ལྷ་མོ་དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ།།
༅།།བློ༷་ཆེན་ཀུན་བཟ༷ང་དཀྱིལ་འཁོར་རབ་རྫོགས་དྲི་མེད་ཤེལ་གྱི་མེ་ལོང་གསལ།།
འཇི༷གས་མེ༷ད་སྙིང་སྟོབས་རྒྱལ་སྲས་སྤྱོད་པའི་རྨད་བྱུང་འོད་ཀྱི་རླབས་ཕྲེང་གཡོ།།
ཐུབ༷་བསྟ༷ན་གླིང་བཞི་གཅིག་ཅར་གསལ་བྱེད་རྡོ་རྗེ་གུར་ཁྱིམ་རྣམ་བཀྲ་བའི།།
མཁས་དགུའི་གཙུག་རྒྱན་ཆོ༷ས་ཀྱི་ཉི༷་མར་བདག་ཡིད་ཀུ་མུད་ལྷག་ཏུ་ཟུམ།།
ཀྱེ་ཀྱེ་མཛེས་སྡུག་དྲི་ཟའི་བུ་མོ་ཏིང་འཛིན་པིར་གྱིས་བྲིས་པའི་སྐུ།།
ཐུགས་རྗེ་རླུང་གིས་ཡང་ཡང་བསྐུལ་བས་བདག་མགྲིན་འོ་མའི་མཚོར་ལྷུང་བ།།
སྐྱེས་མེད་དབྱིངས་ཀྱི་ཧྲཱིཾ་ཡིག་དཀར་པོ་སྡེབ་ལེགས་ཚིག་གི་སྦྱོར་བར་འཕོས།།
གསང་གསུམ་ཡོན་ཏན་ཆ་ཙམ་སྤེལ་ལ་ཡིད་ནི་ཆེས་ཆེར་སྤྲོ་བ་འཛིན།།
ཕྱོགས་རྣམས་ཀུན་ཏུ་རི་བོའི་ཕྲེང་བ་ཚར་དུ་དངར་བའི་མུ་ཁྱུད་དང་།།
ལྗང་མདོག་ལོ་འདབ་ནགས་ཀླུང་སྟུག་པོའི་ཁོར་ཡུག་དྲ་བའི་གཤོང་བུ་ལ།།
གནམ་སྔོན་དུམ་བུར་བཞུས་པའི་ཁུ་བ་གཟུགས་བརྙན་འཆར་བའི་མེ་ལོང་ནི།།
མགྲིན་བཅུའི་ཡིད་ནི་ཀུན་ཏུ་ཆགས་པས་འཛིན་པའི་ཐབས་ཀྱིས་བསླུས་སམ་སྙམ།།
བསུང་ཞིམ་ལྷན་སྐྱེས་དྲི་བཟང་འཐུལ་བ་ཉེ་བའི་མེ་ཏོག་ཚལ་རྣམས་ན།།
མཛེས་པའི་སྒྲོ་ལྡན་བྱ་བྱེའུ་དག་གིས་སྙན་པའི་སྐད་གསུང་བར་མེད་སྒྲོག།
རི་དྭགས་ཕོ་མོ་བག་ཡངས་རྒྱུ་ཞིང་དགའ་བའི་གར་དུ་རྩེན་པ་ནི།།
དྲང་སྲོང་རྒན་པོ་ལྟ་བ་འཛིན་རྣམས་སྣ་ཚོགས་གཟུགས་སུ་བརྫུས་པ་ཉིད།།
ན་ཆུང་བུ་མོ་ཕྲག་དོག་བྱེད་རྣམས་ལག་ཏུ་པི་ཝང་གླིང་བུ་སོགས།།
ཐོགས་པའི་ངལ་བ་བརྗེད་པར་གྱུར་ནས་སྒྲ་ཡི་ཕྲེང་བ་ཀུན་ཏུ་སྤེལ།།
གང་གི་མཛེས་པ་གནོན་པའི་ཡིད་ཅན་རང་གི་ཆོས་ལ་ཆགས་པ་རྣམས།།
ཕལ་པའི་ཉམས་ཀྱིས་མཆོད་པ་བཞིན་དུ་གར་གྱི་སྟངས་སྟབས་བསྒྱུར་བར་བྱེད།།
མཚན་མོ་རྣམས་སུའང་ཟུམ་པར་མི་བཟོད་འདབ་སྟོང་ལྷུག་པོར་གྲོལ་བའི་ཚལ།།
གེ་སར་དང་ནི་ཉི་ཟླའི་རྡུལ་རྣམས་ཐགས་སུ་བཀྲ་བའི་གདན་སྟེང་ན།།
མཚན་དཔེའི་མཛེས་སྡུག་འཇིག་རྟེན་ཀུན་ཏུ་འགྲེམ་པའི་འདུ་བྱེད་ལྷུར་ལེན་མའི།།
རབ་དཀར་དུང་གི་འཁྲི་ཤིང་གསར་བ་སྒེག་པའི་ཉམས་ཀྱིས་བསྣོལ་བ་མཛེས།།
རྩ་མདུད་ལ་སོགས་མི་མཐུན་མེད་པ་མུ་ཏིག་དཀར་པོས་བཟོས་པའི་རྩེར།།
དཀར་ཞིང་གསལ་བའི་ཞབས་སེན་དག་ཀྱང་ཉ་ལྕིབས་གསར་བའི་རི་མོ་ཉིད།།
ཕུན་ཚོགས་རེག་བྱའི་དཔལ་ཀུན་སྟེར་བྱེད་འཁྲི་ཤིང་གསར་བའི་དགའ་སྟོན་ལ།།
འདོད་ལྡན་ཟུར་མདས་ཡང་ཡང་བསྣུན་པས་ལོང་བུ་དག་ཀྱང་སྦུབས་སུ་ཡིབས།།
དཀར་ཞིང་བསིལ་བ་ཞབས་ཀྱི་འཁོར་ལོ་ཟླ་བ་ལ་ནི་ཆོས་མཚུངས་པ།།
བརྟགས་ཀྱང་འབྱེད་ཆོས་རྙེད་པ་མིན་པས་དུ་ཀཱུ་ལ་ཡི་ཤམ་བུ་དག།
འཁྱུད་པའི་སེམས་ཀྱིས་འཁྲུལ་བ་བསྐྱེད་ནས་ཟླ་བའི་སྟེང་དུ་འཛར་བ་ན།།
ཡལ་ག་ཕྲ་མོའི་མེ་ཏོག་རྣམས་ནི་འཕྱས་པའི་བཞིན་གྱི་རྣམ་འགྱུར་གསལ།།
ཁུར་གྱིས་མནོན་པ་མེ་ཏོག་དཀར་པོའི་གེ་སར་རྣམས་ནི་གཡོ་བ་ལས།།
རིན་ཆེན་འཕྲེང་བའི་ཞབས་གདུབ་རྣམས་ཀྱང་སིལ་སིལ་སྒྲ་བཅས་འགུལ་བ་དང་།།
ལྷ་དབང་དགྱེས་པའི་བང་མཛོད་ནས་དྲངས་སྲབ་འཇམ་དར་གོས་ལྷུང་བ་ཡང་།།
མཁྲང་རྒྱས་སྟ་ཟུར་གཡས་གཡོན་བསྲིངས་པས་འཕྲལ་དུ་བཟུང་ཞིང་སྐུ་སྨད་བསྒྲིབས།
རྩྭ་ཉག་གཅིག་གིས་རི་བོ་བཞིན་དུ་ཤིན་ཏུ་ཕྲ་བའི་སྐེད་སྐབས་ནི།།
ལྕི་བའི་ཁུར་གྱིས་མནོན་པར་གྱུར་ཏེ་སྐུ་སྟོད་ཅུང་ཟད་གཡོན་དུ་ཕྱོགས།།
ཡངས་པའི་བྲང་ངོས་རྒྱལ་ཀུན་གསོ་མཛད་ནུ་ཞོའི་བཅུད་འཛིན་མྱོས་བུམ་ཟུང་།།
མཁྲངས་ཤིང་རྒྱས་པའི་བར་ནི་དོག་ཅིང་ལྟེ་བའི་བར་དུ་འཕྱང་བ་ཉིད།།
བཻ་སྔོན་ཞུན་མའི་མདངས་ཀྱིས་འཁྱུད་པ་ཏམྦུ་ར་ཡི་རྒྱུད་སྐུད་ལ།།
བྱིན་གྱིས་ཕྲ་བའི་སོར་མོ་རྣམས་ནི་ཅུང་ཟད་ཅུང་ཟད་བསྣུན་པ་ལས།།
ཕྲ་བའི་རྟེན་འབྱུང་བསྒྲགས་པར་གྱུར་ཚེ་ཐུགས་ནི་ཡང་ཡང་དེར་ཕྱོགས་པས།།
སྦྲེངས་པའི་དབྱངས་སྙན་དུམ་བུར་ཆད་ལ་གདུལ་བྱས་མགྲིན་པ་བཏེགས་ནས་བལྟ།།
ཀུནྡ་ཀུ་མུད་མཛེས་པ་རྙིང་བྱེད་ཟླ་བའི་སྙེམས་པ་འཕྲོག་མཛད་པའི།།
ཞལ་གྱི་དཀྱིལ་འཁོར་མཚུངས་ཆོས་རྙེད་མིན་བལྟ་བས་ཆོག་མི་ཤེས་པ་ལ།།
སྐུ་ཡི་གྲངས་མེད་ཁུང་བུར་གནས་པའི་བ་སྤུ་རྣམས་ཀྱང་སེམས་འཁྲུགས་ནས།།
སྦྲུལ་མགོ་བཀྱོགས་པའི་གདེངས་ཀ་ཇི་བཞིན་གྱེན་དུ་ཕྱོགས་ནས་ལྟ་བར་བྱེད།།
པད་མའི་ཚལ་ནས་བླངས་པས་བསྐྲུན་པ་མཁུར་ཚོས་མེ་ཏོག་འཛུམ་ལྡན་མའི།།
ཐལ་གོང་མགྲིན་པ་གཡས་སུ་འཁྱིལ་བ་སྔོན་དུས་ཚངས་ཆེན་འཁྱུད་སྙམ་ནས།།
དལ་བུར་བསླེབས་པ་འོད་ཀྱི་ཕྲེང་བས་གདོང་བཞི་གསལ་ཏེ་ནོངས་ཅན་དེས།།
གཡས་སུ་ཉལ་བའི་རི་མོའི་གཟུགས་ཅན་མགུལ་བའི་བརྒྱན་དུ་ཟོལ་གྱིས་བཀོད།།
ཡང་ཡང་བྲིས་པའི་སྨིན་མ་དང་ནི་ཨུཏྤལ་གཡོ་བའི་སྤྱན་དག་གིས།།
གདུལ་བྱའི་ཚོགས་ལ་གཏན་དུ་གཟིགས་པས་འབྱེད་འཛུམ་གཡོ་བའི་རྣམ་འགྱུར་དང་།།
ཐུགས་རྗེ་དབང་སོང་འགྲོ་བའི་དོན་དུ་འདུར་མཁས་མ་ཡིས་མཛེས་ཆོས་སུ།།
སྐྲ་ཡི་ལན་བུ་སླས་པའང་བརྗེད་ནས་ཕྱེད་ནི་གྲོལ་བས་ཕྲག་གོང་ཁེབས།།
བྱུ་རུའི་མདངས་བཟང་བྱུགས་པའི་མཆུ་སྒྲོས་ཅུང་ཟད་གྲོལ་བའི་ཕང་བ་ལས།།
ཐགས་བཟང་ཚེམས་ཀྱི་ཕྲེང་བ་དག་ནི་པད་མ་རཱ་གའི་སྤྲིན་གསེབ་ནས།།
ཉ་གང་ཟླ་བའི་གཟུགས་བརྙན་འབུམ་ཕྲག་གཅིག་ཅར་ཉིད་དུ་འཆར་བ་བཞིན།།
ལེགས་འདོམས་འོད་ཀྱི་ཟེགས་མ་དག་གིས་འཇིག་རྟེན་ཀུན་ཏུ་ངོ་མཚར་བྱས།།
རིང་དུ་འཕྱང་བའི་སྙན་ཤལ་དག་ཀྱང་རིན་ཆེན་རྒྱན་ཆས་དྲུད་པ་འམ།།
འཇམ་དཔལ་གཞོན་ནུས་བསྐལ་བར་འཐེན་པས་དཔྱང་སམ་ལྟ་བའི་ཟླ་བ་ཡང་།།
ལན་བུ་བཅིངས་པའི་རྩེ་མོར་ལྷགས་ཚེ་ཐོར་ཚུགས་བརྒྱན་བྱེད་མ་ལི་ཀའི།།
མཛེས་པ་མཐོང་ནས་བསྐྱུངས་པའི་ཡིད་ཀྱིས་གང་གི་གསེབ་ཏུ་འབྲོས་ལ་ཉེ།།
ཟླ་བའི་དཀྱིལ་འཁོར་ཡང་ཡང་ཕྱིས་ཀྱང་ཆ་ཙམ་འགྲན་པར་མི་ནུས་པ།།
ཁྱོད་སྐུ་ངོ་མཚར་འབུམ་གྱི་ཕུང་བོ་བཞིན་ལེགས་གར་གྱི་ཉམས་ལྡན་མ།།
རྙོག་བྲལ་རྫིང་བུ་ཁྲག་ཁྲིག་དུ་མར་གཅིག་ཅར་འཕོས་པ་རེ་རེས་ཀྱང་།།
མཐའ་ཡས་ཆོས་ཚུལ་ལེགས་འདོམས་ཁྱོད་དྲུང་དད་པའི་འདུ་བྱེད་ཀུན་ཏུ་བསྒྱུར།།
ཐུགས་རྗེ་རླབས་ཕྲེང་གཡོ་བའི་ཟིལ་མངར་མཁྱེན་རབ་གཙང་མའི་ཆབ་ཀྱི་རྒྱུན།།
བདག་རྒྱུད་བུམ་པའི་སྣོད་དུ་འཁྱིལ་བའི་བྱིན་རླབས་བདུད་རྩིའི་དགའ་སྟོན་སྩོལ།།
དད་པའི་རྩ་བ་རི་བཞིན་ཚུགས་ནས་རྣམ་རྟོག་སེམས་ཀྱི་སྤྲོས་པ་ཀུན།།
ཉེ་བར་ཞི་བའི་ཏིང་འཛིན་བརྟན་པོར་ཅི་འདོད་འཇུག་ལ་དབང་འབྱོར་ཤོག།
སྨྲ་བའི་དཎྡི་མཐོ་བཙུན་གྲུབ་རྗེ་ནག་མོ་ཁོལ་དང་བདེ་བྱེད་བདག།
སློབ་དཔོན་དཔའ་བོ་དགེ་བའི་དབང་དང་མི་ཕམ་དགེ་ལེགས་རྣམ་རྒྱལ་ཞབས།།
འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེ་ཡབ་སྲས་ངག་རིག་སྨྲ་རྣམས་ཀྱིས།།
ངག་དབང་ལྷ་མོ་བསྟེན་པའི་རྗེས་བསྙེགས་བདག་གི་ངག་ལ་ཁྱོད་གྲུབ་མཛོད།།
བློ་ལྡན་སྐྱེ་བོ་མགུལ་བའི་སྙན་དངགས་སྡེབ་ལེགས་རྒྱན་གྱི་ཚིག་སྦྱོར་དང་།།
སྨྲ་ངན་ལོག་རྟོག་འཕྲལ་དུ་གཅོད་བྱེད་ཕས་རྒོལ་ཟིལ་གྱིས་གནོན་པའི་ཐབས།།
ཐེ་ཚོམ་འཁྲུལ་བ་དྲུང་ནས་འབྱིན་པའི་ཟབ་གསལ་མྱུར་བའི་ཤེས་རབ་མཆོག།
ངེས་འབྱུང་བྱང་སེམས་གྲོགས་དང་བཅས་པ་དེང་འདིར་བདག་ལ་བསྩལ་དུ་གསོལ།།
འདི་ལྟར་དགེ་འབྲས་གངས་ཀྱི་རི་བོར་ཟླ་ཤེལ་འབུམ་གྱིས་འཁྱུད་པའི་མདངས།།
ཐུབ་བསྟན་སྤེལ་བའི་ཉི་མ་དང་ནི་བླང་དོར་འབྱེད་པའི་བློ་གྲོས་མིག།
འཇིག་རྟེན་དགེ་བའི་ལེགས་ཚོགས་ཇི་བཞིན་ལྷན་ཅིག་གསལ་བའི་རྟེན་འབྱུང་གིས།།
འགྲོ་རྣམས་ཀུན་མཁྱེན་རྒྱལ་བའི་གོ་འཕང་རིང་མིན་འཐོབ་པའི་ཤིས་པ་སྩོལ།།
ཅེས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཏམྦུ་རའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་འཁྱོག་བརྗོད་སྙན་ངག་སྨྲ་བ་ལ་སྤོབས་པ་ཅུང་ཙམ་ཐོབ་པ་ཚངས་སྲས་རིག་པའི་འདོད་འཇོ་ཞེས་བྱ་བས་ཉན་ཐོས་སྡེ་བ་ལྟར་ན་མཉམ་མེད་ཐུབ་པའི་དབང་བོ་སྐུ་བལྟམས་ནས་བགྲང་བྱ་ཉིས་སྟོང་དྲུག་བརྒྱ་ཞེ་གཉིས་པ་བདེ་མཆོག་བསྟོད་འགྲེལ་ལྟར་ན་རབ་བྱུང་བཅུ་བདུན་པའི་རྣམ་འཕྱང་རྒྱ་རྩིས་པའི་ས་ཕོ་ཁྱི་དབྱར་ཟླ་ཐ་ཆུང་གི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་སྙན་ཚིག་སྨྲ་བའི་ལྡིང་ཁང་དུ་རྫོགས་པར་སྤེལ་བའོ།། །།
2018.6.11
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn