རྨི་ལམ་གྱི་མཇལ་ཁ།
རྨི་ལམ་གྱི་མཇལ་ཁ།
— མཉམ་མེད་ཙོང་ཁ་བ་ཆེན་པོ་མྱ་ངན་ལས་འདས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ་ཕུལ།
—འཆིང་གྲོལ།
ཏག་ཏག་རྨི་ལམ་དགུ་བའི་ནང་དུ་ཁྱོད་རང་མཇལ་བྱུང་།
སྤྱན་གྱི་མཚེའུར་འཁྱིལ་བའི་མངོན་རྟོགས་དང་ཞི་དུལ།
དབུ་སྐྲའི་མདངས་ལ་བབས་པའི་ལོ་ཟླ་དང་དཀའ་སྡུག
མི་ལོ་དྲུག་བརྒྱ་ནི་ཕལ་བའི་སེམས་ཀྱིས་གཞལ་ཐབས་ག་ལ་ཡོད་ཀྱང་།
རྨི་ལམ་གྱི་སྒེའུ་ཁུང་ཁྱོད་ཕྱོགས་སུ་ཕྱེས་པས།
ཐུགས་སྨོན་གྱི་གཙང་བོའི་རྒྱུན་ནི་ད་དུང་ཡང་ལྷུང་ལྷུང་གིས་འབབ་ཅིང་།
ཆེས་ཐོག་མའི་གོམ་ཆུང་གི་མེ་ཏོག་ཙོང་ཁའི་སྤང་ཐང་ཀུན་ཏུ་ཐོར་བ་མཐོང་བྱུང་།
ཁྱོད་ནི་སྐབས་རེར་སྤྱན་རས་གཟིགས་རི་བོ་ལྟ་བུ་ཞིག་དང་།
ལན་རེར་གླེགས་བམ་ཁུར་བའི་དགེ་སློང་སྨུག་ཚོས་ཅན་ཞིག་སྟེ།
སྐབས་རེར་ལྷ་ཡི་ཚོགས་ཀྱིས་ཁྱོད་ལ་ཤེལ་སྒོ་འབྱེད་ཅིང་།
ལན་རེར་ཁྱོད་རང་དངོས་སུ་ཐོན་ཏེ་གནས་ཚང་གཡོར་བས།
ཡབ་ཡུམ་ཟུང་གི་ངོ་མཚར་གྱི་སྣང་བ་རུ།
ཁྱོད་ནི་འགྲེལ་རྒྱག་མི་ཤེས་པའི་རྨི་ལམ་མཚར་བོ་ཞིག
ཁྱོད་ཀྱིས་སང་ལོར་ལུང་བ་འདི་རུ་དངོས་སུ་འཕྲད་པར་འགྱུར་ཞེས།
མི་གཅིག་ཁོ་ན་ལ་རྨི་ལམ་གྱི་ལྡེ་མིག་སྤྲད་པ་དེ།
ཚེ་རབས་ག་ཚོད་ཀྱི་ལས་སྨོན་དང་དམ་ཚིག་གིས་ཡིན་ནམ།
ཨ་མའི་ནུ་ཞོ་འཐུང་བའི་ཉིན་མཚན་དེ་དག་ལ།
ཁྱོད་ཀྱི་དགའ་འཛུམ་གྱི་གང་བུ་ཡང་ཡང་གྲོལ་ཡོད་ངེས།
ཨ་མ་ལགས་ཀྱིས་གཅེས་པའི་མིང་གིས་ཁྱོད་ལ་ཡང་ཡང་བོས་ཡོད་ངེས།
ཀུན་དགའ་སྙིང་བོར་མ་གསོལ་གོང་དུ་ཁྱོད་ཀྱི་མཚན་ལ་ག་རེ་ཞུའམ།
ཁྱོད་ཀྱིས་ལན་མེད་པའི་དྲི་བ་སྣ་ཚོགས་སེམས་སུ་ཉར་ནས།
རེ་སྨོན་གྱི་སྐྱེལ་མ་དང་འཁྲང་སེམས་ཀྱི་རབ་ཁ་རེ་རེ་བརྒལ་ནས།
ཕྱིར་མི་ལྡོག་པ་ཕྱིར་མི་འོང་ཟེར་བཞིན།
ཆེས་མཐའ་མའི་ཕྱི་མིག་ཙམ་ཡང་མེད་པར་ལམ་ལ་ཆས།
དབུས་ལམ་དུ་ཁ་ཆར་འཚུབ་པ་ཨེ་བྱུང་། ཚ་གདུག་ཆེ་བ་ཨེ་བྱུང་།
དབུས་གཙང་གི་ནམ་མཁའ་རྒྱ་ཆེ་བ་མཐོང་དུས།
ཁྱོད་ཀྱིས་ཆེས་ཐོག་མར་རང་ཉིད་ལ་སེམས་བསྐྱེད་ཀྱི་གཤོག་པ་སྤྲད།
ནམ་ཞིག་རང་སྟོབས་བྲི་བས་ལྡོག་དགོས་ནའང་།
ཅིས་ཀྱང་ནམ་འཕང་གཅོད་རྒྱུའི་དམ་བཅའ་འབའ་ཞིག་བགོས།
གླེགས་བམ་གྱི་ཉིན་སྲིབ་གྲངས་མེད་བརྒལ་ཏེ་ཆོས་ཉིད་ཀྱི་གངས་ཆུ་བཙལ།
གནའ་བོའི་དགོན་རྙིང་དག་ཏུ་གསེར་ཏོག་གི་བཀྲག་མདངས་གསོས།
དུས་ཚོད་ཀྱིས་བངས་པའི་སྐྱོ་དབྱངས་དག་ལ་སྲོག་དབུགས་གསར་བ་བསྩལ།
རྟ་དྲེལ་གྱི་སྐེ་དྲིལ་སིང་སིང་ལས་མ་ཡུམ་གྱི་དྲན་གདུང་ཐོས།
དྲན་གདུང་གི་སྐྲ་དཀར་ལ་སྙིང་རུས་ཀྱི་མདུད་པ་བོར།
བརྩེ་ཆེན་གྱི་མགུར་གླུས་རྒྱང་རིང་གི་དྲན་གདུང་ཞི།
འོད་གསལ་གྱི་ཤིད་ཟན་བཏང་།
སྒྱུ་ལུས་ཀྱི་རོལ་གར་བསྒྱུར།
སྤྱོད་པའི་ལྕགས་རི་བསྐྲུན།
ལྟ་བའི་ཉི་ཆེན་དྲངས།
ནམ་མཁའ་དང་ནམ་མཁའ་ཡུག་གཅིག་སྦྲེལ་བས།
གཞིས་བྱེས་ཀྱི་མ་བུ་ཐམས་ཅད་ངོ་འཕྲོད།
ཙོང་ཁ་བ། འགྲོ་བ་མཐའ་དག་གི་སེམས་པ་སྦྲེལ་བའི་ཟམ་ཆེན།
༢༠༡༨-༡༡-༣༠ཉིན་བླ་བྲང་དུ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn