ལྷ་སར་རྐང་ཐང་དུ་འགྲོ་བའམ་ཕྱག་འཚལ་ནས་འགྲོ་བའི་བསམ་ཚུལ།
དད་པའི་སྟོབས་ནི་མིའི་སྟོབས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཞིང་།དད་པ་ཡོད་ན་དོན་ཅི་ཞིག་ཡིན་ཡང་བསྒྲུབ་ཐུབ།
བོད་ལ་རིན་པོ་ཆེ་ཞིག་ཡོད་པ་ནི་དད་པ་རེད།དད་པ་ཡོད་པས་མི་རིགས་ཀུན་ལས་ང་འོ་སྐྱེ་ཆོག་ལ།གཞན་གྱི་ཡིད་སྨོན་གྱི་གནས་སུ་གྱུར།རྒྱུ་མེད་ཀྱང་སེམས་སྐྱིད།དཀའ་ངལ་ལ་ཐུག་ཀྱང་བརྟེན་ས་ཡོད། དད་པ་ཡོད་ན་དཀའ་ངལ་ཇི་འདྲ་བྱུང་ཡང་གདོང་གཏོད་ཐུབ།
ལྷ་སར་རྐང་ཐང་ལ་འགྲོ་བའམ།ཕྱག་འཚལ་ནས་འགྲོ་བའང་དཔེ་མཚོན་ཞིག་རེད།དད་པ་མེད་ན་ལྷ་སར་ཕྱག་འཚལ་ནས་འགྲོ་བ་ཕར་ཞོག རྐང་ཐང་དུའང་འགྲོ་མི་སྲིད་ལ།ཐ་ན་ཉིན་རེ་གཉིས་ལའང་རྐང་ཐང་དུ་འགྲོ་མི་སྲིད།
དེ་བས་ཉེ་ལམ་ལྷ་སར་མེ་འཁོར་དང་གནམ་གྲུ་སོགས་ལས་འགྲོ་ནའང་རྐང་ཐང་དུ་འགྲོ་མཁན་མང་ལ། ཕྱག་འཚལ་ནས་འགྲོ་མཁན་ཡང་མང་བ་རྗེས་སུ་ཡི་རང་བྱ་དགོས་པ་ཞིག་ཡིན།
བླ་མ་དང་གྲྭ་བ་ལ་ལས་ཀྱང་ལྷ་སར་རྐང་ཐང་ལ་འགྲོ་བ་ཉམས་ལེན་གྱི་གཙོ་བོར་འཛིན་བཞིན་པའང་ཡོད།གཞན་ལ་སྐུལ་མའང་བྱེད་བཞིན་ཡོད་ངེས། དེ་ལྟར་ལྷ་སར་རྐང་ཐང་ལ་འགྲོ་བའི་རྒྱུ་མཚན་ཅི་ཡིན།ས་ཆ་ལ་ལ་ན་འགྲོ་མཁན་མང་བའི་རྒྱུ་མཚན་ཅི་ཡིན།
དེ་ནི་དད་པའི་སྟོབས་ཡིན་པ་སྨོས་མ་དགོས་མོད།དེ་ལས་གཞན་པའི་རྒྱུ་རྐྱེན་མང་སྟེ། ཉེ་ལམ་དྲ་བའི་དུས་རབས་ཡིན་པས་དྲིལ་བསྒྲགས་ཀྱི་ནུས་པ་ཤས་ཆེ་སྟེ།ལ་ལ་ལྷ་སར་རྐང་ཐང་དུ་འགྲོ་བཞིན་ཐད་གཏོང་ཤུགས་ཆེན་པོ་བྱས་པས་ལྷ་སར་རྐང་ཐང་དུ་འགྲོ་བར་སྐུལ་མ་ཆེན་པོ་བྱུང་ཞིང་།ཕན་ཚུན་ལ་སྐུལ་སློང་བྱས།ལྷ་སར་རྐང་ཐང་དུ་འགྲོ་བའི་ཕན་ཡོན་བཤད་པས་སྐོར་ཞིག་རྩ་འཛུགས་བྱས་ཏེ་སོང་། རྐང་ཐང་དུ་འགྲོ་བ་ཉམས་ལེན་གྱི་གཙོ་བོར་བསམ་ཞིང་། ཁོ་འགྲོ་ཐུབ་ན་ང་ཅིའི་ཕྱིར་འགྲོ་མི་ཐུབ་སྙམ་ཞིང་།ཁ་ཡ་ན་ཟླ་དག་རྐང་ཐང་ལ་སོང་ནའང་ང་མ་སོང་།ང་དེ་དག་ལ་མི་དོ་སྙམ་པའི་ལ་རྒྱ་ཞིག་གིས་འགྲོ་བའང་ཡོད། རྐང་ཐང་ལ་འགྲོ་མཁན་རྣམས་ལ་འགྲན་སེམས་ཤིག་ཀྱང་འདུག་སྟེ། ས་ཆ་ལ་ལར་ལྷ་ས་ལ་རྐང་ཐང་དུ་མ་སོང་ན་མིའི་གྲས་སུ་མི་ཚུད་པ་ལྟར་སྣང་།
ཡིན་ཡང་། ས་སྐྱ་ལེགས་བཤད་ལས། གཅིག་ལ་ཕན་པར་འགྱུར་པ་ཡི། །བྱ་བ་གཞན་ལ་གནོད་པ་སྲིད། ཅེས་གསུངས་པ་ལྟར་དེ་དང་བསྟུན་ནས་གནད་དོན་མང་བོ་ཞིག་བྱུང་དང་འབྱུང་བཞིན་ཡོད།
ལ་ལ་ཞིག་རྐང་ཐང་ལ་ལྷ་སར་སླེབས་ན་ཐང་ཆད་པས་མཇལ་སྐོར་དུ་དེ་འདྲ་མི་འགྲོ། ལ་ལ་ཞིག་རྐང་ཐང་དུ་འགྲོ་བའི་ལམ་མ་ནུས་པར་རླངས་འཁོར་དུ་འགྲོ་བཞིན་པ་ཡོད་ལ། ལམ་ཁར་སྨན་ཁང་དུ་སྟོན་པའང་ངོ་ཚ་དང་ཁོག་དབང་ཡོད་པས་ལུས་ཀྱི་བདེ་ཐང་ལ་གནོད་པའང་མཐོང་།
ད་དུང་ས་ཆ་ལ་ལར་ལྷ་སར་རྐང་ཐང་ལ་འགྲོ་དུས་དཔལ་འབྱོར་གྱི་འགྲན་པའང་ཡོད་དེ།དེ་རིང་ཁོ་སྦྱིན་བདག་དང་སང་ཉིན་གཞན་སྦྱིན་བདག་བྱེད་པས་ཆ་རྐྱེན་མེད་པ་དག་ལ་དཀའ་ངལ་འཕྲད་པའང་མཐོང་། ལ་ལ་འཐུང་ས་ཟ་ཁང་དང་འདུག་ས་མགྲོན་ཁང་བྱས་པས་འགྲོ་སྒོ་ཆེ་ཞིང་འདུག་ས་དང་འཐུང་སར་འགྲན་པའང་སྣང་།
བུ་ཕྲུག་གིས་ཕ་མ་ཁྲིད་དེ་འགྲོ་བ་མང་བས་དུས་ཚོད་ཀྱི་དབང་གིས་ལོ་ལོན་ཚོར་ངལ་གསོ་མ་ཐུབ་པས་ཤིན་ཏུ་དཀའ་སོང་ཞེས་བཤད་མཁན་ཡང་འདུག ལ་ལས་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་ནས་ཕྱིར་ཡོང་དུས་སེམས་མགུ་གང་ཡོད་ཅིང་། ལྷ་སར་རྐང་ཐང་ལ་འགྲོ་བའི་ལམ་ནས་གཞན་གྱི་རྗེས་སུ་སོང་ནས་བཟའ་ཚང་དང་བྱིས་པ་ལ་ཅི་མི་སྙམ་པར་ཕྱིར་ཡུལ་དུ་མ་ཡོང་བའང་ཡོད། ལ་ལས་ཕྱིར་ཡོང་ནས་བཟའ་འཁོན་གྱི་མགོ་བསླངས་པའང་ཡོད།
སྔོན་ཇོ་མོ་ལྔ་དང་སྔགས་པ་གཅིག་ལྷ་སར་ཕྱག་འཚལ་ནས་སོང་། ལྷ་སར་སླེབས་དུས་ཇོ་མོ་དག་ལ་སྡོམ་པ་ཡོད་པ་གཅིག་ཀྱང་མི་འདུག་སྐད། དེ་ལྟར་ན་ལྷ་སར་སོང་བ་དེ་ཉེས་པ་གསོག་སྤྱད་དུ་གྱུར་འདུག ལྷག་པར་ལྷ་སར་རྐང་ཐང་དུ་འགྲོ་བའི་ལམ་ཁར་བསྙེན་གནས་སྲུང་མ་ཐུབ་ཟེར་མཁན་སྐྱེས་པ་བུད་མེད་མང་། ངས་མི་ཞིག་ལ་ཁྱོད་ལྷ་སར་རྐང་ཐང་གིས་སོང་བའི་ཕན་ཡོན་ལས་སྡོམ་པ་སྲུང་མ་ཐུབ་པའི་ཉེས་པ་ཆེ་ཞེས་བཤད།
ལྷག་པར་རབ་བྱུང་བ་དག་གི་ལས་ཀ་ཞིག་གཏན་ནས་མིན་ཏེ།མཉམ་མེད་ཇོ་བོ་ཆེན་པོས། ཕན་ཚུན་འགྲོ་བའི་དུས་མ་ཡིན་ས་གཅིག་ཏུ་སྡོད་པའི་དུས་ཡིན་གསུང་ངོ་། །ཞེས་དང་། ཡངས་པའི་ས་མཐའ་བསྐོར་བ་ལས་རང་གི་སེམས་མཐའ་བསྐོར་ན་བཟང་། ཞེས་གསུངས་པའི་ཕྱིར་རོ། །
ལོ་འགའི་སྔོན་ལ་ཨ་ཁུ་ཞིག་ཡོང་ནས་ང་ལ་ཁ་བཏགས་ཤིག་བྱིན་ནས་ཁོས་སང་ཉིན་སྔ་མོར་དུས་ཚོད་བཞིའི་སྟེང་ཁོ་ཚོ་མི་བཞི་ལྷ་སར་རྐང་ཐང་ལ་འགྲོ་བས་སྐྱབས་འཇུག་ཅིག་ཞུ་རོགས་ཟེར། ངས་ཁྱོད་ཨ་ཁུ་ཞིག་ལྷ་སར་རྐང་ཐང་ལ་འགྲོ་མི་དགོས།ལྷ་སར་རྐང་ཐང་ལ་འགྲོ་བ་ལས་ལམ་རིམ་ཆེན་མོ་ཚར་གཅིག་བཀླགས་ན་ཕན་ཡོན་ཆེ་བ་དེ་ཡིན་ཞེས་བཤད་པར་ཁོས་ཐག་གིས་བཅད་པས་ཟློག་མི་ཐུབ་ཟེར།
མི་སྣ་ཚོགས་ཡོད་པས་ལྷ་སར་རྐང་ཐང་ལ་སོང་ནའང་དོན་སྣ་ཚོགས་ལ་འཕྲད་ངེས་པ་ཡིན་ཡང་། ཡ་མཚན་པ་གང་ཡང་མེད་དེ། དེ་ནི་བསམ་ཐུབ་པ་ཞིག་ཡིན། ལྷག་པར་ཉེན་ཁ་ཆེ་བ་ཞིག་ནི་བདེ་འཇགས་རེད། མང་རའི་ཡུལ་འདི་ནི་རྨ་ཆུའི་ཕར་ཁར་འགྲོ་བའི་ལམ་ཁར་ལྷ་སར་འགྲོ་མཁན་འགའ་རླངས་འཁོར་གྱིས་བསད། དེ་དང་དེ་འདྲ་བ་ཤིན་ཏུ་མང་བས་རྐང་ཐང་ལ་ལྷ་སར་འགྲོ་བ་ལ་འདང་བརྒྱག་དགོས་བྱུང་།
ཉིན་ཞིག་བུ་མོ་གཉིས་ཡོང་ནས་ཁོ་མོ་གཉིས་ལྷ་ས་ལ་རྐང་ཐང་གིས་འགྲོ་འདོད་པས་ཇི་ལྟར་འགྲོ་མིན་སྐོར་དྲིས། ངས་སོང་ན་ཕན་ཡོན་མེད་པ་ཞིག་ག་ལ་ཡིན་ཏེ།ཁྱོད་གཉིས་ཀྱིས་ང་ལ་འདྲི་རུ་ཡོང་ན་ངས་ཁྱོད་གཉིས་ལ་གྲོས་ཤིག་འདོན།རྐང་ཐང་ལ་སོང་ན་ཉེན་ཁ་ཆེ་བས་མེ་འཁོར་ལས་སོངས། ལྷ་སར་སླེབས་དུས་ཇོ་ཁང་ལ་ཕྱག་སྐོར་ཞིག་དང་སྐོར་ཚད་ཅིག་ལོངས། དེ་བཞིན་པོ་ཏ་ལ་དང་། སེ་འབྲས་དགེ་གསུམ་སོགས་ལ་ཕྱག་དང་སྐོར་ཚད་རེ་ལོངས། མིག་གིས་མི་རིག་ས་ནས་ཕྱག་འཚལ་སྟེ་འགྲོ་བ་ལས། རིག་ས་ནས་ཕྱག་འཚལ་ནས་སྐོར་བ་སོང་དང་འུ་ཅག་ལ་དེ་བཟང་ཞེས་བཤད་པས་དེ་གཉིས་ཀྱང་དེ་ལྟར་ཁས་བླངས་ནས་བུད་སོང་།
ཕྱིར་སླེབས་དུས་མོས། འདི་ནས་ལྷ་སར་སོང་ན་ཉིན་བཞི་བཅུ་ལྷག་འགོར་བས་ཉིན་བཞི་བཅུའི་ནང་དུ་ཡོད་ཚད་གྲུབ་སོང་ཞེས་མོ་ཤིན་ཏུ་དགའ་བཞིན་འདུག
བླ་བྲང་དུ་བཀའ་ཆོས་གསན་པའི་དུས་སྐབས་ཤིག་ལ་ངའི་སློབ་མ་ཞིག་གིས་བུ་མོ་ཞིག་ཁྲིད་ནས་ངའི་སར་ཡོང་། བུ་མོ་དེ་རྐང་བ་འཐེང་ནས་འགྲོ་བཞིན་ཡོད་པས་ངས་ཁྱོད་ཀྱིས་རྐང་བ་ཅི་བྱས་པ་ཡིན་ཞེས་དྲིས། མོས་ཕ་མའི་དགེ་རྩར་ལྷ་སར་རྐང་ཐང་གིས་ཐེངས་ལྔ་ལ་འགྲོ་བར་དམ་བཅས་པ་ཡིན། ཐེངས་གསུམ་པར་རླངས་འཁོར་ཞིག་ལ་ཐུག་བརྒྱབས་ནས་དཔྱི་བཅགས་པས་ཟླ་བ་ལྔ་དྲུག་ཅིག་ལ་ཉལ་བ་ཡིན། ད་ཅུང་བཟང་གི་ཟེར།
ངས་ཁྱོད་ཕ་མའི་དགེ་རྩར་ལྷ་སར་ཐེངས་ལྔར་འགྲོ་བའི་སྤོབས་པ་དེ་ངོ་མ་ལེགས། འོན་ཀྱང་དགེ་བ་བསྒྲུབ་པ་ལ་སྡུག་འདག་དགོས་པ་མིན། ཁྱོད་རླངས་འཁོར་གྱི་ཐུག་བརྒྱབས་པས་འགྱོད་པ་མི་སྐྱེས་ན་ཐང་། མང་བོ་ཞིག་ལ་སྐྱོན་རེ་བྱུང་ན་ལྷ་སར་འགྲོ་བས་འདི་ལྟ་བུ་ཞིག་མི་འབབ་ཅེས་འགྱོད་པ་སྐྱེ་བཞིན་འདུག ལ་ལ་ལྟ་བའང་ལོག་བཞིན་འདུག་ཟེར། ཁྱོད་འགྱོད་པ་མི་སྐྱེས་ནའང་ཁ་ལོ་བ་དེར་དེ་ལས་ལྷག་པའི་གནོད་པ་ཞིག་བྱེད་ཚུལ་མེད། དེར་སྙིང་མ་རྗེ། སྒོར་བསགས་བསགས་པ་དོན་མེད་དུ་ཁྱོད་ཀྱི་སྨན་རིན་སོགས་སུ་བཏང་བ་རེད། ཁྱོད་རྐང་ཐང་གིས་ལྷ་སར་ཐེངས་ལྔ་བར་འགྲོ་བ་ལས། དགེ་བསྙེན་ཕར་ཞོག ཉིན་གཅིག་ལ་བསྙེན་གནས་བསྲུངས་ནས་བླ་བྲང་དགོན་པ་སྐོར་བ་ཐེངས་གཅིག་སོང་ན་ཕན་ཡོན་ཆེ། ད་ཁྱོད་འགྲོའང་མི་ཐུབ་པས་རབ་ཡིན་ན་ཕ་མའི་དགེ་རྩར་དགེ་བསྙེན་བསྒྲུབས་ནས་བླ་བྲང་དགོན་པ་སྐོར་བ་སོང་ཞེས་བཤད་པས། ཡ་ཡ་ངས་དེ་ལྟར་བྱེད་ཟེར།
ལོ་འགའི་སྔོན་ལ་ངའི་སློབ་མ་བུད་མེད་ཅིག་གིས་ཁོ་ཚོས་ཕྱག་འཚལ་ནས་ལྷ་ས་ལ་འགྲོ་རྒྱུ་ཡིན་པས་ཇི་ལྟར་ཕྱག་འཚལ་དགོས་ཟེར།ཨ་ཁུ་གཅིག་དང་སྔགས་པ་གཅིག བུད་མེད་བཞི་ལྔ་ཡོད་ཟེར།ངས་ཁྱོད་བཟའ་ཚང་དང་བྱིས་པས་འགྲོ་རུ་འཇུག་གམ་ཞེས་དྲིས་པས་འཐད་ཀི་ཟེར།
ངས་ཁྱོད་ཚོས་དེ་ལྟར་ཕྱག་འཚལ་ནས་འགྲོ་བ་ལས། དགེ་བསྙེན་བསྒྲུབས་ནས་ལྷ་སར་ཕྱག་གཅིག་འཚལ་ན་ཕན་ཡོན་ཆེ། ཡང་ན་བྱ་ཁྱུང་ལ་ཕྱག་སྐོར་གཅིག་ལོངས། དེ་ནས་སྐུ་འབུམ་དང་། དབུས་སུ་སོང་ནས་པོ་ཏ་ལ་དང་། ཇོ་ཁང་། སེ་འབྲས་དགེ་གསུམ་སོགས་ལ་ཕྱག་སྐོར་ལོངས་དང་། དེ་ལེགས་ཞེས་བཤད།
གོ་ཐོས་ལ་བླ་བྲང་ཕྱོགས་ཀྱི་མི་འགའ་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་གི་མདུན་དུ་སོང་ནས་ཁོ་ཚོས་ཕྱག་འཚལ་ནས་ལྷ་སར་འགྲོ་རྒྱུ་ཞེས་བཤད་པ་ལ། ཁོང་གིས་ཕྱག་འཚལ་ནས་འགྲོ་མི་དགོས། ཡར་མར་གཉིས་ཀར་གནམ་གྲུ་ལས་དབུས་སུ་སོང་ནས་ལྷ་སའི་ཇོ་བོའི་མདུན་དུ་མི་རེས་ཕྱག་འབུམ་ཞེ་ལྔ་རེ་འཚོལ། ཡར་མར་གནམ་གྲུའི་གླ་ངས་སྟེར་ཅེས་སྒོར་ཆིག་སྟོང་ལྔ་བརྒྱ་རེ་གནང་སྐད།
དགེ་བའི་བཤེས་གཉེན་གང་གི་ཐུགས་དགོངས་དེ་ཤིན་ཏུ་ཟབ་པས་དགོས་མེད་ཀྱི་དོན་དག་མི་འབྱུང་བའི་ཆེད་དུ་དེ་ལྟར་མིག་གིས་རིག་ས་ནས་ཕྱག་སྐོར་བྱས་ན་ལེགས་སྙམ། ཆོས་ཀྱི་དོན་དུ་ལུས་དང་སྲོག་གཏོང་ཐུབ་ན་ཡ་མཚན་པ་ཡིན་ཡང་ང་ཚོས་སྐྱེ་བོ་ཕལ་བ་སུས་ཀྱང་རྐྱེན་ངན་དེ་དག་དང་ལེན་བྱ་ཐུབ་པ་ཤིན་ཏུ་དཀོན་ཏེ། རང་ལ་དཔེ་བཞག་ནས་བཤད་ན་ངོ་མ་དེ་ལྟར་ཡིན་ནོ༎
ལོ་འགའི་སྔོན་ལ་དྲ་ལམ་དུ་ལྷ་སར་གདང་ཕྱག་གམ། མཐུད་ཕྱག་འཚལ་ཞེས་སྐུལ་མཁན་མང་ཞིང་མི་མང་བོ་འུར་ལངས་བཞིན་ཡོད་མོད། འགྲིམ་འགྲུལ་ལ་གནོད་པ་ཆེན་པོ་ཐེབས་པས་འབྲེལ་ཡོད་སྡེ་ཁག་གིས་བཀག་པས་ད་ལྟ་གོ་རྒྱུ་མེད་པ་ཞིག་ཏུ་གྱུར་ཡོད། ད་དུང་སྐུལ་མཁན་མང་མོད། དེ་དག་མང་ཆེ་བས་རང་གི་དགོས་མཁོ་ལས་གཞན་ལ་ཅི་ཡང་འདང་བརྒྱག་གིན་མི་འདུག
མདོར་བསྡུས་ན་ལྷ་ས་རྐང་ཐང་ལ་འགྲོ་མཁན་ཚོས་ལུས་དང་སྲོག་འབེན་ལ་བཞག་ནས་རྐང་ཐང་དུ་འགྲོ་བའམ་ཕྱག་འཚལ་ནས་འགྲོ་བ་ལས་མེ་འཁོར་ལས་སོང་ནས་ལྷ་སར་སེ་འབྲས་དགའ་གསུམ་སོགས་རྟེན་འགངས་ཆེན་དག་ལ་དངོས་སུ་ཕྱག་སྐོར་བྱས་ནས་ཐུགས་སྨོན་ལེགས་པོ་འདེབས་པ་ལེགས་ཞེས་པ་ཡིན་ཏེ། ཆོས་ལ་སེམས་པ་གལ་ཆེ་བ་ལས་སྡུག་ཆེན་པོ་མྱང་མ་མྱངས་ལ་ལྟོས་པ་མེད་དོ༎ལྷག་པར་དགེ་སྐུལ་བྱེད་མཁན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་གྱིས་ཀྱང་གཞན་གྱི་ལུས་སྲོག་ལ་གནོད་པའི་དགེ་སྐུལ་མི་བྱེད་པར་བློ་གྲོས་ལྡན་པའི་དགེ་སྐུལ་ཏེ། རང་གཞན་གཉིས་ཀར་ཕན་པའི་དགེ་སྐུལ་བྱེད་པ་གལ་ཆེ།
དཔེར་ན་རྭ་རྒྱའི་ཨ་ལགས་གཙོ་རུས་རྭ་རྒྱ་ནས་རྨ་ཆེན་གངས་སྐོར་དུ་ཕྱག་འཚལ་རྒྱུ་ཟེར་བ་འགའ་ལ། ཁྱོད་ཚོས་དེ་ལྟར་བྱེད་མི་དགོས། སོང་ནས་སྐུ་འབུམ་དགོན་ལ་ཕྱག་སྐོར་ལོངས་ཞེས་གསུངས་པ་ཐོས་ཏེ། དེ་ཙམ་ལས་ཁོང་གི་རྣམ་དཔྱོད་ཡངས་ཤིང་ཕན་སེམས་ཆེ་བ་དེ་ཤེས་ཐུབ་པ་མ་ཡིན་ནམ།
རྔ་བའི་སྤྲུལ་སྐུ་ཞིག་གིས་དེའི་སྐོར་གྱི་ཞལ་བརྡ་མང་བོ་གནང་ཞིང་།ཁྱོད་ལ་དེའི་སྐོར་ལ་བསམ་ཚུལ་ཅི་ཞིག་ཡོད་དམ་ཞེས་དྲིས་པས་རྩོམ་ཡིག་འདི་ཉིད་བྲིས་པ་ཡིན་ནོ༎
2025ལོའི་ཟླ་དང་བོར་བྲིས།
