ཙོང་ཁའི་རྒྱལ་སྲས་མཆོད་པའི་མེ་ཏོག
༄༅།། ཙོང་ཁའི་རྒྱལ་སྲས་མཆོད་པའི་མེ་ཏོག
བྲན། རྨ་ལྷོ།
ན་མོ་གུ་རུ་ཛ་ཡ་སུ་མ་ཏི་ཀིརྟི་ཡ།
ཕུན་ཚོགས་འོད་འབར་གངས་ཀྱི་རི་བོ་དེས།།
སྲིད་ཞིའི་མཛེས་སྡུག་སྟོང་ལ་གཟི་བྱིན་བསྣན།།
མང་ཐོས་ནོར་གྱིས་ཕྱུག་ལ་དཔག་བསམ་ལྟར།།
མཛེས་པའི་རྒྱན་གཅིག་ཙོང་ཁ་བ་དེར་མཆོད།།
དགའ་ལྡན་ལྷ་བརྒྱའི་མགོན་དུ་གྱུར་པ་ཡི།།
གང་གི་ཞབས་སེན་རྡུལ་གྱི་པདྨོ་ལ།།
རེག་པའི་གཞོན་ནུ་བཅུ་དྲུག་ལང་ཚོ་ཅན།།
སྨྲ་བའི་སྤོབས་པ་བདག་ལ་སྩོལ་ཅིག་ཀྱེ།།
བློ་བཟང་རྒྱལ་བའི་མཁྱེན་པ་ཀུན་གསལ་མའི།།
མཐའ་ཀླས་རྟོགས་པ་ཁྲོན་པའི་སྦལ་བའི་དཔེ།།
འོན་ཀྱང་ངོ་མཚར་མཛད་པའི་རི་མོ་ལས།།
ཆ་ཙམ་བརྗོད་ལ་བདག་ཡིད་སྤྲོ་དགས་མྱོས།།
གྲགས་པ་རོལ་མོ་སྟོང་གི་འགྱུར་ཁུགས་དབྱངས།།
ཐོས་པས་ཡིད་ཀྱི་རི་དྭགས་ཕོ་མོའི་ཚོགས།།
ངོ་མཚར་མཛད་པའི་ཟླ་ཟེར་ཕོན་པོ་ལ།།
རབ་སྲེེད་བསྔགས་པའི་རླབས་ཕྲེང་མཁའ་ལ་འཕྱོ།།
ཨེ་མ་ཁྱེད་སྐུ་གསེར་ཞུན་ཛམྦུའི་ལྗོན།།
འཁྲུངས་པའི་རྟགས་མཚན་སྲིད་པའི་རྒྱན་ཉིད་དུ།།
གྲུབ་པའི་ངོ་མཚར་རིང་མོ་བསྐལ་བའི་བར།།
ཁྱེད་ལས་གཞན་པ་གང་གིས་ག་ལ་རྟོགས།།
དེ་ལྟའི་མཛད་བཟང་བྱུ་རུའི་འཁྲི་ཤིང་ལ།།
འདབ་ལོ་རྒྱས་པའི་དཔུང་ནི་བརྗོད་པ་ལ།།
བདག་ཡིད་མ་སྨིན་གང་ལ་ཞེན་པའི་མདངས།།
རང་བྱུང་སེམས་ཀྱི་གུར་ལས་འཕོས་པ་འདྲ།།
མདོ་སྔགས་གཞུང་ལུགས་འོ་མཚོ་འཁྱིལ་བ་ལས།།
ལུང་བསྟན་གསེར་ཡིག་མུ་ཏིག་བྱེ་མའི་ཕོན།།
གདུལ་བྱའི་བསམ་ངོར་ཡང་ཡང་ཤར་བ་ལས།།
བརྩེ་བའི་མགོན་ཁྱེད་ཉི་མའི་ཟོལ་གྱིས་འཛུམ།།
ཉེར་ཞིའི་ཚངས་སྤྱོད་ལྷ་ཡི་ཁང་བཟང་དུ།།
བགྲོད་པའི་ས་མཁན་རིན་ཆེན་བཟང་བོ་ལས།།
ངུར་སྨྲིག་གོས་ལ་དུལ་བའི་ཉམས་འབར་བ།།
ལི་ཁྲིའི་མེ་ཏོག་མཚོ་ལ་ཉི་ཟེར་བཞིན།།
གནམ་ཀྱི་ཤེད་མོང་རྩེན་པའི་དོ་ར་ནས།།
ལྷ་དང་མཁའ་འགྲོ་དགྱེས་པའི་སྙན་དབྱངས་ལ།།
ས་གསུམ་སྐྱེ་འགྲོ་ཆགས་པའི་ལས་ཀྱིས་ཀྱང་།།
ཐར་བའི་སྒོ་བརྒྱ་འབྱེད་ན་གཞན་ཅི་སྨྲས།།
བདེ་གཤེགས་ཀུན་གྱི་ཐུགས་ལས་བརྒལ་བ་ཡི།།
ཆོས་ཀུན་འཆད་པའི་དབྱངས་ལ་ཚངས་པའི་ངག།
འཁོར་བ་ལས་ཀྱང་ལྷག་པའི་ཐམས་ཅད་མཁྱེན།།
རིགས་བདག་པདྨོའི་དཔུང་རྒྱན་ཅན་ཁྱེད་མཆོད།།
ཕྱི་ནང་གྲུབ་མཐའི་གཞུང་ལ་ཐོགས་མེད་ཅིང་།།
ལྟ་སྒོམ་སྤྱོད་པ་ཟུང་འཇུག་ཉི་མའི་རླབས།།
ཐུགས་ཀྱི་པདྨའི་ཚལ་ལ་འཇུག་པ་ནི།།
ཡང་དག་མཚུངས་ཁྱོད་གངས་རིའི་ཉི་མར་ངེས།།
བརྩེ་བའི་ཆུ་རྒྱུན་འགྲོ་བློའི་གཤིན་ས་རུ།།
རྟག་ཏུ་འབབ་ཀྱང་མགོན་ཁྱེད་ད་དུང་ཡང་།།
བྱམས་བརྩེའི་གཏེར་དུ་གྱུར་འདིས་རྒྱལ་བ་ཀུན།།
སོམ་ཉིའི་མལ་ན་བཞུགས་སུ་གསོལ་དེ་ཅི།།
དཔག་ཡས་ཡོན་ཏན་ཚོགས་ཀྱི་བྱེད་པོ་མས།།
མཐའ་ཡས་འགྲོ་ལ་ཐུགས་རྗེས་གཟིགས་པ་ཡང་།།
མགོན་པོ་ཁྱེད་ཀྱི་མཛད་པའི་ཟུར་ཙམ་གྱིས།།
ངལ་བའི་ཡུལ་དུ་གྱུར་པ་ཀུན་གྱིས་གླེང་།།
ཁྱོད་བློའི་ཉི་མ་འཆར་བས་ས་ཆེན་གདོང་།།
ལེགས་བཤད་འོད་ཀྱི་དྲ་བས་ཁེབས་པ་ནི།།
སྔོན་མེད་གཏམ་གྱི་སྦྱོར་བའི་འོད་དཀར་ཕྲེང་།།
འཛུམ་པ་ལས་ཀྱང་ངོ་མཚར་རོལ་བ་འཛིན།།
བསླབ་གསུམ་ནོར་བུའི་ཤེལ་དཀར་མུ་ཏིག་ཕྲེང་།།
ཏིང་འཛིན་སྔགས་བརྒྱའི་བྱིན་རླབས་འབར་བ་ཡི།།
གཟི་བྱིན་སྟོང་ལས་རིང་དུ་བརྒལ་བས་ཀྱང་།།
སྲིད་ཞིའི་མཚར་སྡུག་རི་མོ་ཀུན་ལས་རྒྱལ།།
མཐའ་དག་ཤེས་བྱ་ནམ་མཁའི་ཕ་མཐའ་ནི།།
གཞལ་ལ་ཐུབ་པ་བས་ཀྱང་ངོ་མཚར་བའི།།
སྒྱུ་མའི་རོལ་བ་འཛིན་པའི་གཞོན་ནུ་དེ།།
བློ་བཟང་རྒྱལ་བར་གྲགས་པའི་དབྱར་སྐྱེས་རྔ་།།
སྙིགས་མའི་དུས་ཀྱི་རང་མཚང་བརྡོལ་བའི་སྐབས།།
འདི་ལྟའི་སྐལ་བཟང་ཟླ་ཟེར་ག་བུར་རྡུལ།།
ཟེགས་པ་ལས་འཛུམ་ཨུཏྤལ་མེ་ཏོག་བཞིན།།
དྲི་མེད་རྒྱལ་བསྟན་ཕྱོགས་ཀུན་རྒྱས་པར་ཤོག།
སྲིད་པའི་དོ་ར་སྟོང་ལས་རབ་འགོངས་པའི།།
ཁྱོད་ཞལ་ཟླ་བའི་རླབས་ཕྲེང་ལུད་པ་འདིས།།
ལེགས་ཚོགས་ནོར་གྱི་ཡིད་ལ་དགའ་བ་འབུམ།།
འཁྱིལ་བའི་མཛའ་བ་ཉམས་པ་མེད་གྱུར་ཅིག།
ཅེས་རྒྱལ་བ་གཉིས་པ་རྗེ་བློ་བཟང་གྲགས་པའི་དཔལ་ལ་བསྟོད་པ་«ཙོང་ཁའི་རྒྱལ་སྲས་མཆོད་པའི་མེ་ཏོག་»ཅེས་པ་འདི་ནི་བྲན་མིང་བས་རོང་བོ་དཔལ་གྱི་དགོན་ཆེན་ནས་སྦྱར།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn