚོའི་ཉམས་བཞེས་གནད་ཀྱི་མཐིལ།།
བདེན་ཚིག་གྲུབ་པ་ཚད་མའི་འབྲས་རྟགས་ལས།།
ཤིང་སྐམ་ཡུ་བ་ས་ཡི་གོས་སྲུབ་ལ།།
བཙུགས་ནས་སྐྱེས་པར་འགྱུར་ཞེས་དམ་བཅའ་ལས།།
གྲུབ་བསིལ་ཤིང་ལོ་ཅན་གྱི་སྤྲུལ་བ་བབས།།
དགེ་བཤེས་ཆེན་མོའི་གཟིམ་ཤག་ཀུན་དའི་ཚལ།།
མི་མངོན་རྩིགས་གསེབ་རིན་ཆེན་སྣོད་ཡངས་སུ།།
མཆོད་གཏོར་ཉེར་བཀོད་ཀུན་བཟང་མཆོད་པའི་སྤྲིན།།
མངོན་སུམ་གཟིགས་པས་ཉིད་ཀྱི་སྤྲུལ་བར་གླེང་།།
བདེ་མཆོག་ཡབ་ཡུམ་ལྷ་ཚོགས་གར་བསྒྱུར་བའི།།
མངོན་སུམ་བྱོན་ནས་གསུང་གླེང་བགྲོ་བ་ལ།།
ཉེ་གནས་གང་གིས་རྒས་འཁོག་འཁར་ཐོགས་པའི།།
འགྲུལ་བའི་རྣམ་ཅན་མཐོང་བ་འདི་ཀོ་མཚར།།
འཕྲུལ་གྱིས་བཏེགས་པའི་ལྷ་ཁང་སེར་བོ་ན།།
བློས་བསླང་རྟེན་གྱི་ལྷ་གཅིག་ཕྱིར་ཕྱོགས་པས།།
རྩིག་གསེབ་བུ་གར་སྐུ་ལུས་ཤོང་མིན་ཀྱང་།།
སྤྲུལ་བསྒྱུར་འཕྲུལ་གྱིས་ཞིང་དེར་བཀོད་ལེགས་བཀྲམ།།
དམ་པ་གང་གིས་སྲས་ཀྱི་ཐུ་བོ་ལ།།
བླ་གོས་ཐུན་མཚམས་གསར་བའི་ཁུག་སོ་ནས།།
དག་པ་མཁའ་སྤྱོད་ཞིང་གི་བཀོད་པ་ནི།།
སྒྲིབ་མེད་མངོན་སུམ་སྣང་བའི་སྒོ་བརྒྱ་ཕྱེ།།
རྫུ་འཕྲུལ་མངོན་ཤེས་མཆོག་གི་མེ་ལོང་ལ།།
འཛིན་མའི་གོས་ཀྱིས་བཀབ་པའི་གཏིང་རིམ་གསལ།།
ཚངས་ཐིག་ཚད་ལ་གདབ་པའི་གཏེར་ཐོན་པ།།
འགོག་པ་རི་ལས་བཏོན་པའི་རྣམ་ཐར་བསྐྱངས།།
རྨི་ལམ་ཞིང་ནས་མཁའ་འགྲོའི་གསང་བརྡ་ལ།།
སྒོ་བརྒྱ་འབྱེད་ཅེས་ལྡེ་མིག་སྤར་གང་བསྩལ།།
ཡི་དམ་ལྷ་ཡི་བཀས་གནང་དབང་བསྐུར་སོགས།།
གསང་སྔགས་ཟབ་ཆོས་སྤེལ་ཞེས་སྐུལ་མ་ལགས།།
མདོ་རྒྱུད་ཀུན་དའི་ཚལ་ལ་ཟླ་བ་ཟེར།།
ལེགས་བཤད་དགོངས་འགྲེལ་མན་ངག་བསྡུས་པའི་བཅུད།།
ཚིག་ཉུང་དོན་གསལ་སྤྲོས་པའི་གླེགས་བམ་ཟུང་།།
རང་ཅག་བསོན་རྣམས་མཆོད་པའི་རྟེན་དུ་བཞག།
དམ་པ་གང་གི་ཞབས་སེན་འཁོར་ལོའི་སྤུན།།
སྤྱི་བོར་ལེན་པའི་སྐལ་ལྡན་བུ་སློབ་ཀུན།།
འདིར་སྣང་འགག་པ་འོད་གསལ་སྒྱུ་མའི་གྲོང་།།
ལུས་སེམས་དག་པ་བཙན་སའི་རྒྱལ་ཐབས་བསྐྲུན།།
སྟོང་གསུམ་སྣོད་དུ་དོག་པའི་ཡོན་ཏན་གཏེར།།
ངག་གི་ཕྲེང་བར་བགྱིས་བ་ངལ་བའི་རྒྱུ།།
རྒྱ་མཚོའི་ཀླུང་ལ་ཟེགས་མའི་ཆུ་ཐིགས་འདི།།
རྣམ་དཔྱོད་དར་དཀར་རིང་མོའི་ཁོང་ནས་བསུས།།
ཕྱག་གི་སྒྱུ་འཕྲུལ་སྨྱུ་གུའི་གར་ལ་འཁྱུད།།
པུར་གྱི་རྩེད་འཇོ་འཁྱུག་པའི་རོལ་བ་སྒེག།
མཚར་སྡུག་སྣང་བརྙན་རྫོགས་པའི་ངོ་མཚར་གཏམ།།
སྤྱན་ཟུང་བུང་བ་སྒེག་པའི་ཚལ་ལ་ལྷུང་།།
བློ་གྲོས་རྩལ་གྱིས་བཞེངས་པའི་སྒྱུ་འཕྲུལ་མིན།།
རྣམ་རྟོག་བཟོ་བོས་བསྐྲུན་པའི་རྟོག་བཏགས་མིན།།
སྙན་ཚིག་སྦྱོར་བ་སྡེབ་པའི་སྒྲོ་བཏགས་མིན།།
རང་བཞིན་གསེར་ཞུན་ཁུ་བའི་རྣམ་ཐར་ཡིན།།
ཞེས་མ་འདྲིས་བའི་མཛའ་བཤེས་ཆེན་མོ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་༧རྗེ་བཙུན་བྱམས་པ་བཟང་བོའི་རྟོགས་པ་བརྗོད་པ་ཚངས་སྲས་ངག་གི་བདེན་གཏམ་ཞེས་བྱ་བ་འདི་ནི་དམ་པ་ཁོང་གི་གདན་ས་ན་འཚོ་བའི་ཤེས་རབ་བསྟན་དར་རམ་ཚངས་སྲས་བཞད་པའི་བློ་གྲོས་སུ་འབོད་པས་བྲིས་པ་འདིས་ཀྱང་ལུས་ཅན་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn