རང་ཉིད་རང་གི་གཡོག་པོ་ཡིན།

    སྤེལ་དུས།  2015-12-06 23:18:48     རྩོམ་པ་པོ།   རྩིང་བ་དཀོན་བྷེ།༼མདོ་ལྷོ༽    ཀློག་ཐེངས།  

                                ང་ཚོས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྟེང་ནས་

བདེན་སྟོང་མ་རྟོགས་བར་དུ།

ང་ཚོས་སེམས་ཅན་གྱི་ཆེད་དུ།

རང་ཉིད་ཀྱི་དགེ་རྩ་མ་ལུས་པ་མ་བསྔོས་བར་དུ།

མདོར་ན།ང་ཚོས་རང་སེམས་མཁའ་བཞིན་བསྐྱེད་ནས།

སེམས་ཅན་གྱི་དོན་དུ་མ་དམིགས་བར་དུ།

སད་སྔ་ཡང་།

ང་ཚོ་སྐྱ་རེངས་ཀྱི་སྔོན་དུ་སད་ན་ཡང་།

རང་ཉིད་ཀྱི་ཆེད་དུ་སད་ཅིང་།

ཉལ་འཕྱི་ཡང་།

ང་ཚོ་མཚན་མོར་ཉལ་འཕྱི་ནའང་།

རང་ཉིད་ཁོ་ནའི་ཆེད་དུ་ཉལ་འཕྱི་བ་རེད།

མི་ཚེ་ཧྲིལ་བོར།རང་དོན་ཡིད་བྱེད་དེའི་དབང་གིས།

ནམ་ལངས་པ་ནས།

མུན་རུབ་རག་བར་དུ་རྒྱུགས་རྒྱུགས་ནའང་།

རང་ཉིད་ཀྱི་ཆེད་དུ་ཡིན་པས།

སྐྱོ་ལྷང་ལྷང་གིས་འཇིག་རྟེན་ལ་ཕྱི་མིག་འཇོག་དུས།

རང་ཉིད་ཀྱི་སོང་ཤུལ་དུ།

ཐ་ན་རྐང་རྗེས་ཙམ་ཡང་བཀོད་མི་ཐུབ།

ང་ཚོས་བསམ་བློ་མ་བཏང་བས་ལན་པ་ཡིན་ནམ།

སྐྱེ་བ་ཐོག་མ་མེད་པ་ནས།

ཉོན་མོངས་པའི་བྲན་དུ་འདུར་འདུར་ནས།

ད་ལ་ཐུག་གི་བར་དུ།

ཧ་ཅང་སོས་དལ་ངང་འདུག་མ་ཐུབ་ཞིང་།

ད་དུང་ཡང་རླུང་བཞིན་ལྡང་དགོས་པ་དེ།

འདི་ཡང་ཕར་དེད་ན།

མ་རིག་པ་དང་འཇིག་ལྟ་ལྷན་སྐྱེས་དེའི་དབང་གིས།

བདག་འཛིན་དང་ངར་འཛིན།

རང་གཅེས་འཛིན་ཁོ་ནས་འདུག་ཏུ་མ་བཅུག་པ་ཨེ་ཡིན།

གཅིག་བྱས་ན།ང་ཚོ་ད་ལྟའང་ད་དུང་།

སྲེད་པ་དེའི་བྲན་དུ་རྒྱུགས་ནས།ཅི་ཙམ་རྙེད་ཅིང་།

ད་དུང་།འདོད་པའི་ལུང་བ་དེར་བཀང་དུ་མེད་པས།

ང་ཚོའི་ལས་དབང་འདི།

སྲེད་པའི་གཡམ་དུ་རྒྱུགས་ནས།

རང་ཉིད་ཀྱི་མི་ཚེ་རང་གིས་རླུང་ལ་བསྐུར་དགོས་བྱུང་།

སྐབས་རེར།ཞེ་སྡང་གིས།

རང་སེམས་རང་གིས་གཅུན་མ་ཐུབ་པར།

ཀུན་ནས་མནར་སེམས་པའི་དངོས་པོ་དགུ་ལ་དམིགས་ནས།

སེམས་ཁོངས་སྲེག་པས།

ཉིན་མོར་ངལ་གསོ་མི་ཐུབ་ལ།

མཚན་མོར་གཉིད་ཀྱང་མི་ཁུགས་པར།

རང་ཉིད་ཞེ་སྡང་གི་གཡོག་ཏུ་རྒྱུགས་ནས།

མ་བསམ་ས་ནས་རང་ཉིད་རང་གིས་བྲན་དུ་བཀོལ་བ་རེད།

འདི་ལྟར།ཉོན་མོངས་ཀྱི་གཉེན་པོ་རེ་རེར།

ཆོས་ཕུང་རེ་རེ་མ་བསླབ་བར་དུ།

སྔར་ལས་བསགས་མེད་ཀྱང་།

ཉོན་མོངས་དེས་དེད་ནས།

རང་དབང་མེད་པར་ལས་གསར་དུ་བསགས་ཏེ།

ཡང་བསྐྱར་འཁོར་བའི་གནས་སུ།

མི་འདོད་བཞིན་དུ་འོང་ནས།

རང་ཉིད་ཁོ་ནའི་ཆེད་དུ།

ལུས་སེམས་དལ་བ་མེད་པར།

ཚེ་གང་བོར་རང་ཉིད་རང་གི་གཡོག་ཏུ་ལངས་དགོས་ཨང་།

2015.9.15ཉིན་ལ་གཙོས་ནས་བྲིས།
 

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
      རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།